༄༅།།ཚད་མ་རིགས་གཏེར་གྱི་རབ་བྱེད་དང་པོའི་ཚིག་དོན་གསལ་བྱེད་རིག་པའི་རྒྱན་ཞེས་བྱ་བ་བཞུགས་སོ།།

དབང་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ་ལས་དྲངས། སྤེལ་དུས། 04-26


དྲི་མེད་རྡུལ་བྲལ་ཡེ་ཤེས་ལུས་གྲིམ་མཁྱེན་གཉིས་ཨུཏྤལ་བཞད་པའི་དཔལ། །

དྲང་སྲོང་སྨྲ་བའི་ཞལ་གྱི་པདྨོ་ཆུ་སྐྱེས་དགོད་པའི་རྣམ་འཕྲུལ་ལས། །

ཕན་བདེའི་ཟིལ་མངར་རྟག་ཁྱབ་འཛག་པའི་ཕྲིན་ལས་བྱེ་བའི་གཟི་བྱིན་གྱིས། །

གདུལ་བྱའི་སྐྱེད་ཚལ་མ་ལུས་རྒྱས་མཛད་སྟོན་པ་ཚད་མའི་སྐྱེས་དེར་འདུད།

དངོས་སྟོབས་རིགས་པ་འབུམ་གྱིས་གཏེར་མངའ་ཡང་དག་ལུང་གི་བསྔགས་པ་ཡིས།།

བྲམ་ཟེ་དཔའ་བོའི་གཟུགས་ཀྱིས་བསྙེམས་པའི་རྟོག་གེའི་གསང་ཚིག་མདུད་རྒྱ་བཀྲོལ།།

རིག་པའི་མེ་ཆར་དྲག་ཏུ་བསྙིལ་བས་ཕས་རྒོལ་གླང་པོའི་ཀླད་པ་འགེམས།།

མཁྱེན་རབ་བདུད་རྩི་སྙིང་ལ་སིམ་པའི་ཕྱོགས་གླང་ཆོས་གྲགས་རྣམ་གཉིས་དད།

བརྩེ་ཆེན་ཟླ་དཀར་གདུལ་བྱའི་ཡིད་མཁར་རུ། །

མཁྱེན་རབ་བདུད་རྩིའི་བསིལ་ཟེར་སྤྲོས་དང་ལྷན། །

མཚན་དཔེའི་དཀྱིལ་འཁོར་ཆ་ཤས་ཡོངས་རྫོགས་པའི། །

རིགས་གསུམ་རྣམ་འཕྲུལ་ས་སྐྱའི་འཇམ་མགོན་རྒྱལ། །

རྨད་བྱུང་རྣམ་དཔྱོད་པད་དཀར་འཛུམ་ཟེར་ལས། །

ཐོས་བརྩོན་རིག་པའི་ཟེའུ་ཕྲེང་ཚར་མངར་བ། །

གསུང་རབ་པདྨོ་རྒྱས་པའི་དགའ་ཚལ་དུ། །

རིག་པའི་འདབ་སྟོང་རྣམ་དཔྱོད་རྒྱན་དུ་བཞད །  །

དེ་ཡང་སློབ་དཔོན་དབྱིག་གཉེན་གྱིས། བསྟན་བཅོས་བྱེད་པོའི་སྟོན་པ་ལ། །མཆོད་པ་བརྗོད་པར་འབྲས་མེད་མིན། །སྟོན་པ་དང་ནི་བསྟན་བཅོས་ལ། །དད་དང་འདུན་པར་སྐྱེད་ཕྱིར་རོ།།ཞེས་གསུངས་པ་ལྟར་མཆོད་པ་བརྗོད་པའི་མེ་ཏོག་སིལ་མའི་ཆར་ཅུང་ཟད་སྙིལ་ནས་འདིར་གང་གླེང་བར་བྱ་བ་ནི་འཇམ་མགོན་ས་སྐྱ་པཎྜི་ཏས་མཛད་པའི་སྡེ་བདུན་མདོ་དང་བཅས་པའི་དགོངས་དོན་ཕྱིན་ཅིང་མ་ལོག་པ་ཚད་མ་རིགས་པའི་གཏེར་ཞེས་བྱ་བའི་བསྟན་བཅོས་རབ་བྱེད་བཅུ་གཅིག་གི་བདག་ཉིད་ཅན་དེ་ཉིད།  ལས་དང་པོ་པའི་བློ་ངོར་འཆར་བདེ་བར་བྱེད་པའི་ཐབས་སུ་ཡུལ་བརྟག་པའི་རབ་བྱེད་བརྩམས་ཏེ་ཚིག་དོན་གསལ་བར་བྱེད་པ་རིག་པའི་རྒྱན་ཞེས་བྱ་བ་འདི་ཉིད་འཆད་པ་བྱེད་པ་ལ། ཐོག་མར་རྒྱ་གར་འཕགས་པའི་ཡུལ་དུ་ཚད་མ་རིགས་པའི་གཞུང་ཇི་ལྟར་བྱུང་ཚུལ་དང་། བོད་གངས་ཅན་གྱི་ལྗོངས་སུ་ཚད་མའི་འཆད་ཉན་གྱི་སྲོལ་ཇི་ལྟར་བྱུང་བ་གཉིས་ལས།  དང་པོ་རྒྱ་གར་འཕགས་པའི་ཡུལ་དུ་ཚད་མའི་རིག་གཞུང་གི་སྲོལ་ཇི་ལྟར་བྱུང་བ་གཉིས་ལས།  སྤྱིར་རྟོག་གེའམ་ཚད་མ་ཞེས་པ་དེ་ནི་ཕྱི་ནང་ཐུན་མོང་གི་རིག་པ་ཞིག་ཡིན་ལ།   དེ་ལས་ནང་པ་སངས་རྒྱས་པའི་སྐབས་སུ་ཚད་མའི་བསྟན་བཅོས་ཀྱི་ནང་དུ་སངས་རྒྱས་ཀྱི་བཀའ་ཡར་ཕུད་འཕྲོས་སྔ་ཤོས་དེ་བསྟན་བཅོས་སྔ་རྒོལ་ཡིན་ཟེར་ནས་བཤད་སྲོལ་ཡོད་པས།  དེ་ནས་ཐོག་མར་དགྲ་བཅོམ་པ་འཆོས་སྐྱབས་ཀྱིས་བསྟན་བཅོས་སྨྲ་བའི་སྒོ་ཞེས་པ་ཞིག་མཛད་པ་གྲགས་ལ་དེའི་འོག་ཏུ་སློབ་དཔོན་དབྱིག་གཉེན་གྱིས་བརྩོད་སྒྲུབ་ཅེས་པའི་ཚད་མའི་བསྟན་བཅོས་ཤིག་མཛད་ཡོད་པར་གྲགས་ཀྱང་དེ་ལ་ཟུར་ཟ་མཛད་ནས་ཁ་གཅིག་གིས་བརྩོད་སྒྲུབ་སློབ་དཔོན་གྱིས་མ་ཡིན།  ངེས་པར་སྙིང་པོ་མེད་པར་དགོས་གསུང་པའི་དོན་ལ་དོགས་གཞི་མཛད་ཀྱང་།  བརྩོད་སྒྲུབ་སློབ་དཔོན་གྱིས་མ་ཡིན་གསུང་རྒྱུ་དེ་སློབ་དཔོན་དབྱིག་གཉེན་དེ་དང་པོ་བྱེ་བྲག་སྨྲ་བའི་གྲུབ་མཐའ་ལ་གནས་པའི་སྐབས་བརྩོད་སྒྲུབ་དེ་བརྩམས་པ་ཡིན་ལ།  དེ་ནས་རིག་པ་ན་སོན་ཏེ་སེམས་ཙམ་པའི་གྲུབ་མཐའ་ལ་ཞུགས་པའི་ཚེ་ན་ཁོང་གིས་བརྩམས་པའི་བསྟན་བཅོས་དེའི་བརྗོད་བྱ་དོད་ཀྱི་མི་བྱེད་ཁས་མི་ལེན་པར་རྒྱུ་མཚན་དེའི་ཕྱིར་ན་བརྩོད་སྒྲུབ་སློབ་དཔོན་གྱིས་མ་ཡིན་ཞེས་པའི་དོན་ཡིན་པ་ལས་དབྱིག་གཉེན་གྱིས་གསུང་མ་ཡིན་ཞེས་པ་ནི་མིན་ནོ།   དེ་ནས་སློབ་དཔོན་དབྱིག་གཉེན་དེ་ལའང་རང་མཁས་ཀྱི་སློབ་མ་བཞིའི་ནང་ནས་ཚད་མ་རང་ལ་མཁས་པ་དཔལ་ཕྱོགས་ཀྱི་གླང་པོ་ཞེས་ཚད་མའི་ཕྱོགས་ནས་སློབ་དཔོན་དབྱིག་གཉེན་ལས་ཀྱང་ཆེས་ཆེར་མཁས་པ་གྲགས་ལ།   སློབ་དཔོན་ཕྱོགས་ཀྱི་གླང་པོ་དེས་དང་པོ་གནས་མིན་འཛིན་པ་བརྗོད་པའི་མཁན་པོ་ཞིག་བསྟེན་ནས་རབ་ཏུ་བྱུང་སྟེ་དེའི་དྲུང་ཆོས་གསན་པའི་ཚེ་ན་བརྗོད་དུ་མེད་པའི་བདག་ལ་སོགས་པ་ལྟ་བ་བསྟན་པ་ལ་ཁོང་གིས་བློས་མ་ཐུབ་ནས་ཟུར་ཟ་མཛད་པ་ལ་མཁན་པོ་ཐུགས་མ་དགྱེས་ནས་རང་གཉིས་བརྩོད་པ་བྱའོ་ཞེས་གསུང་པ་ན།  ཕྱོགས་གླང་གི་དགོངས་པ་ལ་སློབ་མས་སློབ་དཔོན་ཚར་བཅད་ཀྱང་མི་ནུས།  གལ་སྲིད་ནུས་ཀྱང་སློབ་མས་སློབ་དཔོན་ཚར་གཅོད་པར་འོས་མ་ཡིན་དགོངས་ནས་བྲོས་སོང་བ་ཡིན་གསུང་། དེ་ནས་རྗེས་སུ་ཁོང་གིས་དམིགས་པ་བཏགས་པ་ལ་སོགས་པའི་ཚད་མའི་བསྟན་བཅོས་ཐོར་བུ་བ་བརྒྱ་རྩ་བརྒྱད་བརྩམས་པ་གྲགས་ལ།  དེའི་ནང་ད་ལྟ་དགུ་བོད་དུ་འགྱུར་ནས་བསྟན་བཅོས་ཀྱི་ཁྲོད་དུ་བཞུགས་ཡོད་པ་ཡིན་ལ།  དེ་ནས་ཁོང་གིས་བསྟན་བཅོས་ཐོར་བུ་བ་རྣམས་ཚུར་བསྡུས་ནས་དེ་དག་བརྗོད་བྱ་ལུས་ཡོངས་རྫོགས་ཀྱི་བསྟན་བཅོས་ཤིག་མ་ཡིན་པར་དགོངས་ནས་བརྗོད་བྱ་ལུས་ཡོངས་རྫོགས་ཀྱི་བསྟན་བཅོས་ཤིག་བརྩམ་པར་བཞེད་ནས་ཐོག་མར་མཆོད་བརྫོད་ཀྱི་དབུ་ལ།   ཚད་མ་གྱུར་པ་འགྲོ་ལ་ཕན་བཞེད་དེ། །སྟོན་པ་བདེ་གཤེགས་སྐྱབས་ལ་ཕྱག་འཚལ་ནས། །ཚད་མ་བསྒྲུབ་ཕྱིར་རང་གི་བསྟན་བཅོས་ལས། །བསྡུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ། ། ཞེས་པའི་མཆོད་བརྗོད་དེ་ཁོང་གིས་བཞུགས་སའི་བྲག་ཕུག་གི་ལོགས་སུ་སོལ་བས་བྲིས་པ་ན། ས་གཡོས་པ་དང་འོད་འབྱིན་པ་མུ་སྟེགས་པ་རྣམས་ཀྱིས་བྱིན་པ་ལེན་པ་སོགས་བལྟས་སྣ་ཚོགས་བྱུང་བ་ལ།  མུ་སྟེགས་བྱེད་ཀྱི་མངོན་ཤེས་ཀྱིས་བརྟགས་པ་ན་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚད་མའི་བསྟན་བཅོས་ཤིག་རྩོམ་པ་ལ་དེའི་ལྟས་དེ་དག་བྱུང་བར་ཤེས་ཏེ།  ཕྲག་དོག་གིས་མ་བཟོད་པར་སློབ་དཔོན་ཕྱོགས་གླང་གསོན་སྙོམས་སུ་གཤེགས་ཤུལ་འོང་ནས་བྲག་ཕུག་གི་ངོས་སུ་བྲིས་པའི་མཆོད་བརྗོད་དེ་བསུབས་ནས་སོང་བ་དང་།  སློབ་དཔོན་ཕྱོགས་གླང་ཕྱིར་བསླེབས་པ་དང་།  ཡང་ཕྱི་ཉིན་སྔར་བཞིན་བྲིས་ནས་གསོན་སྙོམས་བྱོན་ཏེ་ཕྱིར་སླེབས་པ་ན་དེ་འདྲ་བ་ཉིན་མང་པོར་བསུབས་པའི་ཚེ།  ཉིན་ཞིག་ཁོང་གསོན་སྙོམས་འབྱོན་ཁར་མཆོད་བརྗོད་ཀྱི་འོག་ཏུ་འདི་ལ་མི་འཐད་པ་མཐོང་ནས་བསུབས་པ་ཡིན་ན་གཟུགས་དངོས་སུ་སྟོན་ཤོག་དང་ལྷན་དུ་བརྩད་པ་བྱ་ཆོག་དེ་མིན་བ་གླང་རྫི་དང་རྩྭ་འཐུ་བ་སོགས་ཀྱི་བསུབས་པ་ཡིན་ན་བསུབ་མ་བཞག་འདི་ལ་དོན་ཆེན་པོ་དང་དགོས་པ་ཆེན་པོ་ཡོད། ཅེས་བྲིས་ནས་སློབ་དཔོན་ཕྱོགས་གླང་གསོན་སྙོམས་གཤེགས་ཏེ་ཕྱིར་སླེབ་པ་ན་མུ་སྟེགས་ཐུབ་རྒྱལ་ནག་པོའི་གཟུགས་དངོས་སུ་བསྟན་ནས་ཕྱོགས་གླང་བཞུགས་སའི་བྲག་ཕུག་ན་འདུག་ཡོད་པས།  ཁོང་གཉིས་ཀྱིས་གྲུབ་མཐའ་དམ་དུ་བཅས་ནས་བརྩོད་པས་ཕྱོགས་གླང་རྒྱལ་བ་ན།   ཕྱི་རོལ་མུ་སྟེགས་བྱེད་ནང་པའི་གྲུབ་མཐར་ཞུགས་མ་འདོད་པར་ཁ་ནས་རིག་སྔགས་ཀྱི་མེ་ཞིག་ཕྱུང་བ་ལས་ཕྱོགས་གླང་གིས་སྨ་ར་དང་སྨིན་མ་དབུ་སྐྲ་ཐམས་ཅད་མེས་བསྲེགས་པ་མ་ཚད་ཕྱི་རོལ་བྲག་ཕུགས་གི་ལོགས་སུ་ཡོད་པའི་རྩི་ཤིང་ནགས་ཚལ་དང་བཅས་པ་བསྲེགས་ནས་ནམ་མཁའ་ལ་འཕུར་བ་ན་ཕྱོགས་གླང་གི་དགོངས་པ་ལ་འདི་ལྟ་བུའི་སེམས་ཅན་གཅིག་གི་དོན་བྱེད་མི་ནུས་ན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་ག་ལ་ནུས་སྙམ་ཏེ་ད་ནི་ཐེག་པ་ཆེན་པོའི་སེམས་བསྐྱེད་བཏང་སྟེ་ཉན་རང་གི་ས་ལ་སེམས་བསྐྱེད་པ་བགྱིའོ་སྙམ་ནས་ཁོང་གི་རི་མོ་འབྲི་སྣོད་ཀྱི་སཾ་ཌ་དེ་ནམ་མཁར་འཕང་ནས་འདི་ནམ་མཁའ་ལ་ཡོད་པའི་ཚེ་ང་བྱང་ཆུབ་སེམས་དཔའ་ཡིན།  འདི་ས་ལ་ལྷུང་མ་ཐག་ང་ཉན་ཐོས་ཡིན་ཟེར་ནས་སཾ་ཌ་ནམ་མཁར་འཕངས་ནས་བཞུགས་པ་ན་སཾ་ཌ་ས་ལ་ལྷུང་རྒྱུ་མ་བྱུང་བར་གཅིག་ལྟས་པས་ནམ་མཁའ་ནས་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་སཾ་ཌ་དེ་བར་སྣང་ནས་བཟུང་ཞིང་ཁྱེད་ཀྱིས་དེ་འདྲ་ཡིད་ཆེས་བྱ་མི་དགོས་ཁྱེད་ཀྱིས་ཚད་མའི་བསྟན་བཅོས་ཤིག་བརྩམ་པར་གྱིས་དང་མ་འོངས་པ་ན་ཚད་མའི་བསྟན་བཅོས་ཐམས་ཅད་ཀྱི་མིག་ལྟ་བུ་ཞིག་འགྱུར་བ་ཡིན་ཞེས་ལུང་བསྟན་དང་དབུགས་དབྱུང་གནང་པར་རྟེན།  ཁོང་གི་ཚད་མ་ཀུན་བཏུས་ཀྱི་བསྟན་བཅོས་དེ་བརྩམས་པ་གྲགས་ལ།   དེ་ནས་སློབ་དཔོན་ཕྱོགས་གླང་གི་སློབ་མ་དབང་ཕྱུག་སྡེ་དང་།  དབང་ཕྱུག་སྡེའི་སློབ་མ་དཔལ་ཆོས་ཀྱི་གྲགས་པ་ཡིན་ལ་དཔལ་ཆོས་ཀྱི་གྲགས་པས་སློབ་དཔོན་དབང་ཕྱུག་སྡེའི་དྲུང་དུ་ཚད་མ་ཀུན་བཏུས་ལན་གསུམ་གསན་པ་གྲགས་ལ།  ལན་དང་པོ་གསན་སྐབས་སློབ་དཔོན་དབང་ཕྱུག་སྡེ་དང་མཉམ།  ལན་གཉིས་པ་གསན་སྐབས་དཔལ་ཕྱོགས་ཀྱི་གླང་པོའི་དགོངས་པ་ཇི་ལྟར་བ་བཞིན་ལོན།  ལན་གསུམ་པའི་སྐབས་སློབ་དཔོན་དབང་ཕྱུག་སྡེས་བཤད་སྲོལ་ཁ་ཅིག་ཀྱང་ཕྱོགས་གླང་གི་དགོངས་པ་མ་ཡིན་པ་ནོར་འཁྲུལ་ཅན་ཡིན་པ་གཟིགས་ནས་སློབ་དཔོན་དབང་ཕྱུག་སྡེ་ལ་ཁོང་གིས་གོ་བ་དེ་ལྟར་ཡིན་ཞེས་ཞུས་པ་ན་སློབ་དཔོན་དབང་ཕྱུག་སྡེས་ང་ལས་ཀྱང་ཚད་མར་ཁྱེད་མཁས་ཤིང་ཁྱེད་ནི་ངའི་སློབ་དཔོན་དཔལ་ཕྱོགས་ཀྱི་གླང་པོ་དང་མཉམ་པ་ན་ངས་དཔལ་ཕྱོགས་ཀྱི་གླང་པོའི་དགོངས་པ་མ་ལོན་པའི་ཆ་དེ་དག་ཕྱོགས་སྔ་བྱས་ནས་ཁྱེད་ཀྱིས་ཚད་མའི་བསྟན་བཅོས་ཤིག་བརྩམ་པར་གྱིས་གསུང་པས་ཁོང་གིས་ཚད་མ་ཀུན་བཏུས་ཀྱི་དོན་གྱི་དགོངས་འགྲེལ་ཚད་མ་སྡེ་བདུན་ཞེས་པ་དེ་བརྩམས་པ་ན་།  སྡེ་བདུན་གྱི་ནང་ནས་བོད་སྔ་རབས་པ་རྣམས་ཀྱིས་བཤད་སྲོལ་ལ་རྣམ་འགྲེལ་དང་རྣམ་ངེས་རིག་ཐིགས་གསུམ་ནི་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་དང་།  དེ་མིན་བཞི་དེ་གྱེས་པ་ཡན་ལག་ལྟ་བུའི་བསྟན་བཅོས་ཡིན་ཞེས་བཤད་ཀྱང་།   ཆོས་རྗེ་ས་སྐྱ་པཎྜི་ཏའི་ལུགས་ལ་ཚད་མ་རྣམ་འགྲེལ་ནི་རྩ་བ་ལྟ་བུའི་བསྟན་བཅོས་དང་།  གཞན་དྲུག་དེ་འབྲེལ་པ་ལྟ་བུའི་བསྟན་བཅོས་ཡིན་ཞེས་གསུང་ལ།  གང་ལྟར་ཡང་དཔལ་ཆོས་ཀྱི་གྲགས་པས་ཚད་མ་ཀུན་བཏུས་ཀྱི་དགོངས་འགྲེལ་རྣམ་འགྲེལ་རྣམ་ངེས་རིགས་ཐིགས།  གཏན་ཚིག་ཐིགས་པ།  འགྲེལ་པ་བརྟགས་པ།  རྒྱུད་གཞན་གྲུབ་པ།  རྩོད་པའི་རིགས་པ་ཞེས་ཚད་མ་སྡེ་བདུན་བརྩམས་པ་ཡིན་ལ།   དེའི་རྗེས་སུ་སློབ་དཔོན་ཆོས་མཆོག་ལ་སོགས་པས་སྡེ་བདུན་མདོ་དང་བཅས་པ་ལ་ལྟོས་པའི་ཚད་མའི་བསྟན་བཅོས་མང་པོ་ཞིག་བརྩམས་པ་དང་།  སྡེ་བདུན་མདོ་དང་བཅས་པ་ལ་མ་ལྟོས་པའི་ཚད་མའི་བསྟན་བཅོས་ཐོར་བུ་བ་སོགས་མང་པོ་ཞིག་བརྩམས་པ་དེའི་ནང་དུ་མཁན་ཆེན་ཞི་བ་འཚོས་ཚད་མའི་དེ་ཁོ་ཉིད་བསྡུས་པ་ཞེས་པ་དེ་ཡང་ཚད་མ་སྡེ་བདུན་ལ་མ་ལྟོས་པའི་ཚད་མའི་བསྟན་བཅོས་ཤིག་ཡིན་ལ།  དེའི་དགོངས་འགྲེལ་ཀ་མ་ལ་ཤཱི་ལས་མཛད་པ་དེ་ཡང་ད་ལྟ་བསྟན་བཅོས་ཀྱི་ཁྲོད་དུ་བཞུགས་ཡོད་ཅིང་།   དེ་ལྟར་རྒྱ་གར་འཕགས་པའི་ཡུལ་དུ་ནང་པ་སངས་རྒྱས་པའི་དབང་དུ་བྱས་ནས་གཏན་ཚིག་རིགས་པའི་བསྟན་བཅོས་དང་ཡིག་ཆ་མང་པོ་ཞིག་བྱུང་བ་ཡིན་ལ།  གཏན་ཚིག་རིགས་པ་འདི་གཙོ་ཆེ་བ་མདོ་སྡེ་པ་དང་སེམས་ཙམ་པ་གཉིས་ཀྱི་གྲུབ་མཐའི་དབང་དུ་གཞི་བཞག་བྱས་ནས་གསུངས་པ་ཞིག་ཡིན་ནོ།  དེ་ནས་བོད་གངས་ཅན་གྱི་ལྗོངས་སུ་གཏན་ཚིག་རིགས་པ་འདི་ཇི་ལྟར་བྱུང་བ་ཡིན་ཞེ་ན།  སྔོན་གྱི་དུས་སུ་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུ་རིང་དུ་ལོ་ཙཱ་བ་ཀ་ཅོག་ཞང་གསུམ་སོགས་ཀྱིས་རྒྱ་གར་འཕགས་པའི་ཡུལ་གྱི་ཚད་མ་སྡེ་བདུན་མདོ་དང་བཅས་པ་བོད་སྐད་དུ་བསྒྱུར་ཏེ་འཆད་ཉན་གྱི་སྒོ་ནས་གཏན་ལ་ཕབ་པ་དང་།   དེས་མ་ཚད་མཁན་ཆེན་ཞི་འཚོ་ལ་སོགས་པས་བརྩམས་པའི་ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་བཤད་སྲོལ་ཡང་བོད་གངས་ཅན་གྱི་ལྗོངས་སུ་བཙུགས་པ་སོགས་ཚད་མའི་བསྟན་བཅོས་འཆད་ཉན་སྤེལ་གསུམ་གྱི་སྒོ་ནས་དར་ཁྱབ་ཆེན་པོ་ཞིག་བྱུང་ཡོད་པ་གྲགས་ནའང་།  གླང་དར་མས་བསྟན་པ་བསྣུབས་རྗེས་སྔོན་གྱི་ཚད་མའི་བཤད་རྒྱུན་དེ་དག་ཡིག་ཆ་ཙམ་མ་གཏོགས་འཆད་ཁྲིད་ཀྱི་སྲོལ་ནུབ་ནས་ཆད་སོང་བ་གྲགས་ལ།  ཕྱིས་སུ་མཁས་པ་ཕལ་མོ་ཆེ་རྣམས་ཀྱིས་སྔོན་གྱི་དུས་སུ་ཚད་མ་སྡེ་བདུན་མདོ་དང་བཅས་པ་བོད་སྐད་དུ་བསྒྱུར་ཡོད་པ་དང་དེ་དག་གི་བཤད་སྲོལ་བོད་ལ་བཙུགས་ཡོད་པ་དེ་འདྲ་ཙམ་ཡང་བསྟན་བཅོས་དག་གི་སྐབས་སུ་མི་དགོངས་བ་ཡིན་པ་དང་ཡང་ན་ཕྱོགས་ལྷུང་གི་སྒོ་ནས་མ་བྲིས་པ་སོགས་གང་ལྟར་ཡིན་མོད།  འོན་ཀྱང་གཟུར་གནས་ཀྱི་མཁས་པ་མང་པོ་ཞིག་གི་སྐབས་དེར་སྡེ་བདུན་མདོ་དང་བཅས་པ་བསྒྱུར་ནས་བཤད་སྲོལ་བཙུགས་ཡོད་ཀྱང་ཕྱིས་སུ་གླང་དར་གྱིས་བསྟན་པ་བསྣུབས་རྗེས་དེ་དག་གི་བཤད་རྒྱུན་ཆད་སོང་བ་རེད་ཅེས་གསུངས།  གང་ལྟར་ཡང་སྐབས་དེའི་བཤད་རྒྱུན་བཞུགས་མེད་པ་ཡིན་ལ།  དེའི་འོག་ཏུ་བསྟན་པ་ཕྱི་དར་གྱི་དུས་སུ་ལོ་ཆེན་རིན་ཆེན་བཟང་པོ་དང་རྔོག་ལེགས་པའི་ཤེས་རབ་སོགས་ལོ་ཙཱ་བ་མང་པོ་ཞིག་གསོ་སྐྱོང་བྱས་ཏེ་རྒྱ་གར་འཕགས་པའི་ཡུལ་དུ་བཏང་ནའང་རིན་ཆེན་བཟང་པོ་དང་ལེགས་པའི་ཤེས་རབ་གཉིས་མ་གཏོགས་ཚད་པ་མ་ཐུབ་ནས་ལམ་དུ་གྲོངས་སོང་བ་ཡིན་ཟེར་ནས་བཤད་སྲོལ་ཡོད་ལ།   དེའི་ནང་རྔོག་ལེགས་པའི་ཤེས་རབ་ཀྱིས་སྐབས་དེར་ཚད་མ་སྡེ་བདུན་མདོ་དང་བཅས་པ་བོད་སྐད་དུ་བསྒྱུར་ནས་དེ་དག་གི་བཤད་སྲོལ་བཙུགས་ཏེ་གསང་ཕུ་ནེའུ་ཐོག་གི་གདན་ས་བ་བར་མ་ཆད་པ་བྱུང་བའི་ནང་རིག་པའི་དབང་ཕྱུག་ཕྱྭ་པ་ཆོས་ཀྱི་སེང་གེ་ཞེས་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བའི་མཁས་པའི་སྐྱེས་བུ་ཆེན་པོ་དེ་ཡིས་ཚད་མ་སྡེ་བདུན་མདོ་དང་བཅས་པའི་བཤད་སྲོལ་བཙུགས་པ་མ་ཚད་བསྡུས་གྲྭའི་རིགས་ལམ་རྣམ་བཞག་གི་གཞུང་འཛུགས་པར་མཛད་ཡོད་ཅེས་དགེ་ལུགས་པའི་ཡིག་ཆ་རྣམས་ལས་གསུངས་པ་ལྟར་རྗེས་འཇུག་གི་སློབ་མ་ཡང་རིག་པའི་སེང་ཆེན་བརྒྱད་སོགས་མང་ཙམ་བྱུང་བ་གྲགས་ལ།  འོན་ཀྱང་གོ་རམས་པའི་ཡིག་ཆ་རྣམས་ལས་ཕྱྭ་པ་ཆོས་སེང་དང་ཁོང་གི་སློབ་མ་རིགས་པའི་སེང་ཆེན་བརྒྱད་སོགས་ཀྱིས་ཚད་མ་རྣམ་ངེས་འཆད་ཉན་གྱི་བཤད་སྲོལ་རྒྱ་ཆེན་པོ་ཞིག་མཛད་པ་སྣང་མ་གཏོགས་རྣམ་འགྲེལ་སོགས་དེ་ཙམ་གྱི་དར་ཁྱབ་མ་བྱུང་བ་འདྲ་ཞེས་གསུང་ཡོད།   གང་ལྟར་ཡང་སྐབས་དེར་བོད་གངས་ཅན་གྱི་ལྗོངས་སུ་སྡེ་བདུན་མདོ་དང་བཅས་པའི་བཤད་རྒྱུན་བཞུགས་ཡོད་པར་ཡིན་ལ།  དེའི་འོག་ཏུ་དགེ་ལུགས་པའི་ཡིག་ཆ་རྣམས་སུ་བཤད་སྲོལ་ལྟར་ན་ཕྱྭ་པ་ཆོས་སེང་གི་སློབ་མ་རིགས་པའི་སེང་ཆེན་བརྒྱད་ཀྱི་ཡ་གྱལ་རྨ་བྱ་བ་བརྩོན་འགྲུས་སེངྒེའི་དྲུང་ཆོས་རྗེ་ས་སྐྱ་པཎྜི་ཏས་ཚད་མ་སྡེ་བདུན་མདོ་དང་བཅས་པ་གསན་ཡོད་པ་ཡིན་ཞེས་གསུང་མོད།  ཀུན་མཁྱེན་གོ་རམས་པའི་གསུང་ལྟར་ན་རིག་པའི་སེང་ཆེན་བརྒྱད་ཀྱི་ཡ་གྱལ་ཚུལ་སྟོན་གཞོན་ནུ་སེང་གེའི་སྒྲོས་འཛིན་པའི་རྩེགས་སྟོན་དབང་ཕྱུག་སེང་གེའི་དྲུང་ཚད་མ་རྣམ་ངེས་ཀྱི་གཞུང་དེ་གསན་ཞེས་གསུང་པ་དང་།   དེ་ནས་སྐབས་དེར་བོད་སྔ་རབས་པའི་བཤད་སྲོལ་ལ་ཨུཏྤལ་ལྟ་བུ་ཞིག་ལ་མཚོན་ན།  ཨུཏྤལ་མ་ཡིན་པ་ལས་ལོག་པའི་ལྡོག་པ།  མེ་ཏོག་མ་ཡིན་པ་ལས་ལོག་པའི་ལྡོག་པ།  སྔོན་པོ་མ་ཡིན་པ་ལས་ལོག་པའི་ལྡོག་པ།  བྱས་པའི་ལྡོག་པ་དང་མི་རྟག་པའི་ལྡོག་པ་ཨུཏྤལ་གྱི་ལྡོག་པ་སོགས་ལྡོག་པར་ཤྭ་མོང་གི་སུལ་བཞིན་དུ་དོན་ལ་ཐ་དད་པ་ཡོད་ཅེས་དང་། སྔོ་མ་ཡིན་པ་ལས་ལོག་པའི་སྔོ་ཙམ་ཞེས་པ་ལ་སོགས་པ་དེ་འདྲ་མང་པོ་ཞིག་བཤད་སྲོལ་ཡོད་པ་དེ་ཆོས་རྗེ་ས་སྐྱ་པཎྜི་ཏས་གསན་པའི་གནས་སྐབས་སུ་རྒྱ་གར་འཕགས་པའི་ཡུལ་དུ་བཤད་སྲོལ་འདི་འདྲ་ཞིག་ཡིན་གྱི་མ་རེད་སྙམ་པའི་དགོངས་པ་ཞིག་ཐུགས་ལ་འཁྲུངས་ཡོད་པ་བཞེད་ལ།  དེ་ནས་མང་ཡུལ་སྐྱིད་གྲོང་འཕགས་པ་ཝ་ཏིའི་གཙུག་ལག་ཁང་དང་འདབས་འབྱོར་བའི་ཚོང་དུས་ན་བཞུགས་པའི་ཚེ་ན་མུ་སྟེགས་སྟོན་པ་འཕྲོགས་བྱེད་དགའ་བོ་སོགས་བརྩོད་པས་ཚར་བཅད་ནས་རྗེས་སུ་བཟུང་བ་དང་།  གཙང་ཆུ་མིག་རིང་མོ་ནས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་བྷ་དྲ་དང་སུ་ག་ཏཱ་ཤྲི་སོགས་པཎྜི་ཏ་མང་པོ་ཞིག་དང་ལྷན་གཅིག་ཏུ་མཇལ་ཏེ་དེའི་སྐབས་སུ་ཚད་མ་རྣམ་ངེས་སོགས་ཚད་མའི་ཆོས་སྐོར་མང་པོ་ཞིག་གསན་ནས་སྐབས་དེར་ཁ་ཆེ་པཎ་ཆེན་གྱིས་ཚད་མ་ཆོས་མཆོག་རྒྱ་དཔེའི་སྟེང་ལེགས་སྦྱར་གྱི་སྐད་ཀྱི་ཐོག་འཆད་ཁྲིད་གནང་བཞིན་ཡོད་པས་སློབ་མ་རྣམས་ཀྱིས་ཀྱང་རྒྱ་དཔེའི་སྟེང་སྦྱོང་བར་མཛད་པར་གསུངས་ཀྱང་།  ཆོས་རྗེ་ས་པཎ་གྱིས་ཆོས་མཆོག་འགྱུར་ཟིན་པའི་བོད་དཔེ་ཞིག་ལ་གཟིགས་ནས་གསན་པར་ཁ་ཆེ་པཎ་ཆེན་འཁོར་སློབ་མ་རྣམས་ཀྱིས་ཆོས་རྗེ་ས་པཎ་ལ་ལྟ་བཞིན་གཞད་གད་བྱེད་པ་དང་།  ཁ་ཆེ་པཎ་ཆེན་གྱིས་ཁྱེད་ཚོ་གཞད་གད་ཀྱི་དོན་གང་ཡིན་གསུང་པས་སློབ་མ་དེ་དག་གི་ཆོས་མཆོག་རྒྱ་དཔེའི་སྟེང་ནས་ཁྲིད་པ་ལ་ས་སྐྱ་པ་འདིས་རྒྱ་དཔེ་མ་མཁྱེན་པར་བོད་དཔེ་ཞིག་བཀྲམས་ནས་གཟིགས་བཞིན་ལགས་པས་དེ་ལྟར་ཡིན་ཞུས་པས།  ཁ་ཆེ་པཎ་ཆེན་གྱིས་ཀྱང་ད་རེས་ཚད་མ་རྒྱ་དཔེའི་སྟེང་ནས་འཆད་བཞིན་ལགས་པས་བོད་དཔེའི་ཕན་ཐོག་མེད་པས་ས་སྐྱ་པ་ཁྱེད་ཀྱིས་ཀྱང་རྒྱ་དཔེ་བསྣམས་ཤོག་ཅེས་གསུངས་པས།  ཆོས་རྗེ་ས་པཎ་གྱིས་ལན་དུ་ད་ལྟ་བོད་དཔེ་ལྟ་རྒྱུ་འདིས་གཞན་ལ་ཕན་ཐོག་མེད་ཀྱང་ང་རང་ཉིད་ལ་ཕན་ཐོག་འདུག་ཅེས་ཞུས་ནས་དེ་མ་ཐག་བོད་དཔེའི་ཐོག་ནས་ཆོས་མཆོག་སཾསྐྲྀ་ཏའི་སྐད་ཐོག་ནས་ཇི་མ་ཇི་བཞིན་ཆ་ཚང་ཞིག་བཀླགས་པ་ན་ཁ་ཆེ་པཎ་ཆེན་འཁོར་སློབ་དང་བཅས་པ་རྣམས་ངོ་མཚར་སྐྱེས་ནས་ཧ་ལས་པར་གྱུར་ཏེ་ཁ་ཆེ་པཎ་ཆེན་གྱིས་ཁྱེད་ནི་ངེས་པར་དོན་གྱི་པཎྜི་ཏ་ཆེན་པོ་ཞིག་ཡིན་པར་གདོན་མི་ཟའོ་ཞེས་པཎྜི་ཏའི་མཚན་ཐོག་མར་དེ་ནས་ཐོགས་པ་ཡིན།  ཁ་ཆེ་པཎྜི་ཏས་རྣམ་ངེས་འཆད་སྐབས་ས་སྐྱ་པཎ་ཆེན་གྱིས་ངེད་བོད་རྣམས་ཀྱིས་ཚད་མ་འཆད་སྐབས་སྔོ་མ་ཡིན་པ་ལས་ལོག་པའི་སྔོ་ཙམ་ཞེས་པ་ཞིག་བཞེད་ལབ་པས་དེ་བསྟན་བཅོས་འདིའི་བརྗོད་པ་ཡིན་ནམ་ཞེས་དྲིས་པ་ན།   ཙམ་ཙམ་མང་པོ་ངས་མི་ཤེས་སྔོན་པོ་དོན་ལ་ཡོད་ཅེས་གསུང་པ་ན་སྐབས་དེར།  ཁོང་གི་ཚད་མའི་དགག་སྒྲུབ་དང་རྟོགས་ཅན་གྱི་བློའི་འཇུག་སྟངས་འགལ་འབྲེལ་ཐམས་ཅད་གཞན་སེལ་ཁོ་ན་ལ་རག་ལས་པས་དེའི་དུས་སུ་གཞན་སེལ་གྱི་གནས་ཕྱིན་ཅིང་མ་ལོག་པར་ཐུགས་སུ་ཆུད་པ་བྱུང་ཞེས་གསུང་ཡོད་ལ།  ཁོང་དགུང་ལོ་དྲུག་ཅུ་རེ་གསུམ་གྱི་བར་ཉི་མ་རེ་ལ་ཆག་མེད་བྱས་ཏེ་ཤར་ནུབ་གུང་གསུམ་དང་ཁང་གཉེན་ཞང་གསུམ་སོགས་སྲས་ཀྱི་ཐུ་བོ་རྣམས་ལ་ཚད་མའི་ཆོས་ཐུན་རེ་ཆད་མ་མྱོང་བར་གསུང་པ་གྲགས།   ད་ལྟའི་བར་དུ་ཚད་མ་དེ་དར་ཁྱབ་བྱུང་པ་ཡིན་ལ།  རྣམ་འགྲེལ་དང་རྣམ་ངེས་རིག་ཐིགས་སོགས་ཀྱི་དགོངས་པ་སོ་སོར་དབྱེ་ནས་འཆད་མཁན་བོད་གངས་ཅན་གྱི་ལྗོངས་སུ་མང་པོ་ཞིག་བྱུང་ཡོད་ནའང་། ཚད་མ་སྡེ་བདུན་མདོ་དང་བཅས་པའི་དགོངས་པའི་ཉིང་ཁུ་ལྟ་བུ་དེ་སྡེབ་ནས་ཚད་མ་རིགས་པའི་གཏེར་ཞེས་བྱ་བའི་བསྟན་བཅོས་བརྩམས་པ་པོ་ནི་ས་སྐྱ་པནྜི་ཏ་མ་གཏོགས་གཞན་སུ་ཡང་བྱུང་མ་མྱོང་ལ།   ཀུན་མཁྱེན་གོ་རམས་པའི་ཞལ་ནས་འདི་ལ་ཁྱད་ཆོས་དུ་མ་དང་ལྡན་པའི་ཕྱིར་ན་མ་འོངས་པ་ན་ཚད་མ་ལ་ཐོས་བསམ་བྱེད་པའི་གང་ཟག་རྣམས་རིགས་གཏེར་གྱི་གཞུང་འདི་ལ་ཐོས་བསམ་བྱེད་པའི་སྐལ་བ་ཡོད་པ་རྣམས་བསོད་ནམས་ཅན་གྱི་འདུལ་བྱའི་སྐལ་བ་དང་ལྡན་པ་ཡིན་ཞེས་གསུང་ཡོད་ལ།  དེ་བཞིན་དུ་ཁོང་གིས་བརྩམས་པའི་རིགས་གཏེར་རབ་གསལ་གྱི་མཐར་བརྩམས་ཚིག་བཅད་དུའང། ཚད་མ་གྱུར་པའི་བསྟན་པ་ཡིད་བཞིན་ནོར། །སྒྲུབ་དང་སུན་འབྱིན་ངག་གི་བྱི་དོར་གྱིས། །ལོག་སྨྲའི་དྲི་མ་མ་ལུས་སྦྱངས་མཛད་པ། །རིགས་པའི་གཙུགས་རྒྱན་གཉིས་ཀྱི་གཞུང་ལུགས་ལ། །སྡེ་བདུན་གོང་འོག་སྡེབས་ནས་འཆད་པ་དང་། །རྒྱ་འགྲེལ་ལེགས་ཆ་བཏུས་ནས་འཆད་པ་དང་། །རང་གི་རྣམ་རྟོག་ཉིད་ཀྱིས་འཆད་པ་སྟེ། །གངས་རིའི་ཁྲོད་འདིར་འཆད་ཚུལ་རྣམ་གསུམ་ལས། །སྐྱེ་བ་དུ་མ་རིག་ལམ་གོམས་བྱས་ནས། །སྐྱོན་མེད་བརྒྱུད་པའི་མན་ངག་དང་ལྡན་ཞིང་། །འཇམ་དབྱངས་ཐུགས་ཀྱི་མཁྱེན་པ་མངའ་བ་ཡི། །ས་སྐྱ་པ་ནི་འཆད་ཚུལ་དང་པོ་བཞེད་གསུངས་པའི་དོན་ཡང་རྣམ་འགྲེལ་སོགས་གཞུང་ལུགས་ཕྱོགས་རེ་འཆད་པའི་ལུགས་ཡོད་མོད། སྡེ་བདུན་མདོ་དང་བཅས་པ་སྡེབས་ནས་འཆད་པའི་སྲོལ་དེ་ནི་ས་སྐྱ་པཎྜི་ཏ་ཁོ་ན་མ་གཏོགས་རྒྱ་བོད་གཉིས་ལ་མ་བྱུང་བས་ཀུན་མཁྱེན་ཆེན་པོའི་ཀྱང་དེ་ལྟར་ཚིག་བཅད་དུ་བསྟན་པའི་དགོས་པ་ཡང་དེ་ཡིན་ནོ།།  དེའང་བརྩམས་པ་པོ་ཆོས་རྗེ་ས་སྐྱ་པཎྜི་ཏ་དེ་ནི།  སྐྱེ་བ་གཞན་དུ་སྦྱངས་པ་དང། །མཁས་པ་དུ་མ་བསྟེན་པ་དང། །རྣམ་པར་དཔྱོད་པའི་བློ་གྲོས་ཀྱིས། །ཤེས་བྱ་ཀུན་ལ་འཇིགས་མེད་ཐོབ།  །ཅེས་གསུང་ལྟར།  སྐྱེ་བ་གཞན་དུ་སྦྱངས་པ་ནི་ཁོང་གིས་དཔལ་ལྡན་ས་སྐྱར་ཆོས་གསུང་པའི་ཚེ་ན་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་མདུན་གྱི་ནམ་མཁའ་ནས་ཞལ་གཟིགས་ཏེ་མི་ནས་མི་གྱུར་པའི་སྐྱེ་བ་ཉི་ཤུ་རྩ་བདུན་གྱི་བར་དུ་པཎྜི་ཏ་བར་མ་ཆད་པའི་སྐྱེ་བ་ལེན་པ་གསུང་པ་དང་།  དེ་ནས་ཕྱིས་སུ་སྐྱ་བོ་ཁ་གདངས་སུ་ཆོས་གསུང་པའི་ཚེ་ན་ཡང་མི་ནས་མི་གྱུར་པའི་སྐྱེ་བ་ཉི་ཤུ་རྩ་ལྔའི་བར་དུ་མགོན་པོ་འཇམ་པའི་དབྱངས་ཀྱི་རྗེས་སུ་བཟུང་ནས་རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ་ཤ་སྟག་གི་སྐྱེ་བ་ལེན་པ་གསུང་པ་ཡིན་ཏེ།  ཆོས་སྤྱོད་ལས།  སྐྱེ་བ་སྐྱེ་བ་རྣམས་སུ་ཡང་དང་ཡང་། །མཁས་པ་མཁས་པའི་ཚོགས་ཚོགས་ལ་སྔོན་སྦྱངས་ཏེ། །ཚེ་འདིར་ལན་རེ་ཟུང་རེ་ཐོས་ཙམ་ན། །གཞུང་ལུགས་ཀུན་ཤེས་ཀུན་དགའ་རྒྱལ་མཚན་དཔལ། །ཞེས་གསུང་པ་དང་།  མཁས་པ་དུ་མ་བསྟེན་པ་ནི་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་བྷ་དྲ་སོགས་རྒྱ་གར་གྱི་པཎྜི་ཏ་མང་པོའི་ཞབས་རྡུལ་དྲི་མ་མེད་པར་སྤྱི་བོའི་ལེན་པ་མ་ཚད་བོད་གངས་ཅན་གྱི་ལྗོངས་སུ་ཡང་གོ་རམས་ཀྱིས་གསུང་ལྟར་ན་རྩེགས་སྟོན་དབང་ཕྱུག་སེངྒེས་མདུན་ཚད་མ་རྣམ་ངེས་ཀྱི་གཞུང་གསན་པ་དང་།  གཞན་ཡང་སྡོམ་གསུམ་རབ་དབྱེའི་མཇུག་ཏུ་ཡང་ཞི་བྱེད་དང་རྫོགས་ཆེན་དང་གཅོད་ཡུལ་དང་དུས་འཁོར་གྱི་སྦྱོར་དྲུག་དང་ན་རོ་ཆོས་དྲུག་སོགས་བོད་གངས་ཅན་གྱི་ལྗོངས་སུ་བཞུགས་པའི་གཞུང་དང་གདམ་ངག་ཕལ་མོ་ཆེ་མ་གསན་པ་མེད་པར་གསུང་ཡོད་པ་དང་།  རྣམ་པར་དཔྱོད་པའི་བློ་གྲོས་ཀྱིས། །ཤེས་བྱ་ཀུན་ལ་འཇིགས་མེད་ཐོབ་ཅེས་པ་ནི་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་དང་བིར་ཝཱ་པ་དང་ནག་པོ་པ་སོགས་ཀྱིས་མདུན་གྱི་ནམ་མཁར་ཞལ་གཟིགས་པ་ན་ཁོང་གིས་སངས་རྒྱས་དངོས་ཀྱི་འདུ་ཤེས་སུ་བཞག་ནས་གསོལ་བ་ཕུ་ཚུགས་སུ་བཏབ་པས་ཁོང་གིས་ཐུགས་རྒྱུད་ལ་བདེ་གསལ་མི་རྟོགས་པའི་ཉམས་རྫོགས་པའི་སངས་རྒྱས་ཀྱི་ཐུགས་རྒྱུད་ལའང་འདི་ལས་ལྷག་པ་ཞིག་མེད་སྙམས་པའི་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེས་པ་སོགས་ཀྱི་རྟོགས་པ་རྙེད་ནས་དེ་ནས་བཟུང་བཀའ་དང་བསྟན་བཅོས་ཀྱི་གཞུང་ལུགས་ཐམས་ཅད་མི་མཁྱེན་པ་དང་མི་དགོངས་པ་མེད་པར་བྱུང་སོགས་གསུངས་ཡོད་ལ།  ཁོང་གིས་མདོ་སྔགས་རིགས་གནས་དང་བཅས་པའི་བསྟན་བཅོས་ཡང་པོད་མང་པོ་ཡོད་ལ་དེའི་ནང་ཤིན་ཏུ་རླབས་ཆེ་ཞིང་ཤེས་རབ་ཀྱི་རྩལ་འབར་བའི་རྒྱ་བོད་གཉིས་ལ་སྐད་གྲགས་ཆེས་ཆེ་བའི་ཚད་མ་རིགས་གཏེར་གྱི་བསྟན་བཅོས་འདི་ནི་རྒྱ་གར་གྱི་པཎྜི་ཏ་དཱ་ན་ཤཱི་ལ་དང་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི། པཎྜི་ཏ་སངྒྷ་ཤཱི་ལ། དེ་བཞིན་རྒྱ་གར་གྱི་པཎྜི་ཏ་སུ་ག་ཏ་ཤཱི་ལ་དང་། རྒྱ་བལ་གཉིས་ལ་སྐད་གྲགས་ཆོད་པའི་མ་ཧཱ་པཎྜི་ཏ་རྣམས་ཀྱིས་མཇལ་ཏེ་པཎྜི་ཏ་དེ་དག་ཧ་ལས་ཏེ་རྒྱ་གར་དུ་སྤྱན་དྲངས་ནས་ལེགས་སྦྱར་གྱི་ཡི་གེའི་ཐོག་བསྒྱུར་ནས་ཁ་ཚང་ལི་བསྐོས་ཀྱི་པར་གཞི་བཞེངས་ཏེ་ཚད་མ་རིགས་གཏེར་གྱི་བསྟན་བཅོས་དེའི་ནང་གི་རིག་པ་རྣམས་ཀྱིས་སྟོན་པ་ཚད་མའི་སྐྱེས་བུ་བསྒྲུབ་པ་ལ་དཀའ་ཚེགས་མེད་པ་གཟིགས་ནས་རྒྱ་གར་གྱི་དཔལ་ན་ལེནྡྲ་སོགས་ཀྱིས་མཚོན་པའི་ཆོས་སྡེ་ཁག་མང་པོའི་མཁས་པ་རྣམས་ཀྱིས་ཡུན་རིང་པོའི་བར་འཆད་ཉན་དང་ཐོས་བསམ་བྱེད་སའི་གཞི་དང་གཙོ་བོར་ལྟ་བུར་གྱུར་ཡོད་པར་གྲགས་ལ།  རྒྱ་གར་རྡོ་རྗེའི་གདན་གྱི་སྒོ་ཀླད་དུ་ཆོས་རྗེ་ས་པཎ་གྱིས་ཚད་མ་རིགས་གཏེར་གྱི་མཆོད་བརྗོད་ཤེས་བྱ་མ་བརྩོད་ཡུལ་གྱི་ཚུལ་དུ་སྦྱར་ཡོད་པར་རྒྱ་གར་ཤར་ནུབ་ཀུན་གྱི་མུ་སྟེགས་བྱེད་དང་མཁས་པ་རྣམས་ཀྱིས་མཆོད་བརྗོད་དེ་བཀླགས་པར་བྱས་ཚེ་བརྩམས་པ་པོ་དེ་བོད་ཀྱི་བླ་མ་ཤིན་ཏུ་མཁས་པ་ཞིག་ཡིན་པ་སོགས་ཤེས་ནས་བརྩད་གདར་མ་ཆོད་ན་འདིས་མ་འོངས་པ་ན་ཕྱི་རོལ་མུ་སྟེགས་བྱེད་ཀྱི་བསྟན་པ་ལ་གནོད་པ་འབྱུང་ངེས་པར་དོགས་ནས་དེ་དག་གིས་མ་བཟོད་པར་ཆོས་རྗེ་ས་པཎ་གྱིས་མང་ཡུལ་སྐྱིད་གྲོང་འཕགས་པ་ཝ་ཏིའི་གཙུག་ལག་ཁང་དང་འདབས་འབྱོར་བའི་ཚོང་དུས་ན་ཆོས་གསུང་ནས་བཞུགས་ཡོད་པའི་ས་དེར་ཕྱི་རོལ་མུ་སྟེགས་འཕྲོག་བྱེད་དགའ་བོ་སོགས་ཀྱི་གཙོས་མུ་སྟེགས་སྟོན་པ་དྲུག་འཁོར་དང་བཅས་པ་དེར་ལྷགས་ཏེ་བརྩོད་པའི་དུས་བཏབ་པ་དང་ཉིན་བཅུ་གསུམ་གྱི་མཐར་བརྩོད་པ་རྒྱལ་ཕམ་གྱིས་གྲུབ་མཐའ་དཔང་དུ་འཛུགས་པའི་གྲོས་མཐུན་བྱུང་བས།  གལ་སྲིད་མུ་སྟེགས་འཕྲོག་བྱེད་དགའ་བོ་དེ་རྒྱལ་བར་འགྱུར་ཚེ་ཆོས་རྗེ་ས་པཎ་འཁོར་སློབ་དང་བཅས་ཕྱི་རོལ་མུ་སྟེགས་བྱེད་ཀྱི་སྟོན་པའི་སྒོ་ཞུགས་པ་དམ་བཅས་པ་དང་།  དེ་བཞིན་དུ་ཆོས་རྗེ་ས་པཎ་རྒྱལ་བར་འགྱུར་ཚེ་ཕྱི་རོལ་མུ་སྟེགས་འཕྲོག་བྱེད་དགའ་བོ་སོགས་མུ་སྟེགས་ཀྱི་སྟོན་པ་དྲུག་འཁོར་དང་བཅས་པ་ཆོས་རྗེ་ས་པཎ་གྱིས་སློབ་འབངས་སུ་བཀུར་བར་ཁས་བླངས་བ་ན།   དེ་ནས་ཆོས་རྗེ་ས་པཎ་གཡས་ཀྱི་གྲྭ་མགོར་གདན་བཅུ་གསུམ་བརྩེགས་ནས་བཞུགས་ཏེ་ཕན་ཚུན་བརྩོད་པར་འགྱེད་པའི་ཚེ་ཉིན་དང་པོ་ནས་བཅུ་གཉིས་ཀྱི་བར་དུ་ཆོས་རྗེ་ས་པཎ་བརྩོད་པའི་ལམ་དུ་ཕམ་པར་གྱུར་ནས་འུ་ཡུག་པ་རིག་པའི་སེངྒེ་སོགས་སློབ་འབངས་རྣམས་ཀྱིས་ཉིན་དེ་ཙམ་གྱིས་རིང་གཅིག་ཀྱང་ཁེ་བར་མ་སྟེར་བས་ད་ཉིན་གཅིག་མ་གཏོགས་མེད་པས་དངོས་གནས་ཕྱི་རོལ་མུ་སྟེགས་བྱེད་ཀྱི་སྟོན་པའི་རྗེས་སུ་འགྲོ་དགོས་པ་ཡིན་སྙམ་ནས་ཐུགས་སུན་ཏེ་ཕྱི་བལྟས་མེད་པར་བྲོས་སོང་བ་དང་།  དེ་ནས་ཆོས་རྗེ་ས་པཎ་ཡང་ཐུགས་སྐྱོ་ནས་དཔལ་ཆོས་ཀྱི་གྲགས་པའི་རིགས་པ་ཕྲ་རགས་མེད་པ་འདི་དག་གིས་མ་ཐུལ་པ་ཞིག་མེད་པས་ཇི་ལྟར་བརྩོད་ཀྱང་མུ་སྟེག་བྱེད་རྒྱལ་འགྲོ་བར་འདི་སངས་རྒྱས་ཀྱི་བསྟན་པ་མཐར་འདི་ཙམ་ལ་ཐུག་པའི་བརྟས་ཡིན་ནོ་སྙམ་པའི་དོགས་པ་ཞིག་སྐྱེས་པ་ན།  དེའི་ནུབ་མོར་རྗེ་བཙུན་སྒྲོལ་མས་ཞལ་དངོས་སུ་གཟིགས་ཏེ་རིགས་ཀྱི་བུ་གསོན་དང་ཐེ་ཚོམ་དེ་འདྲ་ཟ་མི་དགོས་ཁྱེད་ཀྱིས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་དེ་སྒོམ་ལུགས་རེད་མི་འདུག་པས་ཉིད་ཀྱི་ཕྲག་གོང་གཡས་པ་ན་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་སྡིག་མཛུབ་ཕྱི་རོལ་མུ་སྟེགས་པ་ལ་བསྟན་ཏེ་བཞུགས་པ་ཞིག་སྒོམ་ནས་བརྩོད་དང་ཁྱེད་རང་རྒྱལ་བར་འགྱུར་རོ་ཞེས་ལུང་བསྟན་དང་དབུགས་དབྱུང་མང་པོ་ཞིག་གནང་བ་ལ་རྟེན་ནས་ཉིན་བཅུ་གསུམ་དེར་རྗེ་བཙུན་མའི་ལུང་བསྟན་ལྟར་ཕྲག་གོང་གཡས་ནས་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་སྡིག་མཛུབ་མུ་སྟེགས་པ་ལ་བསྟན་ནས་བཞུགས་པར་སྒོམ་ནས་མུ་སྟེགས་འཕྲོག་བྱེད་དགའ་བོ་སོགས་མུ་སྟེགས་སྟོན་པ་དྲུག་དེ་རྩོད་པའི་ལམ་ནས་རེ་རེ་བཞིན་ལན་མང་པོའི་བར་དུ་ཚར་བཅད་ནས་ཆོས་རྗེ་ས་པཎ་རྒྱལ་བར་གྱུར་ཚེ།  འཕྲོག་བྱེད་དགའ་བོ་ནང་པའི་བསྟན་པ་ལ་ཞུགས་མ་འདོད་པར་རྩོད་པའི་ལམ་ནས་ཁྱེད་རྒྱལ་བར་གྱུར་ཀྱང་ད་དུང་རྫུལ་འཕྲུལ་ཞིག་མ་འགྲན་པར་ཁོ་བོས་ཁས་མི་ལེན་ཞེས་ནམ་མཁའ་ལ་འཕུར་བ་ན་ཆོས་རྗེ་ས་པཎ་གྱིས་ཏིང་ངེ་འཛིན་གྱིས་ལྟ་ལྟངས་ཅུང་ཟད་ཅིག་གིས་ས་ལ་བརྡབས་ནས་རྫུལ་འཕྲུལ་ཉམས་པ་བྱས་པར་ན།  ད་ནི་ཇི་ལྟར་འགྲན་ཀྱང་རྒྱལ་བའི་སྐབས་མེད་པས་ད་ནས་བཟུང་སྟེ་བླ་མ་ཁྱེད་དང་མཉམ་དུ་སྐད་ཅིག་ཀྱང་མི་འབྲལ་བར་རྗེས་སུ་བཟུང་དུ་གསོལ་ཞེས་གསོལ་བར་བཏབས་པ་དང་།  དེ་ནས་ཆོས་རྗེ་ས་པཎ་གྱིས་མུ་སྟེགས་འཕྲོག་བྱེད་དགའ་བོའི་རལ་པ་བྲེགས་ཏེ་ཁ་ཆེ་པཎ་ཆེན་ནས་བརྒྱུད་པའི་དམ་ཆོས་འདུལ་བའི་སྡོམ་རྒྱུན་འབོགས་ནས་བསྙེན་པ་རྫོགས་ཤིང་སངས་རྒྱས་ཀྱི་བསྟན་པའི་སྒོར་གཞུག་པར་བྱས་ཏེ་ཁྱེད་རྒྱ་གར་ནས་ཕར་སོང་སྟེ་སངས་རྒྱས་ཀྱི་བསྟན་པ་ཕྱོགས་མེད་དུ་སྤེལ་བར་མཛོད་ཅིག་ཅེས་བསྐུལ་བར་བྱས་ཀྱང་།  འཕྲོག་བྱེད་དགའ་བོ་དེ་ཆོས་རྗེ་ས་པཎ་ལ་མི་ཕྱེད་པའི་དད་པ་བརྟན་པོའི་སྟབས་ཀྱིས་ད་ནི་བླ་མ་ཁྱེད་དང་དུས་སྐད་ཅིག་མ་ཙམ་ཡང་ཁ་འབྲལ་མི་ཕོད་ཁྱེད་གང་དུ་འབྱོན་པའི་ས་ཕྱོགས་དེར་ཁོང་ཁྲིད་རོགས་མཛོད་ཅིག་ཅེས་གསོལ་བ་ཕུ་ཚུགས་སུ་བཏབས་པ་ན་ཁྱེད་བོད་ལ་འབྱོན་ཀྱང་ཕན་ཐོགས་མེད་པས་རྒྱ་གར་ན་སོང་ནས་སངས་རྒྱས་ཀྱི་བསྟན་པ་སྤེལ་དགོས་པ་སོགས་གསུངས་ཀྱང་ཕྱིར་མི་ལྡོག་པས་དྲངས་ཏེ་ཚུར་ས་སྐྱ་ལ་ཁྲིད་ཡོང་སྐབས་ལམ་བར་དུ་བར་ཆད་ཀྱི་དབང་གིས་ཁ་ནས་ཁྲག་སྐྱུག་སྟེ་ཤི་སོང་བ་གྲགས་ལ།  འཇམ་མགོན་མི་ཕམ་གྱིས་ཀྱང་ཚད་མ་རྣམ་འགྲེལ་ལ་ཐོག་མར་ཐོས་བསམ་བྱེད་སྐབས་ཅུང་ཟད་གོ་དཀའི་གནས་སུ་གྱུར་ནས་འཇམ་མགོན་ས་སྐྱ་པཎྜི་ཏ་ལ་གསོལ་བ་ཡང་ཡང་བཏབ་ནས་ནུབ་གཅིག་གཟིམས་ལམ་དུ་འཇམ་དབྱངས་ས་པཎ་གྱིས་ཞལ་གཟིགས་ཏེ་ཚད་མ་མི་ཤེས་རྒྱུ་ཅི་ཡོད་དགག་སྒྲུབ་གཉིས་རེད་གསུང་འོང་དུས་ཕྱི་ཉིན་ནས་དཀའ་ཚེགས་མེད་པར་མཁྱེན་པའི་བློ་གྲོས་ཀྱི་རྩལ་རྫོགས་པ་སོགས་ཀྱི་བཤད་རྒྱུན་ཡོད་ལ།  དེས་མ་ཚད་ཁོང་གིས་རིགས་གཏེར་ལ་མཆན་འགྲེལ་གྱི་གཞུང་མཛད་པའི་དབུ་ལ།   དགག་སྒྲུབ་རིགས་པའི་གསང་ལམ་གཅིག་པུའི་ཚུལ། །མཁྱེན་པའི་རལ་གྲི་གཅིག་གིས་ཆོས་ཀུན་གྱི།  །ཐེ་ཚོམ་དྲ་བ་གཅིག་ཆར་གཅོད་མཛད་པ། །འཇིགས་བྲལ་ས་སྐྱའི་འཇམ་མགོན་རྒྱལ་གྱུར་ཅིག།  ཞེས་གསུང་པའི་དོན་དེའང་དགག་བྱ་དགག་པའི་གཏན་ཚིག་དེ་ལ་འགལ་དམིགས་ཀྱི་གཏན་ཚིག་བཅུ་གཉིས་དང་མ་དམིགས་པའི་གཏན་ཚིག་གསུམ་སྟེ་བཅོ་ལྔ་དང་།  བསྒྲུབ་བྱ་བསྒྲུབ་པའི་གཏན་ཚིག་དེ་ལ་འབྲས་བུའི་རྟགས་དང་རང་བཞིན་གྱིས་རྟགས་གཉིས་ཏེ་དགག་བྱ་དགག་པ་དང་བསྒྲུབ་བྱ་བསྒྲུབ་པའི་རིག་པ་དེ་གཉིས་ཀྱིས་གསང་བའི་ལམ་གཅིག་པུ་དེ་ནི་གཞན་སེལ་གྱི་གནས་དེ་ཡིན་ཏེ།  དགག་བྱ་དགག་ན་ཡང་གཞན་སེལ་གྱི་བློས་དགག་བྱ་དགག་དགོས་པ་ལས་དོན་རང་མཚན་གྱི་ཐོག་ལ་དགག་བྱ་དགག་ཅེས་པ་ཞིག་མེད་ལ།  བསྒྲུབ་བྱ་བསྒྲུབ་ནའང་གཞན་སེལ་གྱི་བློས་བསྒྲུབ་བྱ་བསྒྲུབ་དགོས་རེད་མ་གཏོགས་དོན་རང་མཚན་གྱི་ཐོག་གཏན་ཚིག་བཀོད་དེ་བསྒྲུབ་བྱ་བསྒྲུབ་པ་ཞིག་མེད་པས་དགག་སྒྲུབ་ཐམས་ཅད་ཀྱི་གསང་བའི་ལམ་མམ་གསང་གནད་གཅིག་པུ་དེ་གཞན་སེལ་གྱི་རྣམ་བཞག་འདི་ཡིན་པས་འདིའི་དོན་ཕྱིན་ཅིང་མ་ལོགས་པ་ཞིག་ཤེས་ན་སྤྱིར་འགལ་བ་དང་འབྲེལ་བ་བརྗོད་བྱ་དང་བརྗོད་བྱེད་རྒྱུ་དང་འབྲས་བུ་ལ་སོགས་པའི་འཇོག་ཚུལ་ཇི་སྙེད་ཅིག་ཤེས་པར་འགྱུར་བ་མ་ཟད་ལྷག་པར་དུ་དགག་བྱ་དགག་པ་དང་བསྒྲུབ་བྱ་བསྒྲུབ་པའི་གནས་སྟངས་ཐམས་ཅད་ཀྱང་ཤེས་པར་འགྱུར་ལ།  གཞན་སེལ་གྱི་གནས་འདི་མ་ཤེས་ན་ག་ཤད་གཅིག་བཤད་ནི་བཤད་རྒྱུ་ཡོད་པ་ཞིག་ལ་རིག་པས་མཐའ་དཔྱད་ནས་འདི་མ་གཏོགས་གཞན་འགྲོ་ས་མི་འདུག་སྙམ་པའི་ངེས་ཤེས་ཤིག་གཏན་ནས་སྐྱེ་བར་མི་འགྱུར་བས་ན་དགག་བསྒྲུབ་རིགས་པའི་གསང་ལམ་མམ་གཏན་ཚིག་རིགས་པའི་སྲོག་རྩ་ལྟ་བུ་དེ་ནི་གཞན་སེལ་གྱི་གནད་འདི་ཡིན་པ་གོ་དགོས།  དེ་བཞིན་དུ་ཙམ་ཙམ་མང་པོ་ངས་མི་ཤེས་སྔོན་པོ་དོན་ལ་ཡོད་ཅེས་པཎྜི་ཏས་གསུངས་ཡོང་སྐབས་ཁོང་གིས་གཞན་སེལ་གྱི་གནས་ཕྱིན་ཅིང་མ་ལོག་པ་ཁོང་དུ་ཆུད་སོང་གསུང་པ་ལྟར།   དགག་བསྒྲུབ་རིགས་པའི་གསང་བའི་ལམ་གཅིག་པུའི་ཚུལ་གཞན་སེལ་གྱི་གནད་ཕྱིན་ཅིང་མ་ལོག་པ་གཅིག་པུའི་མཁྱེན་པའི་ཤེས་རབ་དེ་རལ་གྲི་དང་ཆོས་མཚུངས་སུ་སྦྱར་ཏེ་གཟུགས་སུ་བཀོད་ནས་དེ་ལྟ་བུའི་མཁྱེན་རབ་ཀྱི་རལ་གྲི་གཅིག་གིས་ཆོས་ཀུན་གྱི་ཞེས་གཞལ་བྱའི་གནས་གསུམ་སྟེ་མངོན་འགྱུར་རྣམས་ཐམས་ཅད་མངོན་སུམ་དང་མི་འགལ་ཞིང་ལྐོག་འགྱུར་རྣམས་ཐམས་ཅད་རྗེས་དཔག་དང་མི་འགལ་བར་།  ཤིན་ཏུ་ལྐོག་གྱུར་གྱི་དོན་རྣམས་རང་ཚིག་སྔ་ཕྱི་མི་འགལ་བ་སོགས་ཐེ་ཚོམ་གྱི་དྲ་བ་ཐམས་ཅད་གཅིག་ཆར་དུ་གཅོད་པར་མཛད་པ་པོ་ཆོས་དང་མཐུན་པའི་རྒོལ་བ་ལ་གཞན་སུས་ཀྱང་འགྲན་པར་མི་ནུས་པར་འཇིགས་པ་ཐམས་ཅད་དང་བྲལ་བ་ས་སྐྱ་པའི་འཇམ་མགོན་ཏེ་ས་སྐྱ་གོང་མ་ལྔའི་ཡ་གྱལ་ས་སྐྱ་པནྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་དེ་ཉིད་ཕྱོགས་དུས་ཀུན་ཏུ་རྒྱལ་བར་གྱུར་ཅིག་ཅེས་པའོ།། གསུམ་པ་བཤད་བྱ་བསྟན་བཅོས་ཀྱི་ཡན་ལག་དང་གཞུང་དངོས་བཤད་པ་གཉིས་ལས།  དང་པོ་མཚན་དོན་དང་མཆོད་པ་བརྗོད་པ་བསྟན་བཅོས་བརྩམ་པའི་དགོས་པ་བརྩམ་པ་དམ་བཅའ་བ་དང་བཞི་ཡོད་པ་ལས།  དང་པོ་མཚན་དོན་ནི་རྒྱ་གར་སྐད་དུ། པྲ་མཱ་ཎ་ཡུགྟ་ནི་དྷི། བོད་སྐད་དུ། ཚད་མ་རིགས་པའི་གཏེར་ཞེས་གསུང་སྟེ།  རྒྱ་གར་ཞེས་པ་ནི་འདུལ་བ་མེ་ཏོག་ཕྲེང་རྒྱུད་ལས་གཉན་ཡོད་གནས་བཅས་ཙམ་པཱ་ཀ།  །ཝཱ་ར་ཎ་ས་ཡངས་པ་ཅན། །རྒྱལ་པོའི་ཁབ་དང་ཡུལ་དྲུག་པོ། །འདི་དག་གྲོང་ཁྱེར་ཆེན་པོ་འདོད་ཅེས་གསུང་པ་ལྟར་རྒྱལ་གར་འཕགས་པའི་ཡུལ་དེར་གྲོང་ཁྱེར་ཆེན་པོ་དྲུག་ཡོད་པའི་ནང་མི་རིགས་མི་འདྲ་བ་བདུན་བརྒྱ་ཉེར་ལྔ་དང་སྐད་རིགས་མི་འདྲ་བ་སུམ་བརྒྱ་དྲུག་བཅུ་ཡོད་པ་གྲགས་ལ་དེ་དག་ཐམས་ཅད་སྐད་རིགས་ཆེན་པོ་བཞིའི་ཁོངས་སུ་བསྡུ་བའི་དབང་དུ་བྱས་ན་ལེགས་སྦྱར་སཾསྐྲྀ་ཏ་ལྷའི་སྐད་དང་། ཨ་བ་བྷྲཾ་ཤ་ཟུར་ཆགས་ཀྱི་སྐད་དང་།  པྲ་ཀྲྀ་ཏ་ཡུལ་མི་རང་བཞིན་གྱི་སྐད། པི་ཤ་ཙི་ཤ་ཟའི་སྐད་དང་བཞི་ལས་བསྟན་བཅོས་འདིའི་མཚན་ནི་ལེགས་པར་སྦྱར་བ་ལྷའི་སྐད་ཀྱི་དབང་དུ་བྱས་ནས་པྲ་མཱ་ཎ་ཡུགྟ་ནི་དྷི་ཞེས་གསུང་སྟེ།  དེ་བོད་སྐད་དུ་སྒྱུར་ན་པྲ་མཱ་ཎ་ཚད་མ་དང་། ཡུགྟ་རིགས་པ། ནི་དྷི་གཏེར་ཞེས་འགྱུར་པ་ཡིན་ལ།  པྲ་ཞེས་པའི་སྒྲ་དེ་དང་པོ་དང་རབ་དང་གཙོ་བོ་སོགས་དོན་མང་པོ་ཞིག་ལ་འཇུག་པ་སྣང་ཡང་སྐབས་འདིར་སེ་ར་རྗེ་བཙུན་དང་རང་སྟོན་སོགས་ཀྱིས་བཞེད་པ་དང་མཐུན་པར་དང་པོ་ལ་འཇུག་པའི་དབང་དུ་བྱས་ཏེ་།  མ་ཎ་འཇལ་བ་ལ་འཇུག་པས་དང་པོ་འཇལ་བ་ཞེས་ཡུལ་གྱི་གནས་ལུགས་ཇི་ལྟར་བར་བློ་ཡིས་འཛིན་སྟངས་ཀྱིས་ཁོང་དུ་ཆུད་ཅིང་འཇལ་བ་ཞེས་བློ་དེས་ཡུལ་དེའི་གནས་ལུགས་ཕྱིན་ཅིང་མ་ལོག་པར་རྟོགས་པའམ་མཇལ་བ་ནི་མི་བསླུ་བ་དེ་ཚད་མ་ཡིན་ལ།  ཡུགྟ་རིགས་པ་ཏེ་འདི་ལ་དབྱེ་ན་བྱ་བ་བྱེད་པའི་རིགས་པ་དང་།  ལྟོས་པའི་རིགས་པ།  འཐད་པའི་རིགས་པ།  ཆོས་ཉིད་ཀྱི་རིགས་པ་སྟེ་བཞིའི་ནང་ནས་སྐབས་འདིར་འཐད་པའི་རིགས་པ་སྟེ་འཐད་པ་སྒྲུབ་པའི་རིགས་པ་ལ་གོ་དགོས་པ་དང་།  ནི་དྷི་གཏེར་ལ་འཇུག་ཅིང་བསྟན་བཅོས་རབ་བྱེད་བཅུ་གཅིག་གི་བདག་ཉིད་ཅན་འདིའི་ནང་བཞུགས་པའི་དགག་སྒྲུབ་ཀྱི་རིགས་པའི་ནོར་བུ་མ་ལུས་པ་མི་ཟད་ཅིང་འཕེལ་བར་འགྱུར་བས་རིགས་པའི་བང་མཛོད་དང་གཏེར་ལྟ་བུ་གྱུར་ནས་བཞུགས་ཡོད་པས་མིང་དེ་སྐད་དུ་བཏགས་སོ།།

གཉིས་པ་ལྷག་པའི་ལྷ་ལ་ཕྱག་འཚལ་བ་དང་རྩ་བའི་བླ་མ་ལ་ཕྱག་འཚལ་བ་རིགས་པའི་དབང་ཕྱུག་རྣམ་གཉིས་ལ་མཆོད་བརྗོད་པ་དང་གསུམ་ལས།  དང་པོ་ལྷག་པའི་ལྷ་ལ་ཕྱག་འཚལ་བ་ནི།  འཕགས་པ་འཇམ་དཔལ་གཞོན་ནུ་གྱུར་པ་ལ་ཕྱག་འཚལ་ལོ་ཞེས་གསུང་སྟེ།  འཇིག་རྟེན་པ་དང་ཉན་རང་དང་བྱང་སེམས་ཕལ་པ་ནི་ས་དགུ་པ་མན་ཆད་དང་ཡང་ན་ས་བདུན་པ་མན་ཆད་ལ་གནས་པའི་བྱང་སེམས་ལྟ་བུ་དང་བཅས་པའི་ས་ལས་རིང་དུ་འཕགས་པ་ཡིན་ཏེ་འཕགས་པ་འཇམ་དཔལ་དབྱངས་ནི་ས་བཅུ་པ་ལ་གནས་པའི་ཚུལ་བསྟན་པའམ་དག་པའི་ས་ལ་གནས་པའི་ཚུལ་བསྟན་པའི་ཕྱིར་ན་དེ་མན་ཆད་ཀྱི་ཆོས་ལས་ཁྱད་པར་དུ་འཕགས་པའི་ཕྱིར་ན་འཕགས་པ།  འཇམ་ཞེས་པ་ནི་རེག་བྱ་འཇམ་རྩུབ་གཉིས་ཀྱི་ནང་ནས་རྩུབ་པོ་མེད་པའི་ཕྱིར་ན་འཇམ་ཞེས་པའི་གོ་དོན་ཏེ།  འདི་སྐབས་སུ་བབས་པ་དང་སྦྱར་བར་ན་སྒྲིབ་པ་གཉིས་ཀྱི་རྩུབ་པའི་རེག་བྱ་ལྟ་བུ་དེ་མེད་པས་སྒྲིབ་གཉིས་སྟོང་པའི་ཕྱིར་ན་འཇམ་ཞེས་གོ་དོན་ཡིན་ལ།  སྐུ་གསུང་ཐུགས་ལ་ཉེས་པའི་ཟུག་རྔུ་དང་བྲལ་བས་ན་འཇམ་ཞེས་སྐུ་ཡི་ཉེས་པའི་ཟུག་རྔུ་གསུང་གི་ཉེས་པའི་ཟུག་རྔུ་ཐུགས་ཀྱི་ཉེས་པའི་ཟུག་རྔུ་དང་བྲལ་བས་ན་འཇམ་དང་།  རང་དོན་དང་གཞན་དོན་ཏེ།  དོན་གཉིས་ཕུན་སུམ་ཚོགས་པའི་དཔལ་དང་ལྡན་པས་ན་དཔལ།   སྐུ་ལུས་དེ་ན་ཚོད་བཅུ་དྲུག་ལོན་པར་བགྲེས་རྒུད་དང་བྲལ་བའི་ཚུལ་བསྟན་ཏེ་བཞུགས་པས་ན་གཞོན་ནུ་གྱུར་པ་ཞེས་པའམ་ཡང་ན་དག་ས་གཞོན་ནུའི་སར་བཞུགས་པས་ན་གཞོན་ནུ་གྱུར་པ་དེ་ལ་ཕྱག་འཚལ་ལོ་ཞེས་པས་བསྟན་ཏེ་དེ་གཉིས་འགྲེལ་ཚུལ་གང་ལྟར་ཡང་མདོ་མཚན་ཉིད་ཐེག་པའི་འགྲེལ་ཚུལ་དང་མཐུན་པར་ཡིན་ལ་ཚིག་རྐང་གཅིག་གི་ལྷ་པའི་ལྷ་རྗེ་བཙུན་འཇམ་དཔལ་དབྱངས་ལ་ཕྱག་འཚལ་བ་སྟོན་པ་དང་།   གཉིས་པ་རྩ་བའི་བླ་མ་ལ་ཕྱག་འཚལ་བར་དེ་བཤད་ན།  ཁོང་གི་སྤྱིར་བཏང་བསོད་ནམས་རྩེ་མོ་ཡང་ཆོས་རྗེ་ས་སྐྱ་པཎྜའི་རྩ་བའི་བླ་མ་རེད་ལ་ཁ་ཆེ་པཎ་ཆེན་ལ་སོགས་པ་ཡང་གཏན་ཚིག་རིགས་པའི་བླ་མ་ནི་ཡིན་མོད་དེ་འོན་ཀྱང་བཀའ་དྲིན་སུམ་ལྡན་སོགས་དང་རྩ་བའི་བླ་མ་ཞེས་པའི་མིང་དེ་ཐོབ་དགོས་ན་གསང་སྔགས་རྡོ་རྗེ་ཐེག་པ་དང་འབྲེལ་བ་ཡོད་པའི་བླ་མ་དེ་ལ་བཞག་དགོས་གི་ཡོད་པས།  གསང་སྔགས་རྡོ་རྗེ་ཐེག་པ་དང་འབྲེལ་བའི་བླ་མའི་ནང་ནས་ཀྱང་ཆོས་རྗེ་ས་སྐྱ་པཎྜའི་ཏ་ལ་བཀའ་དྲིན་ཆེས་ཆེ་བའི་བླ་མ་དེ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ཡིན་ལ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ལ་མཆོད་པ་བརྗོད་པ་ནི། ཤེས་བྱ་ཐམས་ཅད་གཟིགས་པའི་སྤྱན་ཡངས་པ། །འགྲོ་ཀུན་དགེ་ལེགས་སྒྲུབ་པའི་ཐུགས་རྗེ་ཅན། །བསམ་ཡས་ཕྲིན་ལས་མཛད་པའི་སྟོབས་མངའ་བ། །འཇམ་མགོན་བླ་མའི་ཞབས་ལ་མགོས་ཕྱག་འཚལ། །ཞེས་ཚིགས་སུ་བཅད་པ་གཅིག་གི་སྒོ་ནས་བསྟན་ཏེ།  འོ་ན་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ལ་ཆོས་རྗེ་ས་སྐྱ་པཎྜི་ཏས་མཆོད་པར་བརྗོད་ནས་བརྩམས་པ་ཡིན་ན་འདི་ད་ལྟ་ཆོས་རྗེ་ས་སྐྱ་པཎྜི་ཏའི་གསོལ་འདེབས་བྱེད་པར་ཅི་རེད་ཟེར་ན་དེ་གཉིས་ཀ་བདེན་པ་རེད།   ཆོས་རྗེ་ས་སྐྱ་པཎྜི་ཏས་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ལ་ཤེས་བྱ་ཐམས་ཅད་གཟིགས་པའི་སྤྱན་ཡངས་པ་ཞེས་པའི་ཚིགས་བཅད་གཅིག་པོ་འདི་ཁོང་གིས་གསོལ་འདེབས་བྱས་ནས་ཚད་མ་རིགས་གཏེར་གྱི་མཆོད་བརྗོད་དུ་བཞག་པ་ཡིན་ལ།  དེའི་སྐབས་སུ་རྗེ་བཙུན་རིན་པོ་ཆེ་གྲགས་པའི་ཞལ་ནས་ད་འདི་ང་ལ་མི་འོས་པས་ཤེས་བྱ་ཐམས་ཅད་གཟིགས་པ་ལ་སོགས་པའི་གསོལ་འདེབས་འདིའི་བརྗོད་བྱ་ཐམས་ཅད་ཁྱེད་ལ་ཡོད་པས་ད་ཁོང་གིས་ཁྱེད་ལ་ཕར་གནང་རྒྱུ་ཡིན་གསུངས་ནས་དང་པོ་ཆོས་རྗེ་ས་སྐྱ་པཎྜི་ཏས་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ལ་མཆོད་བརྗོད་འདི་ཚད་མ་རིགས་གཏེར་གྱི་སྐབས་སུ་འདི་བརྩམས་པ་ཡིན་ཡང་རྗེས་སུ་གྲགས་པ་རྒྱལ་མཚན་གྱིས་ཁོང་ལ་ཕར་གནང་བར་ཡིན་པས།  ཕར་གནང་ཚར་དུས་ད་ལྟ་ཆོས་རྗེ་ས་སྐྱ་པཎྜི་ཏའི་གསོལ་འདེབས་ཡིན་ལ་གསོལ་འདེབས་འདིའི་དོན་གོ་བདེ་བ་བྱ་བའི་ཆེད་ཅུང་ཟད་འགྲེལ་བའི་དབང་དུ་བྱས་ན།   ཇི་ལྟར་མཁྱེན་པ་དང་ཇི་སྙེད་མཁྱེན་པའི་ཤེས་བྱ་ཐམས་ཅད་སྒྲིབ་མེད་དུ་གཟིགས་པའི་སྤྱན་རས་ཡངས་པས་མཁྱེན་པའི་ཡོན་ཏན་དང་ལྡན་པ་དང་།  མཁྱེན་པའི་ཡོན་ཏན་ཙམ་ཡང་མེད་ན་ནི་སེམས་ཅན་གྱི་ཕན་པ་བསྒྲུབ་རྒྱུ་ཕར་ཞོགས་རང་ཉིད་ཀྱང་ལོང་བ་ལྟ་བུར་གྱུར་ན་ལམ་དང་ལམ་མིན་ཤེས་མི་ནུས་པ་འགྱུར་བར་ངེས་ཏེ།   རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ནི་དེ་འདྲ་མ་ཡིན་པར་ཇི་ལྟར་ཇི་སྙེད་ཀྱི་ཤེས་བྱ་ཐམས་ཅད་སྒྲིབ་མེད་དུ་གཟིགས་ཤིང་སྤྱན་རས་ཤིན་ཏུ་ཡངས་པས་བཅུ་ཕྲག་རིག་པའི་གནས་ཐམས་ཅད་མ་ལུས་པ་གཟིགས་པས་མཁྱེན་པའི་ཡོན་ཏན་དང་ལྡན་ཞིང་།  མཁྱེན་པའི་ཡོན་ཏན་ཡོད་ཀྱང་གཞན་དོན་དུ་བརྩེ་བའི་ཐུགས་རྗེ་མེད་ན་ནུས་པ་ཆེན་པོ་ཞིག་ཡོད་ན་ཡང་གཞན་དོན་མི་འགྲུབ་པས།  དེ་འདྲ་ཡང་མ་ཡིན་པ་བརྩེ་བའི་ཐུགས་རྗེ་ཡང་མ་གཅིག་གི་བུ་ལ་བྱམས་པ་བཞིན་དུ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ལ་སེམས་ཅན་ཐམས་ཅད་ལ་བརྩེ་བའི་ཐུགས་རྗེ་ཡང་ཡོད་པས་ དགྲ་གཉེན་བར་མ་རིས་སུ་མ་ཆད་པའི་འགྲོ་བ་ཀུན་ལ་ཚེ་འདི་དང་ཚེ་ཕྱི་མ་ཕན་ཆད་གཏན་གྱི་དགེ་ལེགས་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པའི་དགེ་ལེགས་བསྒྲུབ་པའི་ཐུགས་བརྩེ་བ་ཆེན་པོ་མ་ཡི་བུ་གཅིག་པུ་ལ་བརྩེ་བ་བཞིན་དུ་སེམས་ཅན་ཐམས་ཅད་ལ་བརྩེ་བའི་བརྩེ་བ་ཅན་ཡིན་པའི་ཕྱིར་ན་མཁྱེན་པ་ཡོད་ཀྱང་བརྩེ་བ་མེད་ན་ཉན་རང་ལྟ་བུ་འགྱུར་སྲིད་ཀྱང་དེ་འདྲ་མ་ཡིན་པ་བརྩེ་བ་ཅན།  མཁྱེན་བརྩེ་གཉིས་ཡོད་ཀྱང་ནུས་པ་མེད་ན་མ་ལག་ཞ་མའི་མདུན་དུ་བུ་ཆུས་འཁྱེར་བར་ན་བུ་ཆུས་འཁྱེར་བ་ཤེས་པའི་ཤེས་རབ་ཡོད།   བུ་ཆུས་ཁྱེར་བ་ལ་སྙིང་རྗེ་ཡོད་ཀྱང་ལག་པ་ཞ་ཚར་དུས་བུ་ཆུ་ལས་འདོན་པའི་ནུས་པ་མེད་དུས་ཅི་ཕན་འདི་ཕན་མེད་པས།  དེ་འདྲ་མ་ཡིན་པར་རྗེ་བཙུན་གྲགས་པའི་ཞབས་ལ་ནུས་པའང་ཡོད་པ་སྟོན་པའི་དབང་དུ་བྱས་ན་ཚིག་རྐང་གསུམ་པས་ནུས་པའི་ཡོན་ཏན་བསྟན་ཏེ་སེམས་ཅན་ཐམས་ཅད་ལ་གནས་སྐབས་ཕན་པ་དང་མཐར་ཐུགས་བདེ་བ་བསྒྲུབ་པའི་ཆོ་འཕྲུལ་ལམ་རྫུལ་འཕྲུལ་བསམ་ཡས་པ་སྟེ་བསམ་གྱིས་མི་ཁྱབ་པའི་ནུས་པའི་ཕྲིན་ལས་དེ་ཡང་ཕྱོགས་རེ་བ་དང་དུས་རེས་འགའ་བ་ཙམ་མ་ཡིན་པ་རྗེ་བཙུན་གྲགས་པའི་ཞབས་ཀྱིས་ནུས་པའི་ཡོན་ཏན་དེ་ནི་ནམ་མཁའ་མ་སྟོང་འཁོར་བ་མ་འཇིག་གི་བར་དུ་རྟག་ཁྱབ་རྒྱུན་མི་ཆད་པར་དེ་འདྲའི་སྟོབས་དང་ནུས་པ་མངའ་བས་ནུས་པའི་ཡོན་ཏན་བསྟན་ནས།  དེ་ལྟར་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་དང་ལྡན་པའི་འཇམ་མགོན་གྱི་ངོ་བོར་ཞེས་པ་སྟེ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་སྐུའི་དམན་ཤོས་ཞབས་ལ་རྩོམ་པ་པོས་ལུས་ཀྱི་མགོ་བོས་གཙུག་གིས་གུས་པས་བཏུད་དེ་ཕྱག་འཚལ་ལོ་ཞེས་པའོ།།  གསུམ་པ་རིགས་པའི་དབང་ཕྱུག་རྣམ་གཉིས་ལ་མཆོད་པ་བརྗོད་པ་ནི།   བློ་གྲོས་སྤྱི་གཙུག་ཡོན་ཏན་ནོར་བུའི་རྒྱན་གྱིས་སྤྲས། །བདེན་གཉིས་རོ་འཛིན་སྟོང་ཉིད་ཕུད་སྒྲའི་སྒྲ་སྒྲོགས་ཤིང་། །མཁྱེན་བརྩེན་ལྟ་ཟེར་ཕས་རྒོལ་སྐྱེ་བོས་མི་བཟོད་པ། །བློ་གསལ་རྒྱ་མཚོའི་རྒྱན་གྱུར་དཔལ་ལྡན་ཀླུ་དབང་རྒྱལ། །ཞེས་ཚིགས་སུ་བཅད་པ་གཅིག་གི་སྒོ་ནས་བསྟན་པའི་དོན་ཅུང་ཟད་བཤད་ན།  འདིར་ཕྱོགས་ཀྱི་གླང་པོ་དང་ཆོས་ཀྱི་གྲགས་པ་གཉིས་ཀྱི་ཐུགས་རྒྱུད་ལ་མངའ་བའི་ཕྲ་ཞིང་མཆོག་ཏུ་ཟབ་པའི་བློ་གྲོས་ཀྱི་སྤྱི་གཙུག་སྟེ། རིག་པའི་དབང་ཕྱུག་རྣམ་གཉིས་ཀྱིས་དངོས་སྟོབས་ཀྱི་རིགས་པ་ནི་ཀླུ་དབང་རྣམས་ཀྱི་སྤྱི་གཙུག་ན་ནོར་བུ་རིན་པོ་ཆེ་ཡོད་པ་དེ་དང་ཆོས་མཚུངས་སུ་སྦྱར་ནས་སློབ་དཔོན་དེ་གཉིས་ལ་ཟད་མི་ཤེས་པའི་རྣམ་དཔྱོད་དང་ཤེས་རབ་ཡེ་ཤེས་སོགས་ཡོན་ཏན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་རྒྱན་གྱིས་སྤྲས་པའི་གཟུགས་རྒྱན་དུ་བཀོད་པ་དང་།   དོན་དམ་དོན་བྱེད་ནུས་པ་གང་གསུང་པ་ལྟར་དོན་དམ་པ་དོན་བྱེད་ནུས་པ་དེ་དོན་དམ་བདེན་པའི་མཚན་ཉིད།  དོན་དམ་པ་དོན་བྱེད་མི་ནུས་པ་དེ་ཀུན་རྫོབ་བདེན་པའི་མཚན་ཉིད་དེ།  དེ་ལྟ་བུའི་བདེན་པ་གཉིས་ཀྱི་དོན་མ་འདྲེས་པ་གསལ་བར་མཁྱེན་ཅིང་སྟོན་པར་བྱེད་པ་ནི་སྦྲུལ་ཆེན་པོ་རྣམས་ལ་རོ་འཛིན་ཏེ་ལྗགས་གཉིས་ཡོད་པ་དང་ཆོས་མཚུངས་སུ་སྦྱར་ནས་གཟུགས་སུ་བཀོད་ཡོད་པ་དང་།   བདག་མེད་པ་དང་སྟོང་པ་ཉིད་སྟོན་པའི་སྒྲ་དེ་དུག་སྦྲུལ་ཆེན་པོ་རྣམས་ཀྱིས་ཕུད་སྒྲའི་སྒྲ་བསྒྲོགས་པ་དང་ཆོས་མཚུངས་སུ་སྦྱར་ནས་གཟུགས་རྒྱན་དུ་བཀོད་པ་དང་།   རང་དོན་དུ་མཁྱེན་པ་དང་གཞན་དོན་དུ་བརྩེ་བ་ཟུང་དུ་འཇུག་པའི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ཤས་མི་བཟོད་པ་གདུལ་བྱའི་རྒྱུད་ལ་སྐྱེ་བ་ནི་དུག་སྦྲུལ་རྣམས་ལ་མཐོང་བའི་དུག་དང་རེག་པའི་དུག་ལྟ་བའི་དུག་སོགས་ཡོད་པས་དེ་དང་ཆོས་མཚུངས་སུ་སྦྱར་ནས་འདིར་ལྟ་བའི་དུག་གི་ཟེར་མི་བཟོད་པའི་ཟུག་རྔུ་སྟེར་བས་དཔེ་དེ་བཞིན་དུ་རྟག་ཆད་སོགས་མཐའ་འཛིན་ལྟ་བའི་ཕས་རྒོལ་ལོག་སྨྲའི་ཚོགས་ཀྱིས་ལྟ་བས་མི་བཟོད་པ་གཟུགས་རྒྱན་དུ་བྱས་པ་དང་།   རྣམ་གྲོལ་དོན་གཉེར་ཅན་གྱི་སྐྱེ་བོའི་ཚོགས་གདུལ་བྱ་རྣམས་རྒྱ་མཚོ་ཆེན་པོ་དང་ཆོས་མཚུངས་སུ་སྦྱར་ནས་གདུལ་བྱའི་སྐྱེ་བོ་རྣམས་ཀྱིས་རྒྱན་དུ་གྱུར་པ་ནི་རིག་པའི་དབང་ཕྱུག་རྣམས་གཉིས་ཏེ། རྒྱ་མཚོ་ཆེན་པོའི་རྒྱན་དུ་གྱུར་པ་ནི་ཀླུའི་དབང་པོ་ཡིན་པ་དེ་བཞིན་དུ་དཔལ་ལྡན་ཕྱོགས་ཀྱི་གླང་པོ་དང་ཆོས་ཀྱི་གྲགས་པ་རྣམ་གཉིས་བློ་གསལ་གྱི་གདུལ་བྱ་རྒྱ་མཚོ་ལྟ་བུའི་རྒྱན་དུ་གྱུར་པའི་ཀླུ་དབང་དང་མཚུངས་ཆོས་སུ་གཟུགས་རྒྱན་དུ་བཀོད་དེ་རིག་པའི་དབང་ཕྱུག་རྣམ་གཉིས་ཕྱོགས་དུས་ཀུན་ཏུ་རྒྱལ་བར་གྱུར་ཅིག་ཅེས་ཀླུ་དང་ཆོས་མཚུངས་རྣམ་པར་ལྔའི་སྒོ་ནས་གཟུགས་ཅན་གྱི་རྒྱན་དུ་བཀོད་དེ་མཆོད་པར་བརྗོད་པའོ།།  གསུམ་པ་བསྟན་བཅོས་བརྩམས་པའི་དགོས་པ་བསྟན་པ་ནི། གངས་རིའི་ཁྲོད་འདིར་མཁས་པའི་རྒྱུ་སྐར་བྱེ་བ་བརྒྱས། །དཔལ་ལྡན་གྲགས་པའི་གསུངས་རབས་པདྨོ་ཁ་ཕྱེས་མོད། །གང་བློའི་ཉི་འོད་སྣང་བས་མ་ཁྱབ་དེ་སྲིད་དུ། །གཞུང་ལུགས་དགོངས་དོན་གེ་སར་སྙིང་པོ་གསལ་མ་ནུས། །ཞེས་པ་འདིའི་དོན་ནི་གངས་རིའི་ར་བས་བསྐོར་བའི་གངས་ཅན་ལྗོངས་ཀྱི་ཁྲོད་འདིར་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་དང་ཕྱ་གཙང་དན་གསུམ་སོགས་བོད་གངས་ཅན་གྱི་ལྗོངས་སུ་གཏན་ཚིག་རིགས་པ་ལ་ཤིན་ཏུ་མཁས་པའི་ཚོགས་ནམ་མཁའི་རྒྱུ་སྐར་ཤར་བ་ལྟར་བྱེ་བ་བརྒྱ་ཕྲག་མང་པོའི་དཔལ་ལྡན་ཆོས་ཀྱི་གྲགས་པའི་གསུང་རབས་ཚད་མ་སྡེ་བདུན་གྱི་པདྨོ་འཆད་ཉན་སྤེལ་གསུམ་གྱི་སྒོ་ནས་ཁ་ཕྱེས་ཡོད་མོད།   འོན་ཀྱང་བརྩམས་པ་པོ་ས་སྐྱ་པཎྜི་ཏ་གང་གིས་བློའི་མཁྱེན་དཔྱོད་ཀྱི་ཉི་མའི་འོད་ཀྱི་སྣང་བས་ཚད་མ་བདེ་བདུན་གྱི་པདྨོ་ལ་མ་ཁྱབ་པར་དེ་སྲིད་དུ་གཞུང་ལུགས་འདིའི་དགོངས་དོན་མཐར་ཐུག་པའི་གེ་སར་དབུས་ཀྱི་སྙིང་པོའམ་ཟེའུ་འབྲུ་ལྟ་བུ་དེ་བོད་སྔ་རབས་པའི་མཁས་པ་རྣམས་ཀྱི་བློ་གྲོས་ཀྱིས་འཇུག་པ་རྒྱུ་སྐར་གྱི་འོད་ལྟར་ཉག་ཕྲ་བས་གསལ་བར་བྱས་མ་ནུས་ཞེས་གསུངས་སོ།།   བཞི་པ་བརྩམ་པ་དམ་བཅའ་བ་ནི། ཆོས་ཀྱི་གྲགས་པའི་བཞེད་གཞུང་ཇི་ལྟ་བར། །བློ་གྲོས་གསལ་བའི་མིག་གིས་ལེགས་མཐོང་ནས། །ཤེས་ལྡན་གཟུ་བོར་གནས་ལ་དོན་གཉེར་བ། །གཞན་ལ་བརྩེ་བའི་བསམ་པས་འདི་བཤད་དོ།།   གོང་དུ་བཤད་པ་ལྟར་བོད་སྔ་རབས་པའི་མཁས་པ་དེ་དག་གིས་ཚད་མ་སྡེ་བདུན་གྱི་དགོངས་པ་མཐར་ཐུགས་པའི་དོན་གསལ་བར་བྱེད་མ་ནུས་པ་རྒྱུ་མཚན་དེ་ལ་བརྟེན་ནས་ཆོས་རྗེ་ས་སྐྱ་པཎྜི་ཏས་དཔལ་ཆོས་ཀྱི་གྲགས་པས་བཞེད་པའི་ཚད་མ་སྡེ་བདུན་གྱི་གཞུང་ལུགས་ཀྱི་དགོངས་དོན་མཐར་ཐུག་པ་ཇི་ལྟ་བར་གཟིགས་ནས། སྐྱེས་ཐབས་ཀྱི་ཤེས་རབ་ནི་སྐྱེ་བ་གཞན་དུ་སྦྱངས་པ་ཕུན་སུམ་ཚོགས་པས་རྒྱུ་བྱས་སྦྱོང་ཐབས་ཀྱི་བརྩོན་འགྲུས་ཕུན་སུམ་ཚོགས་པ་ནི་རྩེགས་སྟོན་དབང་ཕྱུག་སེངྒེ་དང་ཁ་ཆེ་པཎ་ཆེན་སོགས་བསྟེན་ཏེ་ཚད་མའི་གཞུང་ལུགས་ཀུན་ལ་སྦྱངས་པས་རྐྱེན་བྱས་ནས།  སྐྱེས་སྦྱངས་ཀྱི་ཤེས་རབ་ཕུན་སུམ་ཚོགས་པའི་འབྲས་བུ་མངོན་དུ་གྱུར་ཏེ་རྣམ་དཔྱོད་དང་བློ་གྲོས་རབ་ཏུ་གསལ་བའི་མིག་གིས་དཔལ་ཆོས་ཀྱི་གྲགས་པའི་གཞུགས་ལུགས་ཚད་མ་སྡེ་བདུན་གྱི་དགོངས་དོན་ཐམས་ཅད་ལེགས་པར་མཐོང་ནས། །མཐོང་བ་ཉིད་རང་དགར་དུ་མི་འཇོག་པར་བཞན་དོན་དུ་བརྩེ་བའི་བསམ་པས་ཤེས་པ་ལྟར་འདིར་བཤད་དོ་ཞེས་བརྩམ་པ་དམ་བཅའ་ནས།  གང་ལ་བཤད་ན་སྣོད་དང་ལྡན་པའི་གདུལ་བྱ་ལ་བཤད་ཅེས་པའི་དོན་དང་།  སྣོད་དང་ལྡན་པའི་གདུལ་བྱ་དེ་གང་ཞེ་ན་ཤེས་རབ་དང་ལྡན་པ་སྟེ་ཆོས་དང་ཆོས་མ་ཡིན་པ་རྣམ་པ་འབྱེད་པའི་རྣམ་དཔྱོད་དང་ལྡན་པའི་གང་ཟག   དེའང་གཡོ་སྒྱུ་མེད་པར་བློ་གཟུ་བོར་གནས་པ།   དོན་གཉེར་དང་ལྡན་པ་རྣམས་ལ་བཤད་ཅེས་པ་སྟེ་ཆོས་དང་ཆོས་མ་ཡིན་པ་འབྱེད་པའི་རྣམ་དཔྱོད་དང་བློ་གྲོས་མི་ལྡན་པའི་གང་ཟག་བ་གླང་ལྟ་བུ་ཞིག་ལ་ཇི་ལྟར་བཤད་ཀྱང་ཉིན་མ་གཅིག་ལྟ་བུ་མ་གཏོགས་དོན་གོ་བར་མི་འགྱུར་བས་ཡར་སྐྱེད་མེད་པས་བཤད་པ་དོན་མེད་དུ་འགྱུར་བ་དང་།  གཟུ་བོར་མི་གནས་པའི་གང་ཟག་ལ་འཐད་སྒྲུབ་ཀྱི་རིགས་པའི་བབ་དང་མི་བསྟུན་བར་གཡོ་སྒྱུ་དང་ཚུལ་མིན་ཡིད་བྱེད་སོགས་རྣམ་རྟོག་གི་རྗེས་སུ་འབྲང་ནས་རང་འདོད་ཀྱི་འཁྲི་བ་ཁོ་ནས་གཞན་དང་མཐུན་པར་མི་འགྱུར་བར་བློ་གཟུ་བོར་མི་གནས་པས་ཕན་ཐོགས་པ་མི་འགྱུར་བ་དང་།  དོན་གཉེར་མེད་ན་ཁྱི་སྔུན་རྩྭ་འཇོག་པ་ལྟར་རིགས་པའི་གཞུང་ལ་སྦྱོང་འདོད་མེད་པས་རྫ་དཔལ་སྤྲུལ་གྱིས་དོན་གཉེར་རབ་ཅིག་ཡོད་ན་ཆོས་པ་རབ་ཅིག་འོང་།  དོན་གཉེར་འབྲིང་ཞིག་ཡོད་ན་ཆོས་པ་འབྲིང་ཞིག་འོང་།  དོན་གཉེར་ཐ་མ་ཙམ་ཞིག་ལས་མེད་ན་ཆོས་པ་ཐ་མ་ཙམ་ཞིག་ལས་མི་འོང་།  དོན་གཉེར་རྩ་བ་ནས་མེད་ན་ཆོས་རྩ་བ་ནས་མི་འགྲུབ་གསུང་པ་ལྟར་དོན་གཉེར་མེད་པའི་གང་ཟག་ལ་ཕན་ཐོག་པར་མི་འགྱུར་བས་གདུལ་བྱ་བསྣོད་དང་ལྡན་པ་རྣམས་ལ་བཤད་ཅེས་རིགས་དགར་དགོས་པའི་རྒྱུ་མཚན་ཡང་དེ་ཡིན་ནོ།།

གཉིས་པ་གཞུང་དངོས་བཤད་པ་ལ་ཤེས་བྱ་སྤྱི་ལྡོག་ནས་གཏན་ལ་དབབ་པ་དང་།  ཤེས་བྱེད་ཚད་མའི་རང་བཞིན་ངེས་པ་བྱ་བ་གཉིས་ལས།  དང་པོ་ཤེས་བྱའི་ཡུལ།  ཤེས་བྱེད་ཀྱི་བློ།  བློ་དེས་ཡུལ་རྟོགས་ཚུལ་དང་བཅས་པའོ།།  དེའང་ཤེས་བྱའི་ཡུལ་ལའང་ཡུལ་གྱི་མཚན་ཉིད་དང་།  དབྱེ་བ།  དོན་བསྡུ་བ་དང་གསུམ་ཡོད་པ་ལས་དང་པོ་ཡུལ་གྱི་མཚན་ཉིད་ནི། རྩ་བ་ལས། ཡུལ་གྱི་མཚན་ཉིད་བློས་རིག་བྱ། །ཞེས་གསུང་སྟེ། ཤེས་བྱ་ཡུལ་གྱི་མཚན་ཉིད་ནི་རང་འཛིན་གྱི་བློས་རིག་པ་བྱ་བ་དེ་ཡིན་ལ།  འདི་ལ་ཁ་ཅིག་གིས་མཚན་ཉིད་འདི་ལ་མ་ཁྱབ་ཁྱབ་ཆེ་མི་སྲིད་གསུམ་གྱི་སྐྱོན་སྤོང་མཛད་མི་ཐུབ་པས་འདི་ལ་ཁྱབ་ཆེ་བའི་སྐྱོན་ཡོད་དེ།  གང་ལ་ཁྱབ་ཆེ་བའི་སྐྱོན་ཡོད་ཅེ་ན་རབ་རིབ་ཅན་ལ་སྐྲ་ཤད་སྣང་བ་དང་མིག་བཙིར་བའི་གང་ཟག་ལ་ཟླ་བ་གཉིས་སྣང་ལྟ་བུ་དེ་ལ་ཁྱབ་ཆེ་བའི་སྐྱོན་ཡོད་ཅེས་བཤད་དེ།  དེས་ན་འཛིན་སྟངས་མ་འཁྲུལ་བའི་བློས་རིག་པ་བྱ་བ་དེ་ཡུལ་གྱི་མཚན་ཉིད་ཡིན་ཞེས་བརྗོད་ཀྱང་།  ཀུན་ཆེན་གོ་རམས་པས་དེ་འདྲ་དོགས་གཞི་མཛད་མི་དགོས་ཏེ། ཟླ་བ་གཉིས་སྣང་དེ་ཡུལ་མ་ཡིན་ཞེས་གསུངས་སོ།།   ཟླ་བ་གཉིས་སྣང་དེ་ཟླ་གཉིས་འཛིན་པའི་བློ་ལ་ལྟོས་ན་བློ་དེས་སྣང་ཡུལ་ལྟ་བུ་མཐོང་གི་ཡོད་ནའང་།  ཟླ་གཉིས་དེ་སྤྱི་ཁྱབ་འཇིག་རྟེན་མཐུན་སྣང་ལ་ལྟོས་ནས་བཞག་པ་ཞིག་ཡིན་ན།  ཟླ་གཉིས་དེ་ཤེས་བྱ་ལ་གྲུབ་མྱོང་མེད།  ཟླ་གཉིས་ཡིན་ན་ཤེས་བྱ་ལ་མ་གྲུབ་པས་ཁྱབ།  ཟླ་གཉིས་ཡིན་ན་གཞལ་བྱ་མ་གྲུབ་པས་ཁྱབ།  དེས་ན་ཟླ་བ་གཉིས་སྣང་དེ་ཡུལ་ཡིན་མིན་གྱི་ཐེ་ཚོམ་མམ་དོགས་པ་གཏན་ནས་སྐྱེ་མི་དགོས་པས་ཟླ་གཉིས་མེད་པའི་ཕྱིར་ན་ཟླ་གཉིས་ཡུལ་དུ་མི་འཛིན།  ཟླ་གཉིས་ཡུལ་དུ་མི་འཛིན་པའི་ཕྱིར་ན་འདིར་ཡུལ་གྱི་མཚན་ཉིད་བློས་རིག་བྱ་ཞེས་མཚན་ཉིད་ཡང་དག་གཞུང་དོན་དངོས་བསྟན་སྒྲ་ཇི་བཞིན་པ་ཡིན་པར་གོ་དགོས།  གཞན་དུ་ན་འཛིན་སྟངས་མ་འཁྲུལ་བའི་བློས་རིག་པ་བྱ་བ་དེ་ཡུལ་གྱི་མཚན་ཉིད་ཡིན་ཞེས་རྣམ་བཞག་བྱ་དགོས་ན།  དེས་ན་དོན་སྤྱི་ཆོས་ཅན་ཁྱོད་སྣང་ཡུལ་མ་ཡིན་པ་ཐལ།  འཛིན་སྟངས་མ་འཁྲུལ་བའི་གཟུང་བྱ་མ་ཡིན་པའི་ཕྱིར་ཏེ་རྟོག་པ་ངོ་བོ་ཉིད་ཀྱི་འཁྲུལ་པ་ཡིན་པའི་ཕྱིར་ཞེས་གཏན་ཚིག་གིས་གནོད་པ་འབྱུང་བས།  དོན་སྤྱི་ཞེས་པ་འདིར་ཡང་འོག་ཏུ་སྤྱི་བྱེ་བྲག་བརྟག་པའི་སྐབས་དང་།  ཡུལ་བརྟག་པའི་སྐབས་འདིར་ཅུང་ཟད་བཤད་རྒྱུ་ཡོད་པར་བཞིན་དུ།  བུམ་པ་ལྟ་བུ་ཞིག་ལ་མཚོན་ནས་དཔེར་བཞག་པ་ཞིག་ཡིན་ན།  གསེར་གྱི་བུམ་པ་དང་དངུལ་གྱི་བུམ་པ་ཟངས་ཀྱི་བུམ་པ་སའི་བུམ་སོགས་གང་ཡིན་རུང་།  དེ་དག་ཐམས་ཅད་རང་མཚན་ལ་ལྟོས་བཞག་པ་ཞིག་ཡིན་ན་ཡུལ་མ་འདྲེས་པར་ཤར་ལྷོ་ནུབ་བྱང་སོགས་གང་དུ་ཡོད་ན་དེར་ཡོད་རེད་མ་གཏོགས།  གཅིག་གཅིག་གི་ནང་འཛུལ་ནས་གཅིག་རེད་འགྲོ་རྒྱུ་གཏན་ནས་མེད་ལ།  དུས་ཀྱང་འདས་མ་འོངས་པའི་བུམ་པ་རྣམས་གཅིག་རེད་འགྲོ་རྒྱུ་མེད།  རང་བཞིན་ཡང་གསེར་བུམ་དང་དངུལ་བུམ་སོགས་གཅིག་རེད་འགྲོ་རྒྱུ་མེད་དེ།  ཡུལ་དུས་རང་བཞིན་མ་འདྲེས་པར་སོ་སོར་གནས་ཡོད་པའི་ཕྱིར་ན།  དེས་ན་རང་རེ་ལྟ་བུའི་རྟོག་བྱེད་ཀྱི་བློས་གཅིག་གཟུང་འོང་དུས།  ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་སོགས་དོན་བྱེད་ནུས་པའི་མཚན་ཉིད་ཅན་གྱི་བུམ་པ་སྤྱི་ལ་འཛིན་སྟངས་གཅིག་ལྟ་བུ་ཞིག་འབྱུང་གི་ཡོད་པ་རེད།   བུམ་པ་སྤྱི་ལ་འཛིན་སྟངས་གཅིག་ལྟ་བུ་ཞིག་འབྱུང་གི་ཡོད་པའི་རང་གིས་རྟོགས་པའི་ངོར་ཤར་བའི་བུམ་པའི་རྣམ་པ་དེ་ཉིད་ཡུལ་དུས་རང་བཞིན་ཐུན་མོང་བ་སྒྲོ་བཏགས་པའི་ཆ་དེ་སྐབས་འདིར་དོན་སྤྱི་ཞེས་གོ་དགོས་པ་ཡིན།   འདི་ལ་ཁ་གཅིག་གིས་རྟོག་པ་ལ་བུམ་པའི་རྣམ་པ་སྣང་ཙམ་པ་དེ་དོན་སྤྱི་ཡིན་ཟེར་ནས་སྤྱི་དང་སྤྱི་མཚན་ཁག་མ་ཕྱེས་ནས་བཤད་པ་ཡོད་མོད། རིགས་གཏེར་གྱི་དགོངས་པ་ལ་དེ་སྤྱི་དང་སྤྱི་མཚན་ཐ་དད་མེད་པའི་ཕྱིར་ན་དོན་སྤྱི་ཡིན་ཟེར་ནས་ཁས་མི་ལེན་པས།  རྟོག་པ་ལ་རྣམ་པ་སྣང་ཙམ་པ་དེ་ཤེས་པ་རང་མཚན་ཡིན་པའི་ཕྱིར་ན་རང་རིག་མངོན་སུམ་ཚད་མའི་གཞལ་བྱ་དང་ཤེས་པ་རང་མཚན་སོགས་སུ་འཇོག་པ་ལས་དོན་སྤྱི་དང་སྤྱི་མཚན་སོགས་སུ་འཇོག་རིགས་པ་མ་ཡིན་ནོ།།   དེ་བཞིན་དུ་ཕྱི་རོལ་གྱི་བུམ་པ་སྒྲོ་བཏགས་པའི་དངོས་མེད་ཀྱི་ཆ་དེ་ལ་དོན་སྤྱི་ཞེས་བརྗོད་པ་ཡིན་ཏེ།  གསེར་བུམ་དང་དངུལ་བུམ་འདས་མ་འོངས་ཀྱི་བུམ་པ་སོགས་སོ་སོར་ཁྱད་པར་གཏན་ནས་མ་ཕྱེས་པར་རང་གིས་རྟོག་པའི་དངོས་ཡུལ་དུ་བུམ་པའི་རྣམ་པ་ཞིག་ཤར་འོང་རྒྱུ་དེ་ཕྱི་རོལ་གྱི་བུམ་པ་ཡིན་སྙམ་པ་ལྟ་བུའི་སྒྲོ་བཏགས་ཀྱི་ཆ་དེ་ལ་དོན་སྤྱི་ཞེས་བརྗོད་པ་ཡིན།  དེ་བཞིན་དུ་ཤིང་ཡིན་ནའང་དཔེ་དེ་མཚུངས་ཡིན་ལ།   ཤིང་གླང་མ་དང་སྟག་པ་འབོ་ལོ་ཤ་པ་དང་ཤུག་པ་སོགས་ཡུལ་དུས་རང་བཞིན་རྣམ་པ་ཐ་དད་པའི་ཤིང་མང་པོ་ཞིག་ཡོད་ནའང་།  དེ་དག་ཐམས་ཅད་ཡལ་ག་ལོ་མ་དང་ལྡན་པའི་མཚན་ཉིད་ཅན་དེ་ཡིན་ཚར་ནས་བཟུང་རྟོག་ཅན་གྱི་བློས་འདྲ་བ་ལ་གཅིག་ཏུ་ཞེན་ཟེར་བ་ལྟར།   ཤུག་པའང་ཡལ་ག་ལོ་མ་དང་ལྡན།  སྟག་པའང་ཡལ་ག་ལོ་མ་དང་ལྡན།  གླང་མའང་ཡལ་ག་ལོ་མ་དང་ལྡན། རྟོག་པའི་བློས་དེ་དག་ཐམས་ཅད་ལ་ཤིང་ཟེར་ནས་གཅིག་ཏུ་གཟུང་བ་ལས་སོ་སོར་མ་ཕྱེས་པར་ཤིང་ཟེར་ནས་གཅིག་ཏུ་ཞེན་པའི་ཡལ་ག་ལོ་མ་དང་ལྡན་པའི་རྣམ་པ་ལ་ཕྱི་རོལ་ཏུ་ཞེན་པའི་ཆ་དེ་ཤིང་གི་སྤྱི་ཞེས་བརྗོད་པ་ཡིན།   དེ་ཤིང་སྤྱི་ཡིན་ཏེ་གླང་མ་དང་སྟག་པ་སོགས་ཐམས་ཅད་ལ་ཁྱབ་པ་ཡིན་ཏེ།  དཔེར་ན་ཁྱོད་ལ་ཤིང་ཡོད་དམ་ཞེས་དྲིས་པ་ན་གླང་མ་ལྟ་བུ་གཅིག་ཡོད་ནའང་ཤིང་ཡོད་ཅེས་ལན་འདེབས་པར་སྨོས་མ་དགོས་པ་རེད།   དེ་ཚོ་ཚང་མ་ལ་ཤིང་ཟེར་གཅིག་ཏུ་འཁྲུལ་ནས་རྟོག་པའི་ངོ་ལ་ཡལ་ག་ལོ་མ་དང་ལྡན་པའི་རྣམ་པ་སྣང་ཞིང་དེ་ཉིད་ཕྱི་རོལ་ཏུ་ཤིང་དུ་སྒྲོ་བཏགས་པའི་ཆ་དེ་ལ་ཤིང་གི་སྤྱི་ཡིན་ཏེ། འོག་ཏུ་བྱེ་བྲག་གྲུབ་ན་སྤྱི་གྲུབ་པ་རང་བཞིན་གྱི་རྟགས་ཡིན་གསུངས་པ་ལྟར།  ཤུག་པ་ཡོད་ན་ཤིང་ཡོད་པས་ཁྱབ།  འབོལ་ལོ་ཡོད་ན་ཤིང་ཡོད་པས་ཁྱབ་པའི་ཕྱིར་ན། བྱེ་བྲག་གྲུབ་ན་སྤྱི་གྲུབ་པ་དེ་ཡང་དེ་འདྲའི་ཤིང་གི་སྤྱི་དེ་བྱེ་བྲག་ཤུགས་པ་ལྟ་བུ་ལའང་སྒྲོ་བཏགས་ཏེ་ཤིང་ཡོད་སྙམ་ཆོག་སྟེ།  གང་ཡིན་ཞེ་ན་ཡལ་ག་ལོ་མ་དང་ལྡན་ཚད་སོ་སོར་གཏན་ནས་མ་ཕྱེས་པར་ཤིང་ཟེར་ནས་རྟོག་པའི་བློས་ཤིང་གི་ཐུན་མོང་དུ་སྒྲོ་བཏགས་ནས་དོན་གྱིས་བཟུང་བ་དེ་ལ་དོན་སྤྱི་ཞེས་བརྗོད་པ་ཡིན།  དོན་སྤྱི་དེ་ཡང་གཞལ་བྱ་ཡིན་ཏེ། རྟོག་པའི་བློ་ལ་དངོས་སུ་སྣང་བཞིན་ཡོད་པ་དང་།  འོ་ན་དེ་ཕྱི་རོལ་དུ་སྒྲོ་བཏགས་པའི་དངོས་མེད་ཀྱི་ཆ་ཡིན་པའི་ཕྱིར་ན་ཟླ་བ་གཉིས་སྣང་ཡུལ་མ་ཡིན་པ་བཞིན་དུ་དོན་སྤྱི་ཡང་སྣང་ཡུལ་མ་ཡིན་པ་ཐལ་ཟེར་ན་དེའི་སྐྱོན་མེད་དེ།  འོག་ཏུ་འཆད་འགྱུར་བཞིན་དུ་ཟླ་བ་གཉིས་སྣང་ལ་རང་མཚན་གྱི་ཡུལ་དུ་མེད་ཅིང་ཡུལ་ཡིན་པ་སྒྲོ་བཏགས་པ་ལ་དགོས་པ་ཅུང་ཟད་ཙམ་ཡང་མེད།  དོན་སྤྱི་འདི་ལ་རང་མཚན་གྱི་ཡུལ་དུ་མེད་ཀྱང་དེ་ལ་ཡུལ་དུ་སྒྲོ་བཏགས་ན་དགོས་པ་ཡོད་དེ།  གང་ཡིན་ཞེ་ན་དཔེར་ན་དགག་སྒྲུབ་ཅིག་ཅར་དུ་རྟོག་པའི་དགོས་པ་ཡང་སྤྱི་ལ་ལྟོས་ནས་གྲུབ་ཡོང་བར་ཡིན་པས།  བུམ་པ་ཚང་མ་ལ་བུམ་པ་ཞེས་སྤྱི་གཅིག་ཏུ་འཁྲུལ་པའི་བློ་དེ་ཡོད་ན་དགག་སྒྲུབ་ཐམས་ཅད་ཅིག་ཅར་དུ་རྟོགས་འགྲོ་བ་ཡིན་ཏེ།  དགག་པའི་ཚེ་ན་བུམ་པ་མེད་ཅེས་བརྗོད་པ་ཙམ་གྱིས་བུམ་པ་ཐམས་ཅད་མེད་པར་གོ་བར་ལྟར།  བསྒྲུབ་པའི་ཚེ་ནའང་ཁྱོད་ལ་བུམ་པ་ཡོད་དམ་ཞེས་ཐོས་མ་ཐག་བུམ་པ་གསེར་བུམ་མ་རེད་དངུལ་བུམ་མ་རེད་ང་རང་ལ་ཡོད་པ་དེ་ཟངས་བུམ་རེད་ཟེར་བ་ལྟ་བུ་དེ་འདྲའི་བྱེ་བྲག་གཏན་ནས་ཕྱེ་མི་དགོས་པར་བུམ་པ་ཡོད་དམ་ཞེས་དྲིས་མ་ཐག་ཏུ་གསེར་བུམ་ཡིན་ན་དངུལ་བུམ་ཡིན་ན་ཁྱེད་རང་ལ་བུམ་པ་གཅིག་ཡོད་པ་དེ་སྒྲུབ་པ་ཡང་གཅིག་ཆར་དུ་རྟོགས་འགྲོ་བ་ཡིན་པས།  དེ་འདྲ་མ་ཡིན་པར་བུམ་པ་ཐམས་ཅད་ལ་སྤྱི་གཅིག་ཏུ་འཁྲུལ་རོགས་གཏན་ནས་མ་བྱས་ན་དགག་སྒྲུབ་ཐམས་ཅད་གཅིག་ཆར་དུ་རྟོགས་པར་མི་འགྱུར་བས།  ཁྱོད་ལ་བུམ་པ་ཡོད་དམ་ཞེས་དྲིས་ན་བུམ་པ་གཅིག་པུའི་བུམ་པ་ཚང་མ་མེད་པར་མི་གོ་བར། སྤྱི་གཅིག་ཏུ་མི་འཁྲུལ་བའི་རྐྱེན་གྱིས་གསེར་བུམ་མེད་དངུལ་བུམ་མེད་རྫ་བུམ་མེད་ཟེར་ནས་བུམ་པ་མིང་ཤེས་ཚད་ཚང་མ་ཡར་བཏགས་ཏེ་དེ་དང་དེ་མེད་ཟེར་ནས་དགག་པའི་ཚེ་ན་སོ་སོར་དེ་འདྲ་དགག བསྒྲུབ་པའི་ཚེ་ནའང་གསེར་བུམ་མེད་དངུལ་བུམ་མེད་ཟངས་བུམ་ཡོད་ཟེར་བ་ལྟ་བུ་དེ་འདྲ་བཤད་དགོས་ན་བུམ་པ་ལྟ་བུ་གཅིག་ཡོད་མེད་རྩོད་པའི་ཚེ་ནའང་ཉི་མ་མང་པོར་བཤད་རྒྱུ་གཏམ་རྒྱུ་ཐོན་པ་ཞིག་ཡོང་གི་ཡོད་པས། འོན་ཀྱང་བུམ་པ་ཚང་མ་ལ་བུམ་པ་ཞེས་སྤྱི་གཅིག་ཏུ་འཁྲུལ་རོགས་བྱེད་རྒྱུ་འདི་ཡི་བུམ་པ་མེད་ཟེར་བཞག་དུས་དགག་པ་ཐམས་ཅད་གཅིག་ཅར་དུ་རྟོགས་འགྲོ་རྒྱུའི་དགོས་པ་ཡོད་པའི་ཕྱིར་ན། དེས་ན་མེད་པ་གསལ་སྣང་དང་དོན་སྤྱི་གཉིས་རང་མཚན་མེད་པར་གཅིག་ན་ཡང་མེད་པ་གསལ་སྣང་ནི་ཡུལ་དུ་འཇོག་པ་ལ་དགོས་པ་མེད་ཅིང་དོན་སྤྱི་སྣང་ཡུལ་དུ་འཇོག་པའི་རྒྱུ་མཚན་ནམ་དགོས་པ་ཡང་དེ་ཡིན།  དེ་ན་འཛིན་སྟངས་མ་འཁྲུལ་བའི་བློའི་རིག་པ་བྱ་བ་ལྟར་འཇོག་ན་དོན་སྤྱིའང་ཡུལ་མ་ཡིན་པ་ཐལ་དགོས་ན་དེ་མི་འཐད་པའི་ཕྱིར་ན་ཡུལ་གྱི་མཚན་ཉིད་བློའི་རིག་བྱ་ཞེས་རྩ་བའི་དངོས་བསྟན་སྒྲ་ཇི་བཞིན་འཇམ་མགོན་ས་པཎ་གྱིས་ཇི་ལྟར་གསུང་པ་བཞིན་དུ་ཡུལ་གྱི་མཚན་ཉིད་ཡང་དག་ཡིན་པ་ཉིད་དུ་གོ་དགོས།  དེས་ན་གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས་ཞེས་པའི་ལུང་འདྲེན་འཆད་པའི་སྐབས་སུ་འཇུག་ཚུལ་གྱི་སྒོ་ནས་གཞལ་བྱ་ལ་རང་སྤྱི་གཉིས་ཡོད་གསུངས་པ་དང་། མེད་པ་གསལ་སྣང་དེ་དང་མི་འདྲ་བའི་ཕྱིར་ན། གལ་སྲིད་མེད་པ་གསལ་སྣང་ཡང་འཇུག་ཚུལ་གྱི་སྒོ་ནས་ཡུལ་ཡིན་ཟེར་དགོས་ན་ཡུལ་རང་སྤྱི་གཉིས་སུ་མ་ངེས་པར་ཡུལ་རང་མཚན་སྤྱི་མཚན་མེད་པར་གསལ་སྣང་གསུམ་ཡོད་ཟེར་དགོས་ཀྱི་ཡོད་པས་ཆོས་རྗེའི་དེ་འདྲ་མ་གསུངས་ཤིང་རང་སྤྱི་གཉིས་སུ་འཇུག་ཚུལ་གྱི་སྒོ་ནས་ཡོད་གསུང་རྒྱུ་འདིའི་དོན་སྤྱི་སྣང་ཡུལ་དུ་བཞག་གི་མེད་པར་གསལ་སྣང་སྣང་ཡུལ་དུ་མི་བཞག་ཞེས་པའི་དགོངས་པ་ཡང་དེ་ཡིན་ནོ།།  

ལས་དང་པོ་པས་མེད་པ་གསལ་སྣང་ཞེས་པ་དེ་ཡང་གང་ཡིན་གསལ་པོ་ཞིག་ཤེས་པར་མི་འགྱུར་བས།   དོན་རང་མཚན་ལ་དེ་འདྲ་ཞིག་མེད་པར་གསལ་བས་དབང་ཤེས་ལ་དེར་སྣང་བའི་ཕྱིར་ན་མེད་པ་གསལ་སྣང་ཞེས་ངེས་ཚིག་འདིས་རྟོག་མེད་ལོག་ཤེས་ཀྱི་སྣང་ཡུལ་ཐམས་ཅད་མེད་པ་གསལ་སྣང་སྟེ། དཔེར་ན་མཁྲིས་ནད་ཅན་ལ་དུང་སེར་པོར་སྣང་བ་དང་། རབ་རིབ་ཅན་ལ་སྐྲ་ཤད་སྣང་བ།  མིག་བཙིར་བའི་གང་ཟག་ལ་ཟླ་གཉིས་སྣང་བ།  གྲུ་ལ་ཞུགས་པ་ན་ལྗོན་ཤིང་འགྲོ་བར་སྣང་བ། ཉ་ཕྱིས་ལ་དངུལ་དུ་སྣང་བ་སོགས་མངོན་སུམ་ལྟ་སྣང་གི་ཡུལ་འདིའི་རིགས་ཐམས་ཅད་རྟོག་མེད་ལོག་ཤེས་ཀྱི་གཟུང་ཡུལ་ཡིན་ལ།

ཁ་གཅིག་གི་མེད་པ་གསལ་སྣང་འདི་ལ་ལྗོན་ཤིང་ཙམ་སྣང་བ་དེ་བློ་མ་འཁྲུལ་བ་དང་ལྗོན་ཤིང་འགྲོ་བ་སྣང་བའི་བློ་དེ་འཁྲུལ་ཤེས་སུ་བཞག་པ་དང་ནམ་མཁའ་ལ་ཟླ་བ་སྣང་བའི་མིག་ཤེས་མངོན་སུམ་ཚད་མ་དེ་བློ་མ་འཁྲུལ་བ་དང་ཟླ་བ་གཉིས་སྣང་བ་དེ་འཁྲུལ་ཤེས་ཡིན་ཟེར་ནས་འཁྲུལ་མ་འཁྲུལ་གྱི་ཆ་གཉིས་རེ་བཞག་ནས་བཤད་པ་ཡོད་ཀྱང་རིག་གཏེར་གྱི་དགོངས་པ་ལ་དེ་འདྲའི་རྣམ་བཞག་དེ་ཁས་མི་ལེན་པའི་ཕྱིར་ན།  ལྗོན་ཤིང་འགྲོ་བ་དེ་ཤེས་བྱ་ལ་མི་སྲིད་ཟླ་གཉིས་ཤེས་བྱ་ལ་མི་སྲིད་ཟླ་གཉིས་མཐོང་བ་ཡིན་ན་འཁྲུལ་ཤེས་ཡིན་པས་ཁྱབ་པའི་ཕྱིར་ན་འཁྲུལ་མ་འཁྲུལ་ཆ་གཉིས་ཀྱི་རྣམ་བཞག་བྱེད་མི་དགོས་པར་ཟླ་གཉིས་སྣང་བ་དེ་འཁྲུལ་པ་ཡིན།  ལྗོན་ཤིང་འགྲོ་བ་སྣང་བའི་བློ་དེ་འཁྲུལ་པ་ཡིན།  འོན་ཀྱང་དེ་ཉིད་ཁ་ནང་ལྟས་ཀྱི་བློ་དེ་ཚད་མ་ཡིན་ཞེས་རྣམ་བཞག་བྱས་ཡོད་ལ།  ཀུན་མཁྱེན་གོ་རམས་པས་སྤྱི་བཏང་གི་ཟླ་བ་གཉིས་སྣང་ལྟ་བུ་དེ་བློ་དེའི་སྣང་ཡུལ་ཡིན་ཀྱང་སྤྱིར་སྣང་ཡུལ་མ་ཡིན་ཞེས་རིགས་གཏེར་གྱི་དགོངས་པ་ཡིན་ནོ་སྙམ་གསུངས་པའི་དགོས་པ་ཡང་དོན་འདི་ལ་དགོངས་པ་ཡིན་པར་ཤེས་པར་བྱ་རིགས་སོ།།  སྤྱིར་བློ་དེའི་ངོར་སྣང་གི་ཡོད་པ་ཙམ་གྱིས་རྣམ་བཞག་བྱས་མ་བྱས་ཙམ་ལས་དོན་དུ་ཡུལ་ཡོད་མེད་ཀྱི་རྣམ་བཞག་བྱ་དགོས་ན་འཇམ་མགོན་ས་པཎ་གྱིས་ཡུལ་མེད་ཅེས་གསུང་པ་ལྟར་ཟླ་གཉིས་དེ་ཤེས་བྱ་ལ་གྲུབ་མྱོང་མེད་པ་ཉིད་དུ་ཀུན་གྱིས་མཁྱེན་གསལ་ལྟར་ལགས་སོ།།  དོན་སྤྱི་དགོས་པ་ལ་བརྟེན་ནས་སྣང་ཡུལ་ཡིན་གསུང་པ་དེ་རིགས་གཏེར་གྱིས་དགོངས་པ་ཡིན་ལ།  དེང་སང་ཚད་མ་སྨྲ་བའི་ལུགས་ཁ་གཅིག་གིས་ནམ་མཁའ་འདིའང་རང་མཚན་ཞིག་ཡོད་པ་ལྟ་བུ་ཞིག་དང་།  འདུས་མ་བྱས་པའི་དངོས་པོ་ཞིག་ཕལ་ཆེས་བྱེ་བྲག་སྨྲ་བའི་ཚུལ་མཚུངས་པ་ལྟ་བུ་ཞིག་ཁས་བླང་མཛད་ནས་བཤད་པ་ཡོད་ཀྱང་།   ཡང་རིག་གཏེར་གྱི་དགོངས་པ་ལ་ནམ་མཁའ་ཟེར་བ་དེ་ཅི་ཡང་མེད་པ་ཞིག་ལ་ནམ་མཁའ་ཞེས་སྒྲོ་བཏགས་ནས་བརྗོད་པ་ཞིག་མ་གཏོགས་ནམ་མཁའ་ཞེས་ཇི་ལྟར་བརྗོད་ཀྱང་དབྱིབས་དང་ཁ་དོག་སོགས་དོན་དུ་རང་མཚན་དུ་གྲུབ་པ་ཞིག་གང་ཡང་མེད་དེ།  སྐབས་འདིར་ཡང་སོར་མོའི་རྩེ་མོས་བསྟན་པ་ན། །ནམ་མཁའ་མཐོང་ཞེས་བླུན་པོ་འཁྲུལ་ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའི་དོན་དེ་ལྟ་བུ་ལ་དགོངས་ནས་གསུང་པ་ཡིན།  ཆོས་མངོན་པ་ལྟ་བུའི་ཚད་མ་འདི་ལ་ཡར་བཀལ་ནས་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཏེ་ཡུལ་དྲུག་གི་རྣམ་བཞག་བྱས་ནས་ནམ་མཁའ་ཆོས་ཁམས་ཀྱི་ཁོངས་སུ་བསྡུས་ནས་ནམ་མཁའ་ཆོས་ཅན་ཡོད་པ་ཐལ།  ཡུལ་ཡིན་པའི་ཕྱིར། ཡུལ་ཡིན་ཏེ་ཆོས་ཁམས་ཡིན་པའི་ཕྱིར་ཞེས་པ་ལྟ་བུ་སྒྲུབ་བྱེད་བཀོད་ཆོག་ལ།  ཡིན་ཀྱང་ཚད་མ་རྣམ་འགྲེལ་བཞིན་ཚད་མའི་རང་ལུགས་ལྟར་ན་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་མ་གཏོགས་ཡུལ་དྲུག་པའི་ཐ་སྙད་ཞིག་གཏན་ནས་འབྱུང་གི་མེད་པས་ཆོས་མངོན་པའི་ལུགས་ལྟར་བསྒྲུབ་པར་བྱས་ཀྱང་ཐ་སྙད་དེ་མི་འབྱུང་བའི་ཕྱིར་ན་བསྒྲུབ་མི་ནུས་ལ།  དེ་ལྟར་མ་ཡིན་པར་ནམ་མཁའ་ཆོས་ཁམས་སུ་བཞག་ཆོག་ཅིའི་ཕྱིར་ཞེ་ན་རྟོག་པའི་ཡུལ་ཡིན་པའི་ཕྱིར་ཟེར་ནས་རྣམ་འགྲེལ་དང་རིགས་གཏེར་སོགས་ཀྱི་དགོངས་པ་ལྟར་གཏན་ཚིག་བཀོད་དེ་ཡུལ་དྲུག་པ་བཞག་ཆོག་ཀྱང་།  རྟོག་པའི་ཡུལ་་ཡིན་པའི་ཕྱིར་ན་ནམ་མཁའ་རང་མཚན་ཡིན་ཟེར་ན་གཏན་ནས་འགྲིག་གི་ཡོད་མ་རེད།  ཅིའི་ཕྱིར་ཞེ་ན་རྟོག་པའི་རང་མཚན་ནི་མི་གཞལ་བ་དེ་ཚད་མའི་དགོངས་པ་ཡིན་ལ། ནམ་མཁའ་ནི་ཅི་ཡང་མེད་པ་ཞིག་ལ་གོ་དགོས། དེང་སང་བསྡུས་གྲྭ་བ་དེ་ཚོ་ཕལ་མོ་ཆེས་ཀྱང་རྟག་དངོས་ཀྱི་ཡོད་པའི་དབང་དུ་བྱས་ནས།   ནམ་མཁའ་རང་མཚན་ལྟ་བུ་ཡོད་པ་གཞི་བཞག་བྱེད་པ་རྣམས་ཀྱི་རྣ་ལམ་དུ་འགྲོ་བར་མི་འགྱུར་མོད་ཆོས་རྗེ་ས་པཎ་གྱིས་ནམ་མཁའ་ཡོད་ལ་སྒྲུབ་བྱེད་མེད་གསུང་སྟེ་གལ་སྲིད་ནམ་མཁའ་དེ་རང་མཚན་ཞིག་ཡོད་པར་གྲུབ་པའི་དངོས་པོའི་ཆོས་ཞིག་ཡིན་ན། ཡང་ན་མངོན་སུམ་ཚད་མ་དང་ཡང་ན་རྗེས་དཔག་ཚད་མ་གཉིས་ཏེ་མངོན་འགྱུར་དང་ལྐོག་འགྱུར་གྱི་ཚད་མ་གཉིས་ཀྱིས་གཞལ་བྱའི་ཡུལ་ལས་མི་འདའ་བའི་ཕྱིར་ན་མངོན་སུམ་ཚད་མའི་ངོར་གྲུབ་པའི་ཡུལ་ལྔ་སྟེ་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་ལས་མ་འདུས་པ་མེད་པའི་ཕྱིར་ན།  མིག་གིས་གཞལ་བྱ་ཡིན་ན་གཟུགས་ཡིན་དགོས་པས་དབྱིབས་དང་ཁ་དོག་གཉིས་སུ་མ་གྲུབ།  རྣ་བའི་གཞལ་བྱ་ཡིན་ན་སྒྲ་ཡིན་དགོས་པས་སྒྲ་ལའང་སྙན་དང་མི་སྙན་སོགས་མ་གྲུབ།  དེ་བཞིན་དྲི་དང་རོ་དང་རེག་བྱ་སོགས་གང་ཡང་མ་གྲུབ་པས་མངོན་སུམ་ཚད་མའི་ཡུལ་མ་ཡིན་ཞིང་།  རྗེས་དཔག་གི་ནམ་མཁའ་ཡོད་པར་གྲུབ་ཟེར་ན་ནམ་མཁའ་ལ་འབྲས་བུའི་ཆོས་ཤིག་ཡོད་ན་ནམ་མཁའ་སྒྲུབ་ཆོག་ལ་དཔེར་ན་དེ་བྱུང་གི་འབྲེལ་བ་ལྟ་བུ་ཞིག་ཡིན་ན་འབྲས་བུའི་རྟགས་སུ་བཀོད་ནས་རྒྱུ་ནམ་མཁའ་ཡོད་པར་སྒྲུབ་ཆོག་པ་དང་།  ཡང་ན་ནམ་མཁའ་དང་འབྲེལ་བའི་ངོ་བོ་བདག་གཅིག་གི་འབྲེལ་བའི་ཆོས་ཞིག་རྟགས་སུ་བཀོད་ནས་ནམ་མཁའ་ཡོད་པར་སྒྲུབ་ཆོག་ལ་དེ་ལྟ་བུའི་སྒྲུབ་བྱེད་ཀྱི་རྟགས་ཡང་དག་གཏན་ནས་མེད་པས་ནམ་མཁའ་ཡོད་ལ་སྒྲུབ་བྱེད་ཀྱི་ཚད་མ་མེད་པའི་ཕྱིར་ན་ནམ་མཁའ་ཞེས་བཏགས་པ་ཙམ་ལས་དོན་ལ་རྟག་དངོས་ཤིག་མེད་ཅེས་པའོ།།  རྩ་བར་ལས།  དོན་སྤྱི་དང་ནི་མེད་སྣང་གཉིས། །ཡུལ་ཡིན་ཞེ་ན། ཞེས་སྨོས་ཏེ །  དེ་ལ་བོད་ཁ་གཅིག་གཙང་ནག་པ་རྩོན་འགྲུས་སེངྒེ་དང་དན་བག་པ་སྨྲ་བའི་སེངྒེ་གཉིས་གཙོ་བོ་བྱས་ཏེ་དེའི་རྗེས་འབྲངས་རྣམས་ཕལ་མོ་ཆེས་ཀྱང་དེ་བཞིན་དུ་ཁས་བླང་དེ་གཟུང་གི་ཡོད་པས། བློ་རྣམ་རྟོག་གིས་གཟུང་ཡུལ་དོན་སྤྱི་དང་རྟོག་མེད་ལོག་ཤེས་ཀྱི་གཟུང་ཡུལ་མེད་པ་གསལ་སྣང་དེ་གཉིས་ཁྱོད་བོད་སྔ་རབས་པ་རྣམས་ཀྱིས་གཟུང་ཡུལ་ཡིན་ནོ་ཞེ་ན་ཞེས་གོ་དགོས་ཤིང་།  འདིའི་འཁྲུལ་གཞི་དེ་རྒྱ་གར་འཕགས་པའི་ཡུལ་དུ་སློབ་དཔོན་ཆོས་མཆོག་གི་རྣམ་འགྲེལ་གྱི་འགྲེལ་བའི་སྐབས་སུ་དོན་སྤྱི་ཡང་བཟུང་ཡུལ་ལྟ་བུ་ཞིག་དང་མེད་པར་གསལ་སྣང་ཡང་བཟུང་ཡུལ་ཡིན་འདུག་པ་འདྲ་ཞིག་གསུངས་ཏེ་བོད་སྔ་རབས་པ་རྣམས་ཀྱིས་ཀྱང་དེའི་རྗེས་འབྲངས་གཙོ་བོ་བྱས་ཏེ་སྣང་ཡུལ་དང་གཟུང་ཡུལ་དོན་གཅིག་ཡིན་ཟེར་ནས།  གཟུང་ཡུལ་ཟེར་རྒྱུ་དེ་གསུམ་ཡོད་ཅེས།  གཅིག་རང་མཚན་ཡིན་ལ།  གཉིས་མེད་པར་གསལ་སྣང་ཡིན། གསུམ་པ་དོན་སྤྱི་རེད་ཟེར་ནས་དེ་ཐམས་ཅད་བཟུང་ཡུལ་ཡིན་ཞེས་བཟུང་ཡུལ་དང་སྣང་ཡུལ་དོན་གཅིག་ཡིན་པ་བཤད་ཡོད་པ་དེ།  ཆོས་རྗེ་ས་པཎ་གྱིས་དེ་དགག་པ་ལ་དོན་སྤྱི་དང་མེད་པ་གསལ་སྣང་གཉིས་བཟུང་ཡུལ་མ་ཡིན་ཏེ།  བཟུང་ཡུལ་ཡིན་ན་ཚད་མ་རྣམ་འགྲེལ་གྱི་སྐབས་སུ་རྒྱུ་ཡི་དངོས་པོ་མ་གཏོག་པར། བཟུང་བ་ཞེས་བྱ་ཅི་ཡང་མེད་ཅེས་གསུང་པ་དང་། ཤེས་པ་རང་སྐྱེད་བྱེད་ཀྱི་རང་འཛིན་མངོན་སུམ་ལ་རང་འདྲིའི་རྣམ་པ་གཏོད་བྱེད་ཀྱི་ཡུལ་ཡིན་ན་དེ་བཟུངས་ཡུལ་ཡིན་དགོས་ཏེ་རྣམ་འགྲེལ་གྱིས་བཟུང་ཡུལ་གྱི་མཚན་ཉིད་དེ་ལ་ཡོད་མ་གཏོགས་བློ་ལ་སྣང་ཚད་ཚང་མ་དེར་བཟུང་ཡུལ་གྱི་མཚན་ཉིད་ཞུགས་མེད་དེ།  མེད་སྣང་དེ་རྟོག་མེད་ལོག་ཤེས་མ་ཡིན་ན་མངོན་སུམ་ཚད་མ་ཡིན་དགོས་ལ། རྟོག་མེད་ལོག་ཤེས་ཡིན་དུས་མངོན་སུམ་ལྟ་སྣང་ཡིན་ནོ།།  དེ་དགག་པ་ལ་གོ་རམས་ཀྱིས་རིག་པའི་གཙོ་བོ་རྣམ་པ་གཉིས་གསུངས་ཡོད་པར།  ཡུལ་སྣང་རུང་དུ་ཐལ་བས་དགག་པ་དང་།  ཡུལ་ཅན་གྱི་བློ་མ་འཁྲུལ་བ་ཐལ་བས་དགག་པ་གཉིས་ཙམ་གྱིས་འཐུས་པར་བྱས་ཡོད་ཀྱང་།  རྩ་བའི་གཞུང་ལས་དང་པོ་ཐལ་བ་དགོད་ཅིང་།  དེའི་རྩོད་སྤོང་གི་ལན་དགག་པ་དང་།  དེའི་ལན་དང་ཡང་ལན་སོགས་རིགས་པ་མང་པོ་ཞིག་བླང་ནས་རྩོད་སྤོང་དང་དགག་སྒྲུབ་སོགས་མང་པོ་ཞིག་མཛད་པར་མངོན་ཡང་དོན་དུ་གོ་རམས་ཀྱི་རིགས་པ་འདི་གཉིས་ཀྱིས་མ་འཐུས་པ་མེད་པར་མངོན་ནོ།  དེ་ལ་ཐལ་བ་འཕེན་པ་ནི། རྩ་བ་ལས།  དེ་འཛིན་གྱི། །ཤེས་པ་གཉིས་པོ་འཁྲུལ་པ་འགལ། ཞེས་པས་བསྟན་ཏེ།   དེ་མི་འཐད་དེ།  ཡུལ་དེ་གཉིས་རང་འཛིན་གྱི་ཤེས་པ་སྒྲ་དོན་འདྲེས་འཛིན་གྱི་རྟོག་ཅན་གྱི་བློ་དོན་སྤྱི་དང་ཡུལ་མེད་པ་གསལ་བར་རྟོག་པའི་མིག་ཤེས་གཉིས་པོ་འཁྲུལ་པ་ཡིན་པ་འགལ་ཏེ་མ་འཁྲུལ་བ་ཡིན་པ་ཐལ།  གཟུང་ཡུལ་ཅན་གྱི་ཤེས་པ་ཡིན་པའི་ཕྱིར།  དཔེར་ན་བུམ་འཛིན་གྱི་མིག་ཤེས་བཞིན་ནོ།  །གཟུང་ཡུལ་བུམ་པ་མདུན་ན་ཡོད་བཞིན་པའི་བུམ་པ་ལ་ལྟ་བའི་མིག་ཤེས་མངོན་སུམ་ཚད་མ་དེ་གཟུང་ཡུལ་ཅན་གྱི་ཤེས་པ་ཡིན་ཏེ་ཡུལ་བུམ་པ་དེ་རང་འཛིན་མངོན་སུམ་ལ་རང་འདྲའི་རྣམ་པ་གཏོད་པའི་དོན་གྱིས་སྐྱེད་པའི་ཤེས་པ་ཡིན་པའི་ཕྱིར་རོ།།    དེའི་སྐྱོན་སྤོང་གི་ལན་གདོན་པ་ལ། རྩ་བ་ལས།   ཡུལ་ཡོད་ན་ཡང་ཐག་པ་ལ། །སྦྲུལ་འཛིན་བཞིན་དུ་འཁྲུལ་ཞེ་ན། ཞེས་པས་བསྟན་ཏེ།  མ་འཁྲུལ་བ་ཐལ་བའི་སྐྱོན་མེད་དེ།  དོན་སྤྱི་འཛིན་པའི་རྟོག་པ་དང་མེད་པ་གསལ་སྣང་འཛིན་པའི་མིག་ཤེས་ལྟ་བུའི་ཤེས་པ་དེ་གཉིས་ལ་གཅིག་ཤོས་ལ་དོན་སྤྱི་དང་གཅིག་ཤོས་ལ་ཟླ་གཉིས་ལྟ་བུའི་གཟུང་ཡུལ་ཡོད་ན་ཡང་འཁྲུལ་པ་ཡོད་པར་འགྱུར་ཏེ།  དཔེར་ན་ཐག་པ་ལ་སྤྲུལ་དུ་འཛིན་པ་དང་ཉ་ཕྱིས་ལ་དངུལ་དུ་འཛིན་ནས་འཁྲུལ་པ་བཞག་པ་བཞིན་དུ་ཡུལ་ཐག་པ་ཡོད་པར་བཞིན་དུ།  དོན་སྤྱི་དང་ཟླ་བ་གཉིས་སྣང་ལྟ་བུའི་གཟུང་ཡུལ་གཉིས་པོ་དེ་ཡོད་ནའང་འཁྲུལ་པ་བཞག་ཆོག་པ་དེ་བཞིན་དུ་ཡིན་སྙམ་ནས་ཐག་ཁྲ་ལ་སྤྲུལ་འཛིན་བཞིན་དུ་རྟོག་པ་རང་འཁྲུལ་པ་ཡིན་གྱི་ཡུལ་རང་མཚན་མེད་པ་དང་གཟུང་ཡུལ་མེད་པས་འཁྲུལ་ཤེས་སུ་བཞག་པ་མིན་ནོ་ཞེ་ན།  དེ་དགག་པ་ལ།  རྩ་བ་ལས། ཁྲ་འཛིན་ཡུལ་ཡོད་ཕྱིར་མ་འཁྲུལ། །ཡུལ་མེད་པས་ན་སྦྲུལ་འཛིན་འཁྲུལ་ཞེས། པས་བསྟན་ཏེ།   ཡུལ་ཡོད་ནའང་ཐག་པ་ལ་སྦྲུལ་དུ་འཛིན་པ་བཞིན་དུ་འཁྲུལ་ལོ་ཞེས་བརྗོད་པའི་དཔེ་མི་འཐད་དེ།   ཐག་པ་ལ་སྦྲུལ་དུ་འཛིན་པའི་ཚེ་ན་ཁྲ་འཛིན་ནི་ཡུལ་ཡོད་པའི་ཕྱིར་ན་མ་འཁྲུལ་ལ།  ཐག་ཁྲལ་གཟུང་བའི་མིག་ཤེས་མངོན་སུམ་ཚད་མ་དེ་འཁྲུལ་པ་མ་ཡིན་ཏེ་བློ་ཡང་དག་ཡིན་པའི་ཕྱིར།  ཡུལ་སྦྲུལ་མེད་པའི་ཕྱིར་ན་སྦྲུལ་འཛིན་གྱིས་རྟོག་པ་རང་འཁྲུལ་བ་ཡིན་ནོ་ཞེས་དཔེ་མི་རུང་བ་ཐལ་བས་དགག་པ་དང་།  དེ་བཞིན་དུ་དོན་སྤྱི་དང་མེད་པ་གསལ་སྣང་གཉིས་ཀྱང་ཡུལ་མེད་བཞིན་དུ་དེར་འཛིན་པར་འཁྲུལ་པ་ཡིན་པའི་ཕྱིར་ན་འཁྲུལ་ཤེས་སུ་བཞག་པ་ཡིན་གྱི་ཁྱོད་ཀྱི་འདོད་པ་ལྟར་ཡུལ་ཡོད་ནའང་འཁྲུལ་ཤེས་སུ་བཞག་ཞེས་པའི་དོན་མ་ཡིན་ནོ།། དེ་ཡིས་རིག་པའི་གཙོ་བོར་གཅིག་ཡུལ་ཅན་གྱི་བློ་མ་འཁྲུལ་བ་ཐལ་བས་དགག་པ་ཞེས་པ་དེ་གོང་དུ་སོང་ནས།   གཉིས་པ་ཡུལ་སྣང་རུང་དུ་ཐལ་བ་ལ་དངོས་དང་དེའི་སྐྱོན་སྤོང་གི་ལན་དགག་པ་གཉིས་ལས།  དང་པོ་རྩ་བ་ལས།   སྣང་ཡུལ་གཉིས་པོ་ཤེས་པ་ལས། །ཐ་དད་ཡིན་ན་ཡུལ་རུང་བར། །གནས་པའི་གང་ཟག་གཞན་གྱིས་ཀྱང་། །མཐོང་འགྱུར་བུམ་པ་ལ་སོགས་བཞིན། ཞེས་གསུང་སྟེ།   སྣང་ཡུལ་དོན་སྤྱི་རྟོག་པའི་ཤེས་པ་དང་མེད་པ་གསལ་སྣང་རྟོག་མེད་ལོག་ཤེས་གཉིས་པོ་དེ་ཆོས་ཅན། ཁྱོད་བོད་སྔ་རབས་པའི་འདོད་པ་ལྟར་ཤེས་པ་གཉིས་པོ་དེ་ལས་རྫས་ཐ་དད་པའི་ཡུལ་རུང་བ་ཞིག་ཡིན་ན།  ཁྱོད་ཀྱིས་རྟོག་ངོ་ལ་སྣང་བའི་དོན་སྤྱི་དང་ཁྱོད་ཀྱིས་མིག་ཤེས་ལ་སྣང་བའི་ཟླ་གཉིས་དེར་ཁྱོད་ཀྱི་དྲུང་ན་གནས་པའི་བྱམས་པ་དང་ཉེ་སྦས་སོགས་གང་ཟག་གཞན་གྱིས་ཀྱང་མཐོང་བར་འགྱུར་དགོས་པ་ཐལ།  ཅིའི་ཕྱིར་ཞེ་ན།  ཤེས་པ་ལས་རྫས་ཐ་དད་པའི་ཡུལ་སྣང་རུང་དུ་གནས་པར་ཁས་བླང་བའི་ཕྱིར།  དཔེར་ན་བུམ་འཛིན་གྱི་མིག་ཤེས་བཞིན་ནོ།།  བུམ་པ་མདུན་ན་ཡོད་པའི་མིག་ཤེས་དེ་གཅིག་ཤོས་ལྷ་སྦྱིན་གྱིས་མཐོང་བ་བཞིན་ཡུལ་རུང་བ་ལ་གནས་པའི་ས་དེར་གཅིག་ཤོས་གང་ཟག་མཆོད་སྦྱིན་གྱིས་ཀྱང་ཡིད་གཏད་ན་མཐོང་བར་འགྱུར་དགོས་ཏེ་གཟུང་ཡུལ་ཅན་གྱི་ཤེས་པ་ཡིན་པར་ཁས་བླང་བའི་ཕྱིར་རོ།།  གཉིས་པ་དེའི་སྐྱོན་སྤོང་གི་ལན་དང་དེ་དགག་པ་གཉིས་ལས།  དང་པོ་སྐྱོན་སྤོང་ལ།  ཡང་བོད་སྔ་རབས་པ་ཁོ་ན་རེ། རྩ་བ་ལས།  དོན་ཉིད་ཡིན་ཡང་ལུས་ཀྱི་ནང་། །མི་མཐོང་བཞིན་དུ་འཁྲུལ་སྣང་གཉིས། །བདག་ལ་རྟག་ཏུ་འབྲེལ་བའི་ཕྱིར། །གཞན་གྱིས་རྟོག་པ་མེད་ཅེ་ན། ཞེས་པས་བསྟན་ཏེ།    བློ་རྣམ་རྟོག་གིས་གཟུང་ཡུལ་དོན་སྤྱི་དང་རྟོག་མེད་ལོག་ཤེས་ཀྱི་ཡུལ་མེད་པ་གསལ་སྣང་གཉིས་པོ་དེ་ཤེས་པ་ལས་ཐ་དད་པའི་ཕྱི་དོན་ནམ་ཡུལ་ཉིད་ཡིན་ཡང་།  ལྷ་སྦྱིན་གྱིས་མཐོང་བ་བཞིན་དུ་མཆོད་སྦྱིན་སོགས་ཀྱིས་མི་མཐོང་སྟེ། དཔེར་ན་ལྷ་སྦྱིན་གྱི་ལུས་ཀྱི་ནང་གློ་མཆིན་སོགས་དོན་སྣོད་རྣམས་རང་མཚན་དུ་ཡོད་ན་ཡང་ལྷ་སྦྱིན་ཁོ་རང་དང་འབྲེལ་ནས་ལྷ་སྦྱིན་གྱིས་དྲུང་ན་ཡོད་པའི་མཆོད་སྦྱིན་དང་བྱམས་པ་ཉེ་སྦས་སོགས་གང་ཟག་གཞན་གྱིས་ཡིད་གཏད་ཀྱང་མཐོང་བར་མི་འགྱུར་བར།  དཔེ་དེ་བཞིན་དུ་ལྷ་སྦྱིན་ལ་སྣང་བའི་དོན་སྤྱི་དང་ཟླ་གཉིས་ལྟ་བུའི་འཁྲུལ་ཤེས་གཉིས་པོ་དེ་ལྷ་སྦྱིན་ཁོ་རང་གི་བློ་ཁོ་ན་དང་དུས་རྟག་ཏུ་འབྲེལ་བའི་ཕྱིར་ན་གཞན་མཆོད་སྦྱིན་དང་བྱམས་པ་ཉེ་སྦས་སོགས་གང་ཟག་གཞན་གྱིས་རྟོག་པ་མེད་ཅེ་ན།   གཉིས་པ་ལ་དཔེ་དགག་པ་དང་དོན་དགག་པ་གཉིས་ལས།   དང་པོ་དཔེ་དགག་པ་ནི།  རྩ་བ་ལས།  ནང་གི་ལུས་ནི་ཡུལ་རུང་མིན། །དེ་བས་རང་གིས་ཀྱང་མི་མཐོང་། ཞེས་པས་བསྟན་ཏེ།   བོད་སྔ་རབས་པ་རྣམས་ཀྱི་བརྗོད་པ་ལྟར་དོན་སྤྱི་དང་མེད་པ་གསལ་སྣང་དེ་གཉིས་ཡུལ་རུང་བ་ན་གནས་པའི་གང་ཟག་གཞན་གྱིས་རྟོགས་པ་མེད་དེ་བདག་ཁོ་ན་དང་འབྲེལ་བའི་ཕྱིར་ཞེས་བརྗོད་པ་དང་།  ལུས་ཀྱི་ནང་བཞིན་དུ་ཞེས་བརྗོད་པའི་དཔེ་གཉིས་པོ་དེ་མི་མཚུངས་ཏེ།   ལུས་ཀྱི་ནང་ཡུལ་དུ་རུང་བ་མ་ཡིན་སྟེ་ཕྱིའི་ཤ་དང་པགས་པ་སོགས་ཀྱིས་བསྒྲིབས་པས་ཆོད་པའི་ཕྱིར་ན་ཡུལ་དུ་རུང་བ་མ་ཡིན་ནོ།། སྒྲིབ་པས་མ་ཆོད་པར་ཡིད་གཏད་པ་ཙམ་གྱིས་མཐོང་རུང་ཡིན་ན་ཡུལ་རུང་བ་ལ་གནས་པའི་གང་ཟག་ཅེས་བརྗོད་ཆོག་ལ།   དེ་ལྟར་མ་ཡིན་པར་ཡུལ་རུང་བ་ན་གནས་པའི་གང་ཟག་གཞན་གྱིས་རྟོག་པ་མེད་ཅེས་པའི་དཔེ་མི་འཐད་དེ་ནང་གི་ལུས་ནི་ཡུལ་མི་རུང་བས་སྒྲིབ་པས་ཆོད་པའི་ཕྱིར།   དེ་བས་ལྷ་བྱིན་རང་ཉིད་ཀྱིས་ལུས་ཀྱི་དོན་སྣོད་རྣམས་ལྷ་སྦྱིན་རང་གིས་ཀྱང་མི་མཐོང་ངོ་།།   གཉིས་པ་དོན་དགག་པ་ལ་དངོས་དང་དེའི་སྐྱོན་སྤོང་གི་ལན་དང་དེ་དགག་པ་གཉིས་ལས།  དང་པོ། སྐྱོན་མེད་དེ།   རྩ་བ་ལས།   རང་དང་རྟག་ཏུ་འབྲེལ་བས་ན། །གཉིས་པོའང་ཡུལ་རུང་མིན་ཞེ་ན། ཞེས་བསྟན་ཏེ།   དོན་སྤྱི་དང་མེད་པ་གསལ་སྣང་གཉིས་པོ་དེ་ཡུལ་ཅན་ལྷ་སྤྱིན་རང་ཁོ་ན་ལྟ་བུ་དང་དུས་རྟག་ཏུ་འབྲེལ་བས་ན་དོན་སྤྱི་རྟོག་པའི་བློ་དང་ཟླ་གཉིས་འཛིན་པའི་མིག་ཤེས་གཉིས་པོ་དེའང་གང་ཟག་གཞན་མཆོད་སྦྱིན་དང་བྱམས་པ་ཉེ་སྦས་སོགས་ཀྱི་ཐུན་མོང་གི་ཡུལ་དུ་རུང་བ་མ་ཡིན་པའི་ཕྱིར་ན་མཐོང་བ་མིན་ནོ་ཞེ་ན།   གཉིས་པ་དེ་དགག་པ་ལ། རྩ་བ་ལས། རང་བློ་ཁོ་ན་དང་འབྲེལ་ཕྱིར། །བརྗོད་ཀྱང་གཞན་གྱིས་རྟོགས་མི་འགྱུར། ཞེས་བསྟན་ཏེ།  འོ་ན་ལྷ་སྦྱིན་རང་གི་བློ་ཁོ་ན་དང་འབྲེལ་བའི་ཕྱིར་ན་གཞན་མཆོད་སྦྱིན་སོགས་གང་ཟག་སུ་དང་ཡང་ཐུན་མོང་མིན་པས་ན་རང་རིག་བཞིན་དུ་ཤེས་པ་ཉིད་རང་རིག་རང་གསལ་བའི་ཚེ་ན་རང་གིས་ཤེས་པ་དེ་རང་ཁོ་ནས་ཉམས་སུ་མྱོང་བ་ལས་གང་ཟག་གཞན་གྱིས་ཤེས་པས་གང་ཟག་གཞན་གྱི་ཤེས་པ་རང་རིག་ཅེས་བརྗོད་དུ་མེད་པའི་ཕྱིར་ན་དཔེར་རང་རིག་པ་བཞིན་དུ་ལྷ་སྦྱིན་རང་གི་དོན་སྤྱི་དང་མེད་པ་གསལ་སྣང་གཉིས་བརྒྱུད་ཀྱང་ལྷ་སྦྱིན་རང་དང་འབྲེལ་བ་ལས་གང་ཟག་གཞན་གྱིས་དོན་སྤྱི་དང་མེད་པ་གསལ་སྣང་གཉིས་བརྗོད་ཀྱང་གོ་བ་དུས་ནམ་ཡང་མི་འགྱུར་རོ།། གཉིས་པ་ལ་དེའི་སྐྱོན་སྤོང་གི་ལན་ལ། རྩ་བ་ལས།  རང་རང་བློ་དང་འབྲེལ་པའི་ཕྱིར། །བརྗོད་པས་དེ་ཉིད་རྟོགས་ཤེ་ན། ཞེས་གསུང་ཏེ།   ཁོ་ན་རེ་ཡུལ་སོ་སོར་མིན་ཀྱང་རང་རང་གི་བློ་དང་འབྲེལ་བའི་ཕྱིར་ན་ལྷ་སྦྱིན་ལྟ་བུ་གཅིག་གིས་རང་ཡུལ་དེ་བརྗོད་པས་གཅིག་ཤོས་མཆོད་སྦྱིན་གྱིས་ཀྱང་རང་གི་ཡུལ་དེ་ཉིད་རྟོགས་སོ་ཤེ་ན།  དེ་དགག་པ་ལ།  རྩ་བ་ལས།  གང་ཟག་གཉིས་ཀྱི་བརྗོད་བྱའི་དོན། །སོ་སོ་ཡིན་ཕྱིར་སྦྱོར་མི་ནུས། ཞེས་གསུང་སྟེ། །ལྷ་སྦྱིན་ལ་སྣང་བའི་དོན་སྤྱི་དེ་ཉིད་མཆོད་སྦྱིན་ལ་མི་སྣང་ཞིང་མཆོད་སྦྱིན་ལ་སྣང་བའི་དོན་སྤྱི་དེ་ཉིད་ལྷ་སྦྱིན་ལ་མི་སྣང་བས་གང་ཟག་དེ་གཉིས་ཀྱི་བརྗོད་བྱའི་དོན་གཅིག་མ་ཡིན་པར་འབྲེལ་མེད་སོ་སོ་བ་ཡིན་པའི་ཕྱིར་ན་ལྷ་སྦྱིན་གྱིས་དོན་སྤྱི་དེ་འཆད་པ་ན་མཆོད་སྦྱིན་གྱིས་ཁོ་རང་གི་དོན་སྤྱི་དེ་གོ་བ་ལས་ལྷ་སྦྱིན་གྱི་དོན་སྤྱི་དེ་མི་གོ་བས་གང་ཟག་དེ་གཉིས་ཀྱི་ཕན་ཚུན་ཐུན་མོང་གཅིག་ཏུ་མཚམས་སྦྱོར་བར་བྱ་མི་ནུས་པས་གཅིག་ཏུ་གོ་བར་མི་ནུས་སོ།།  གཉིས་པ་ཡང་ལན་བཤད་པ་ནི།  དེའི་སྐྱོན་སྤོང་གི་ལན་ལ་རྩ་བ་ལས།  གང་ཟག་སོ་སོ་ལ་ཡོད་པའི། །སེམས་ཀྱི་རྣམ་པ་གཉིས་འདྲ་བས། །འདྲ་བ་གཅིག་ཏུ་ཞེན་པ་ལ། །ཐ་སྙད་སྦྱོར་ཕྱིར་མི་འགལ་ན། ཞེས་གསུངས་ཏེ།  ཡང་ཁོ་ན་རེ་སྐྱོན་མེད་དེ། འཆད་ཉན་གྱི་གང་ཟག་སོ་སོ་ལ་ཡོད་པའི་བུམ་པའི་དོན་སྤྱི་ལ་ཆ་མཚོན་ན་འཆད་པ་པོ་ལྷ་སྦྱིན་གྱིས་ཁོ་རང་གི་རྟོག་ངོར་བུམ་པའི་དོན་སྤྱི་དེ་འཆད་པ་ན་ཉན་པ་པོ་མཆོད་སྦྱིན་གྱི་ཁོ་རང་གིས་རྟོག་ངོར་དོན་སྤྱི་དེ་གོ་བའི་སྒོ་ནས་འཆད་ཉན་གྱི་གང་ཟག་སོ་སོ་ལ་ཡོད་པའི་ལྟོ་ལྡིར་ཞབས་ཞུམ་གྱི་བུམ་པའི་དོན་སྤྱི་གཟུང་བའི་སེམས་ཀྱི་རྣམ་པ་གཉིས་པོ་དེ་འདྲ་བས་ལྷ་སྦྱིན་ལའང་ལྟོ་ལྡིར་ཞབས་ཞུམ་གྱི་རྣམ་པ་སྣང་ཞིང་མཆོད་སྦྱིན་ལའང་ལྟོ་ལྡིར་ཞབས་ཞུམ་གྱི་རྣམ་པ་སྣང་བས་ན་ཡུལ་འདྲ་བ་ལ་གཅིག་ཏུ་ཞེན་པ་དེ་ལ་དོན་སྤྱི་གཅིག་ཞེས་པའི་ཐ་སྙད་སྦྱོར་བའི་ཕྱིར་ན་མི་འགལ་ལོ་ཞེ་ན།   དེ་ནི་ནམ་ཡང་འཐད་པར་མི་འགྱུར་ཏེ།  ཁྱོད་ཀྱིས་འདྲ་བ་ལ་གཅིག་ཏུ་ཞེན་ཞེས་ཟེར་བ་དེ་དཔེར་ན་དང་པོ་གང་ཟག་གཅིག་གི་ངོར་་བུམ་པ་ལྟ་བུ་གཉིས་གྲུབ་དགོས་ལ་དེ་ནས་བུམ་པ་དེ་གཉིས་ཕན་ཚུན་རྣམ་པ་དང་ངོ་བོ་སོགས་འདྲ་བ་ན་འདྲ་བ་ལ་གཅིག་ཏུ་ཞེན་ཞེས་བརྗོད་ན་འགལ་བར་མེད་མོད།  བུམ་པ་གཅིག་མ་གཏོགས་མ་མཐོང་བར་བུམ་པ་འདི་གཉིས་འདྲ་ཞེས་དུས་ནམ་ཡང་བརྗོད་པར་མི་བྱའོ།། དཔེ་དེ་བཞིན་དུ་ལྷ་སྦྱིན་གྱི་རྟོག་ངོར་དོན་སྤྱི་དེ་མཆོད་སྦྱིན་གྱིས་མཐོང་མ་མྱོང་ལ་མཆོད་སྦྱིན་གྱི་དོན་སྤྱི་དེ་ལྷ་སྦྱིན་གྱིས་ཀྱང་མ་མཐོང་བར་གང་ཟག་གཉིས་ཀྱི་དོན་སྤྱི་དེ་ཕན་ཚུན་གཏན་ནས་ཤེས་པར་མི་འགྱུར་བས་བརྗོད་བྱ་ཐ་དད་ཡིན་ཕྱིར་ནམ་ཡང་འདྲ་བར་མི་གྲུབ་པས་ཁྱོད་ཀྱིས་འདྲ་བ་ལ་གཅིག་ཏུ་ཞེན་ཞེས་བརྗོད་པ་དེ་ཡང་མི་གྲུབ་བོ།།  རྩ་བ་ལས། རང་ལ་ཤར་ན་རང་ཡུལ་ཡིན། །མ་ཤར་ན་ནི་དེ་ཡུལ་མིན། །དེས་ན་ཐ་དད་གཟུང་བ་ལ། །གཅིག་ཏུ་འཛིན་པ་ག་ལ་སྲིད། ཅེས་གསུམ་སྟེ།   འཆད་པ་པོའི་ལྷ་སྦྱིན་གྱི་བརྗོད་བྱ་དོན་སྤྱིའི་ཡུལ་དེ་དང་ཉན་པ་པོ་མཆོད་སྦྱིན་གྱི་དོན་སྤྱིའི་ཡུལ་དེ་གཉིས་འཆད་ཉན་བྱེད་པའི་གང་ཟག་གཉིས་ཆར་གྱི་དོན་སྤྱི་དེ་ལྷ་སྦྱིན་རང་གཅིག་པུ་ལ་ཤར་བར་གྱུར་ན་དོན་སྤྱི་དེ་གཉིས་གཅིག་མཚུངས་ཡིན་ན་འདྲ་བའོ་ཞེས་བརྗོད་རིགས་ལ། འོན་ཀྱང་ལྷ་སྦྱིན་རང་གི་ཐུན་མིན་གྱི་ཡུལ་ཡིན་པས་མཆོད་སྦྱིན་ཉིད་དང་ཐུན་མོང་དུ་འཛིན་མི་སྲིད་ལ། ལྷ་སྦྱིན་ལ་ཤར་བའི་དོན་སྤྱི་གཉིས་པོ་དེ་ལྷ་སྦྱིན་ཁོ་རང་གི་ཡུལ་ཡིན་པ་ལས་མཆོད་སྦྱིན་དང་ཐུན་མོང་མིན་ཕྱིར་ཇི་ལྟར་འཆད་ཀྱང་མཆོད་སྦྱིན་གྱིས་ཡུལ་མིན་པས་གོ་བར་མི་འགྱུར་བའི་སྐྱོན་དེ་སོ་ན་གནས་པ་ཡིན་ནོ།། རང་རང་གི་བློ་ལ་ཤར་ན་ནི་དེ་རང་ཡུལ་ཐུན་མིན་ཡིན་གྱི་འཆད་ཉན་བྱེད་པའི་གང་ཟག་གཉིས་ཀྱི་ཐུན་མོང་དུ་འཛིན་མི་སྲིད་དེ།  གཞན་ལ་འཆར་བ་དེ་རང་ལ་འཆར་མི་སྲིད་པའི་ཕྱིར་རོ།།  གལ་ཏེ་ལྷ་སྦྱིན་ནམ་མཆོད་སྦྱིན་ལྟ་བུའི་རང་གི་བློ་ལ་རང་ཡུལ་དེ་མ་ཤར་ན་དེ་ཉིད་བློ་དེའི་ཡུལ་མིན་པས་ན་དེས་ན་འདི་གཉིས་ཕན་ཚུན་འདྲ་བ་ཞེས་བརྗོད་མི་སྲིད་པ་དོན་དམ་པའོ།།  གསུམ་པ་དེ་ལ་བརྩོད་པ་སྤོང་བར།  རྩ་བ་ལས། ཐ་དད་ཡིན་ཡང་ཡུལ་གཅིག་ཏུ། །འཁྲུལ་བའི་སྒོ་ནས་འཛིན་ཞེ་ན།ཞེས་བསྟན་ཏེ།  གང་ཟག་གཉིས་ཀྱི་བརྗོད་བྱ་དོན་སྤྱི་འཛིན་པའི་ཡུལ་དེ་དོན་ལ་ཐ་དད་པ་ཡིན་ཡང་།  ཐ་དད་ཡིན་པ་ཉིད་དུ་མ་ཤེས་པར་སོ་སོའི་བློའི་ངོར་དེ་དང་ཡུལ་རང་མཚན་གཅིག་ཏུ་རློམ་སྟེ་འཁྲུལ་པའི་སྒོ་ནས་གཅིག་ཏུ་འཛིན་པ་ཡིན་ནོ་ཞེ་ན།  དེའི་ལན་བཤད་པ་ལ།  རྩ་བ་ལས། གཅིག་ཏུ་འཛིན་པ་འཁྲུལ་པའི་ཕྱིར། །གཟུང་ཡུལ་མེད་པར་གྲུབ་པ་ཡིན་ཞེས་པས་བསྟན་ཏེ། དོན་སྤྱི་ཐུན་མོང་དུ་གཟུང་བའི་ཡུལ་ཞིག་མེད་པ་ལ་སོ་སོའི་སྣང་ཆ་ཡིན་པ་མ་ཤེས་ནས་གཅིག་ཏུ་འཛིན་པ་ནི་ཡུལ་གྱི་གནས་ཚུལ་དང་མི་མཐུན་པར་འཁྲུལ་པའི་བློ་ཡིན་པའི་ཕྱིར་ཏེ། མི་ཤེས་བཞིན་དུ་ཡང་ལྷ་སྦྱིན་གྱིས་བུམ་པའི་དོན་སྤྱི་དེ་དང་བུམ་པ་རང་མཚན་རྣམ་པ་གཅིག་ཏུ་ཞེན། མཆོད་སྤྱིན་གྱིས་བུམ་པའི་དོན་སྤྱི་དེ་དང་བུམ་པ་རང་མཚན་གཅིག་ཏུ་ཞེན་ནས་ལྷ་སྦྱིན་དང་མཆོད་སྦྱིན་བར་གྱི་བུམ་པའི་དོན་སྤྱི་ཞེས་གཅིག་ཏུ་ཞེན་པ་མ་གཏོགས་སོ་སོར་མི་འཛིན་བའི་སྒོ་ནས་གཅིག་ཏུ་འཛིན་པ་དེ་ནི་ཡུལ་གྱི་གནས་ཚུལ་ལ་མེད་བཞིན་དུ་དེ་འཛིན་པར་ནི་འཁྲུལ་པའི་བློ་ཡིན་པའི་ཕྱིར་ཞེས་རིག་པས་འཕུར་བ་ན་དོན་སྤྱི་གཟུང་ཡུལ་ཡིན་པའི་དམ་བཅའ་ཉམ་ནས་འཁྲུལ་པའི་བློ་ཡིན་པ་ཁས་བླང་བ་ནི་དོན་སྤྱི་དེ་དོན་རང་མཚན་དང་གཅིག་ཏུ་འཁྲུལ་པའིརྒྱུ་མཚན་གྱིས་གཟུང་ཡུལ་མ་ཡིན་པ་ཉིད་དུ་བསྟན་པའོ།། དེ་བཞིན་དུ་འཁྲུལ་པའི་བློ་ཡིན་པ་ཁས་བླང་བ་དེ་ཉིད་རྟགས་སུ་བཀོད་ནས་དེ་ལྟ་བུའི་དོན་སྤྱི་དེ་ཤེས་པ་ལས་ཐ་དད་པའི་གཟུང་བའི་ཡུལ་རང་མཚན་དུ་མེད་པར་འཁྲུལ་པའི་བློ་ཡིན་པ་དེ་ཉིད་ཀྱིས་གྲུབ་ཟིན་པ་ཡིན་ནོ།། གསུམ་པ་མཇུག་བསྡུ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པས་བསྟན་པ་ལ། རིགས་པས་བརྟགས་ན་མེད་བཞིན་དུ། །ད་དུང་ཕལ་ཆེར་ཡུལ་དུ་ཞེན། །སོར་མོའི་རྩེ་མོས་བསྟན་པ་ན། །ནམ་མཁའ་མཐོང་ཞེས་བླུན་པོ་འཁྲུལ།  །བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།  ཞེས་གསུང་སྟེ།   དངོས་སྟོབས་ཀྱིས་རིགས་པས་ཡུལ་སྣང་རུང་དུ་ཐལ་བ་དང་ཡུལ་ཅན་གྱི་བློ་མ་འཁྲུལ་བར་ཐལ་བ་སོགས་འཁྲུལ་ཤེས་གཉིས་པོ་དེ་ལ་བརྟགས་ཤིང་དཔྱད་པ་ན་གཟུང་ཡུལ་རང་མཚན་པ་ཞིག་མེད་བཞིན་དུ་ད་དུང་བོད་སྔ་རབས་པ་སོགས་ཕལ་ཆེས་དོན་སྤྱི་དང་མེད་པ་གསལ་སྣང་གཉིས་གཟུང་ཡུལ་རང་མཚན་པ་ཞིག་ཡོད་པར་ཉིད་དུ་ཞེན་པ་ནི་མི་འཐད་དེ།  དཔེར་ན་ནམ་མཁའ་ག་རེད་ཅེས་དྲིས་བ་ན། བར་སྣང་སྟོང་པ་ལ་མཛུབ་མོ་ཞིག་ཀེར་ནས་ནམ་མཁའ་འདིའོ་ཞེས་སོར་མོའི་རྩེ་མོས་བསྟན་པ་ན།  སོར་མོས་རྩེར་བར་སྣང་སྟོང་པ་དེ་ལ་བལྟས་ནས་དབྱིབ་དང་ཁ་དོག་སོགས་གང་ཡང་མ་མཐོང་བ་དེ་ལ་བླུན་པོ་རྣམས་ཀྱིས་ནམ་མཁའ་མཐོང་ངོ་ཞེས་སྨྲ་བ་བྱེད་པ་དང་ཀུན་ནས་མཚུངས་སོ་ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པས་བསྟན་པའོ།། 

ད་ནི་གསུམ་པ་རྩོད་པ་སྤོང་བ་ལ།  འཁྲུལ་ཤེས་ཡུལ་མེད་ལ་རྩོད་པ་སྤོང་བ་དང་གཟུང་ཡུལ་རང་མཚན་ལ་རྩོད་པ་སྤོང་བ་གཉིས་ལས། དང་པོ་གཞལ་བྱ་གཉིས་སུ་གསུང་པ་ལ་འགལ་བའི་རྩོད་སྤོང་། དོན་སྤྱི་དང་མེད་པ་གསལ་སྣང་ཡུལ་དུ་མཚུངས་བའི་རྩོད་སྤོང་། མྱོང་བ་དང་འགལ་བའི་རྩོད་སྤོང་། དགག་པར་ཚད་མས་མི་རྟོགས་པའི་རྩོད་སྤོང་དང་བཅས་ཏེ་རྣམ་པ་བཞི་ལས།  དང་པོ་གཞལ་བྱ་གཉིས་སུ་གསུང་པ་ལ་འགལ་བའི་རྩོད་སྤོང་ནི། རྩ་བ་ལས། གཞལ་བྱ་རང་མཚན་གཅིག་ཁོ་ན།  །ཡུལ་གཉིས་བཞེད་པས་གནོད་ཅེ་ན། །ཞེས་བསྟན་ཏེ།  འོ་ན་དོན་སྤྱི་ཡུལ་མིན་ན་སློབ་དཔོན་ཕྱོགས་གླང་གིས་གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས་གསུང་པའི་སྒོ་ནས་ཚད་མ་གཉིས་ཀྱི་གྲངས་ངེས་པའི་བསྒྲུབ་བྱེད་ལ་གཞལ་བྱ་གཉིས་ཡོད་པའི་ཕྱིར་ན་ཡུལ་གཉིས་སུ་བཞེད་པས་ཁྱོད་ལ་གནོད་དེ་ཁྱོད་ཀྱིས་གཞལ་བྱ་རང་མཚན་གཅིག་ཁོ་ན་ཞེས་བཤད་པ་དང་འགལ་ལོ་ཞེ་ན།  དེའི་ལན་ལ་འདི་ལྟར།  སྐྱོན་མེད་དེ་རྩ་བ་ལས།   འཇུག་ཚུལ་སྒོ་ནས་རང་སྤྱི་གཉིས། །ཞེས་བསྟན་ཏེ།   སློབ་དཔོན་གྱིས་གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས་ཞེས་གཞལ་བྱ་ལ་རང་སྤྱི་གཉིས་ཡོད་པར་གསུང་པ་དེ་ཡུལ་གཉིས་རང་མཚན་གྱིས་དང་དངོས་པོའི་གནས་ལུགས་ལ་ཡོད་པས་གཞལ་བྱ་གཉིས་སུ་ཁས་བླངས་པ་མིན་ཏེ་རང་མཚན་ལ་དངོས་འགྱུར་དུ་འཇུག་པའི་ཚེ་ན་དངོས་ཡུལ་རང་མཚན་གཞལ་བྱ་དང་ལྐོག་འགྱུར་དུ་འཇུག་པའི་ཚེ་ན་འཇུག་ཡུལ་སྤྱི་མཚན་ཏེ། དེ་ལྟ་བུའི་རང་མཚན་དེ་ལ་མངོན་ལྐོག་གི་འཇུག་ཚུལ་གྱི་སྒོ་ནས་དངོས་འགྱུར་དུ་འཇུག་ན་རང་མཚན་དངོས་ཡུལ་བྱས་པ་དང་ལྐོག་འགྱུར་དུ་འཇུག་ན་འཇུག་ཡུལ་སྤྱི་མཚན་དུ་བྱས་པའི་དབང་གིས་གཞལ་བྱ་ལ་འཇུག་ཚུལ་གྱི་སྒོ་ནས་རང་སྤྱི་གཉིས་སུ་གསུང་པས་ན་དོན་ལ་འགལ་བ་མ་ཡིན་ནོ།།  གཉིས་པ་དོན་སྤྱི་དང་མེད་པ་གསལ་སྣང་ཡུལ་དུ་མཚུངས་བའི་རྩོད་སྤོང་ལ། རྩ་བ་ལས།  མེད་པའང་གཞལ་བྱར་མཚུངས་ཤེ་ན། །ཞེས་པས་བསྟན་ཏེ།  འོ་ན་ཁྱོད་ཀྱི་ལུགས་ལ་དོན་སྤྱི་དེ་འཇུག་ཚུལ་གྱི་སྒོ་ནས་གཞལ་བྱ་ཡིན་ཞེས་གསུང་པ་ལྟར་ཟླ་གཉིས་དང་སྐྲ་ཤད་སོགས་ཀྱང་དོན་སྤྱི་དང་མཚུངས་པའི་ཕྱིར་ན་འཇུག་ཚུལ་གྱི་སྒོ་ནས་མེད་པ་གསལ་སྣང་ཡང་གཞལ་བྱ་ཉིད་དུ་ཐལ་བར་འགྱུར་ལ།  དེས་ན་དོན་སྤྱི་གཞལ་བྱ་རུང་བ་ལ་མེད་པ་གསལ་སྣང་གཞལ་བྱ་མི་རུང་བ་དང་འགལ་ལོ་ཞེ་ན།  དེ་ནི་སྐྱོན་མེད་དེ་རྩ་བ་ལས།  དེ་ལ་ཡུལ་གྱི་དགོས་ནུས་མེད།། ཅེས་གསུང་སྟེ།   མེད་པ་གསལ་བ་དེ་ལ་ཡུལ་གྱི་དགོས་པ་དང་ནུས་པ་གཉིས་ཀ་མེད་པའི་ཕྱིར་ཏེ་ཁྱོད་ལ་ཟླ་གཉིས་དང་སྐྲ་ཤད་སོགས་སྣང་བ་ལ་དགོས་པ་མེད་དེ་རང་གི་ངོ་བོ་ཡུལ་དུ་མ་གྲུབ་པ་གང་ཞིག་དགོས་པ་ཁྱོད་ལ་བརྟེན་ནས་རང་མཚན་ཐོབ་པ་མེད་པའི་ཕྱིར་དང་།  དོན་སྤྱི་དེ་དང་མི་མཚུངས་ཏེ་ཁྱོད་ཀྱི་ངོ་བོར་ཡུལ་རང་མཚན་དུ་མ་གྲུབ་ཀྱང་ཁྱོད་ལ་བརྟེན་ནས་རང་མཚན་ཐོབ་པར་ཡོད་པའི་ཕྱིར་ཏེ་སྤྱིའི་སྒོ་ནས་རང་མཚན་འཇལ་བའི་ཕྱིར་དེས་ན་དོན་སྤྱི་ཡུལ་གཞལ་བྱ་ཉིད་དུ་འཇོག་པ་ལ་དགོས་པ་ཡོད་ལ་མེད་པ་གསལ་སྣང་ཡུལ་དུ་འཇོག་པ་ལ་དགོས་པ་མེད་ཅེས་གསུང་པ་དང་།  ནུས་པའང་མེད་གསུང་པ་ཡིན་ཏེ་མེད་པ་གསལ་སྣང་ཆོས་ཅན་ཁྱོད་ཡུལ་དུ་འཇོག་ཀྱང་ཡུལ་གྱི་ནུས་པ་མེད་དེ་ཁྱོད་རང་མཚན་མ་ཡིན་ཏེ་དོན་བྱེད་མི་ནུས་པའི་ཕྱིར་ན་ཡུལ་གྱི་བྱ་བ་བྱེད་པའི་ནུས་པ་མེད་པའི་ཕྱིར་ན་དེ་བས་དགོས་པ་དང་ནུས་པ་གཉིས་ཀ་མེད་པའི་ཕྱིར་དེས་ན་གཞལ་བྱ་གསུམ་པ་མི་བཞག་པའི་ཕྱིར་ཞེས་གསུངས་སོ།།  དེས་ན་མེད་པ་གསལ་སྣང་དེ་གཞལ་བྱ་རང་སྤྱི་གཉིས་སུ་མི་འདུ་ན་མི་འཐད་དེ་གཞལ་བྱ་ཕུང་པོ་གསུམ་པ་འགྱུར་བའི་ཕྱིར་ན་རང་སྤྱི་གཉིས་གང་གི་ཁོངས་སུ་འདུ་ཞེས་པའི་ལན་དུ། དེ་མཐའ་གཅིག་ཏུ་རང་མཚན་དུ་འདུ་དང་མཐའ་གཅིག་ཏུ་སྤྱི་མཚན་དུ་འདུ་ཞེས་ཁ་ཚོན་མི་ཆོད་དེ་མེད་པ་གསལ་སྣང་གི་ངོས་ནས་རང་སྤྱི་གཉིས་ཀ་མ་ཡིན་ལ།   ཁྱོད་ཡུལ་གཏན་ནས་མ་ཡིན་པའི་ཕྱིར་ན་རང་སྤྱི་གཉིས་སུ་མི་འདུ།   དཔེར་ན་རི་རྭ་རང་སྤྱི་གཉིས་ཀ་མི་འདུ་བར་དེ་བཞིན་དུ་རི་རྭ་གཞལ་བྱ་གསུམ་པ་མི་འགྱུར་བ་དཔེ་དེ་བཞིན་དུ་མེད་པ་གསལ་སྣང་ཡང་གཞལ་བྱ་གསུམ་པ་མི་འགྱུར་རོ།།  འོན་ཀྱང་མེད་པ་གསལ་སྣང་ལ་གནས་སྐབས་སུ་དཔྱད་ཚེ་དེ་ལ་ཤེས་པ་ཡིན་པའི་ཆ་གཅིག་དང་།  སྒྲོ་བཏགས་ཡིན་པའི་ཆ་གཅིག་དང་།  སྐབས་འགར་སྤྱི་མཚན་དུ་འགྱུར་བ་སྟེ་གསུམ་ཡོད་ལ།  རྩ་བ་ལས། སྐྲ་སོགས་སྣང་བ་བློ་ཉིད་ཡིན། །སྐྲར་སྣང་དོན་ལ་གྲུབ་པ་མེད། །ཅེས་གསུང་སྟེ། དེའང་ཤེས་པ་ཡིན་པའི་ཆ་ནི་སྐྲ་ཤད་སོགས་སྣང་བ་ཙམ་པོ་དེ་ཕྱི་དོན་མེད་པར་དེ་སྣང་བའི་ཕྱིར་ན་སྣང་ཙམ་པ་དེ་ནི་རང་གི་ཡུལ་ཅན་གྱི་ཤེས་པ་ཉིད་གསལ་བར་བློ་ལ་སྣང་བའི་ཆ་ནས་ཤེས་པ་རང་མཚན་དུ་འདུ་ལ།  ཤེས་པའི་རྫས་ཡིན་པའི་ངོས་ནས་རང་རིག་ཡིན་པ་ལས་མེད་པ་གསལ་བ་མིན་ལ།  མེད་པ་གསལ་བ་ཡིན་པའི་ངོས་ནས་ལོག་ཤེས་ལ་སྣང་བའི་འཁྲུལ་སྣང་ཡིན་མ་གཏོགས་ཤེས་པ་རང་མཚན་དུ་འདུ་བ་དེ་ཡང་འདིར་ཡོད་པ་མིན་ལ།   དཔེར་ན་སྐྲ་ཤད་ལྟ་བུར་སྣང་བའི་དབང་དུ་བྱས་ན་བློ་ལ་གསལ་བར་སྣང་བའི་ཆ་དེ་ཤེས་པ་རང་མཚན་དུ་འདུ་ལ།  བློ་ལས་ཐ་དད་པའི་ཕྱི་རོལ་གྱི་སྐྲ་ཤད་དུ་རློམ་པ་ནི་དོན་ལ་གྲུབ་པ་མེད་དོ།།  དེ་ལྟ་བུའི་ཡུལ་དངོས་པོ་ཞིག་དོན་ལ་མ་གྲུབ་པས་གཞལ་བྱ་གཉིས་ཀྱི་ཕྱོགས་གང་དུའང་བཞག་པ་མི་འཐད་དེ།  གཞལ་བྱ་ཡིན་ན་གཞི་གྲུབ་པས་ཁྱབ་པ་གང་ཞིག་མེད་པ་གསལ་སྣང་ཁྱོད་གཞི་མ་གྲུབ་པའི་ཕྱིར་རོ་ཞེས་དང་།། རྩ་བ་ལས།  དེ་ནི་དངོས་པོར་ཡོད་མེད་ཅེས། །རྟོག་པས་དཔྱོད་ན་སྤྱི་མཚན་ཡིན། །ཞེས་གསུང་ཏེ།  མེད་པ་གསལ་སྣང་སྟེ་རབ་རིབ་ཅན་གྱི་དབང་ཤེས་ཀྱི་ངོར་སྐྲ་ཤད་སྣང་བ་དེ་ནི་རྟོག་ཅན་གྱིས་བློ་ཡིས་དངོས་པོ་ཡིན་ནམ་དངོས་མེད་ཡིན་སྙམས་ཏེ་སྒྲ་དོན་འདྲེས་འཛིན་གྱི་རྟོག་པས་དཔྱོད་ན་ནི་རྟོག་པ་དེའི་ངོར་སྐྲ་ཤད་ཀྱི་རྣམ་པ་སྣང་བ་དེ་རྟོག་མེད་ལོག་ཤེས་ཀྱི་ངོར་སྣང་བའི་སྐྲ་ཤད་དེ་མ་ཡིན་པ་རྟོག་ཅན་གྱིས་སྐྲ་ཤད་ཀྱི་དོན་སྤྱི་ཞིག་བློ་ཡུལ་དུ་བྱེད་པ་ཡིན་པས་ན་དོན་སྤྱི་ཡིན་ལ།  སྐྲ་ཤད་སྣང་བའི་ཆ་དེ་ཤེས་པ་ཡིན་པས་ཤེས་པ་རང་མཚན་ཡིན་ལ་མངོན་སུམ་བཞིའི་ནང་ནས་རང་རིག་མངོན་སུམ་དང་དོན་ཤེས་གཉིས་ལས་ཤེས་པ་རང་མཚན་དུ་འདུ།   དེ་བཞིན་དུ་ཕྱི་རོལ་གྱི་སྐྲ་ཤད་སྣང་བ་དེ་འཁྲུལ་པ་ཡིན་པའི་ཕྱིར་ན་དེ་ནི་མེད་པ་གསལ་བ་ཞེས་དོན་ལ་གྲུབ་པ་མེད་པར་དེ་འཛིན་པའི་ཕྱིར་ན་རྟོག་མེད་འཁྲུལ་ཤེས་སུ་བཞག་པས།   དེས་ན་དང་པོ་ནི་ཤེས་པ་རང་མཚན་དུ་འདུ།   གཉིས་པ་ནི་གཞལ་བྱ་གང་ཡང་མ་ཡིན་ཏེ་ཁྱོད་གཞི་མ་གྲུབ་པས་ཚད་མས་མ་གྲུབ་པའི་ཕྱིར་དང་།   གསུམ་པ་ནི་རྟོག་ཅན་གྱི་བློས་ཡུལ་དེར་སྣང་བ་ནི་སྐྲ་ཤད་ཀྱི་དོན་སྤྱི་ཡིན་པས་ན་གཞལ་བྱ་སྤྱི་མཚན་དུ་འདུ།  རང་སྤྱི་གཉིས་སུ་མ་འདུས་པའི་གཞལ་བྱ་ཕུང་པོ་གསུམ་པ་ཞིག་མི་འགྱུར་རོ།།  གསུམ་པ་མྱོང་བ་དང་འགལ་བའི་བརྩོད་སྤོང་། རྩ་བ་ལས།   དངོས་མེད་གཉིས་པོ་རང་རིག་གི། །ཤུགས་ལ་གྲུབ་པས་བསལ་ཞེ་ན། །ཞེས་གསུང་སྟེ།  དེའི་དོན་ནི་རྟོག་པའི་དངོས་ཡུལ་གྱི་དོན་སྤྱི་དང་རྟོག་མེད་ལོག་ཤེས་ཀྱི་དངོས་ཡུལ་མེད་པ་གསལ་བའི་སྣང་ཡུལ་གཉིས་པོ་དེ་ཡོད་པ་གྲུབ་ཏེ་དེའི་ཡུལ་ཅན་གཉིས་ཡོད་པ་རང་རིག་གི་ཉམས་སུ་མྱོང་བས་ཡུལ་གཉིས་པོའང་ཡོད་པར་རྗེས་ཀྱི་ངེས་ཤེས་ལས་དོན་སྤྱི་དང་མེད་པ་གསལ་བ་གཉིས་གསལ་བར་ཡུལ་ཡོད་པ་གྲུབ་པའི་ཕྱིར་ཏེ།   དཔེར་ན་སྐྲ་ཤད་སྣང་བའི་དབང་ཤེས་ལ་མཚོན་ན་རབ་རིབ་ཅན་གྱི་གང་ཟག་དེའི་ངོར་སྐྲ་ཤད་སྣང་བ་ལ་ངས་སྐྲ་ཤད་སྣང་ངོ་སྙམས་པའི་རྗེས་ཀྱི་ངེས་ཤེས་དེ་ཡིས་སྐྲ་ཤད་འཛིན་པའི་ཡུལ་ཅན་ཡོད་པ་གྲུབ་པར་རྗེས་ཀྱི་ངེས་ཤེས་རང་རིག་གི་ཉམས་སུ་མྱོང་བའི་ཕྱིར་ན་སྐྲ་ཤད་སྣང་བའི་དབང་ཤེས་ཀྱང་ཡོད་པར་གྲུབ་ལ་། སྐྲ་ཤད་འཛིན་པའི་དབང་ཤེས་ཡོད་པ་གྲུབ་ན་ཡུལ་སྐྲ་ཤད་ཀྱང་ཡོད་པར་ཤུགས་ལ་གྲུབ་པས་དོན་སྤྱི་ལའང་དཔེ་དེ་མཚུངས་སུ་འགྲོས་སྦྱར་ནས་ཡུལ་ཅན་ཡོད་པར་རང་རིག་གི་ཉམས་སུ་མྱོང་བར་དངོས་སུ་གྲུབ། དེས་ན་རྟོག་པའི་དངོས་ཡུལ་དོན་སྤྱི་དང་རྟོག་མེད་ལོག་ཤེས་ཀྱི་དངོས་ཡུལ་མེད་པ་གསལ་སྣང་སྟེ་དེ་འཛིན་པའི་ཡུལ་ཅན་གཉིས་པོ་དངོས་སུ་ཡོད་པར་གྲུབ་ལ་ཡུལ་གཉིས་པོ་ཡོད་པའང་ཤུགས་ལས་གྲུབ་པས་ཁྱོད་ཀྱི་ལུགས་ལ་དོན་སྤྱི་དང་མེད་སྣང་གཉིས་མེད་དོ་ཞེས་བཤད་པ་དེ་ནི་རང་རིག་གིས་ཉམས་མྱོང་དང་འགལ་བ་འདིས་བསལ་བར་ཡིན་ཞེ་ན།  དེ་ལ་ལན་སྟེར་བའི་དབང་དུ་བྱེད་ན།   རྩ་བ་ལས།   འཁྲུལ་ཤེས་གཉིས་ལ་ཡུལ་མེད་ཅིང་། །རང་རིག་གིས་ནི་མྱོང་བའི་ཕྱིར། །ཤེས་པ་ཉིད་ཡིན་དེ་ཡང་ནི། །མེད་པ་འཛིན་ཕྱིར་འཁྲུལ་ཤེས་ཡིན། །ཞེས་གསུང་ཏེ།   དེའི་དོན་ནི་རྟོག་པ་ལ་དངོས་སུ་སྣང་བའི་དོན་སྤྱི་དང་རྟོག་མེད་ལོག་ཤེས་ལ་དངོས་སུ་སྣང་བའི་མེད་པ་གསལ་སྣང་སྟེ་འཁྲུལ་ཤེས་གཉིས་པོ་དེ་ལ་ཡུལ་རང་མཚན་པ་ཞིག་ཚད་མས་དམིགས་པ་མེད་ཅིང་གོང་དུ་ཡུལ་སྣང་རུང་དུ་ཐལ་བ་དང་ཡུལ་ཅན་གྱི་བློ་མ་འཁྲུལ་བ་ཐལ་བ་སྟེ་རྩ་བའི་རིག་པ་གཉིས་ཀྱི་བཀག་ཟིན་པས་འོག་ཏུ་སྤྱིར་དངོས་མེད་དུ་གྲུབ་པའི་རིག་པ་ཇི་སྙེད་པ་རྣམས་ཀྱིས་སྤྱི་ཡོད་པ་ལ་གནོད་པའི་ཕྱིར་ན་ཤེས་པ་ལས་ཐ་དད་པའི་དོན་སྤྱི་དང་ཤེས་པ་ལས་ཐ་དད་པའི་མེད་པ་གསལ་སྣང་ཡུལ་དུ་གྲུབ་པ་མེད་ཅིང་།  གཟུགས་རྣམ་དེ་ནི་རང་རིག་གིས་དེ་དག་གི་རྣམ་པ་ཙམ་ཞིག་ཉམས་སུ་མྱོང་བའི་ཕྱིར་ན་ཡུལ་དེའི་རྣམ་པ་སྣང་བ་ནི་ཤེས་པ་ཉིད་ཡིན་ལ་དེ་ཡང་ནི་རང་ཡུལ་དངོས་པོ་ཞིག་མེད་པར་ཉིད་ཡོད་པར་ལྟར་འཛིན་པའི་ཕྱིར་ན་འཁྲུལ་ཤེས་ཉིད་ཡིན་ནོ་ཞེས་གསུངས་ཏེ།   གཟུང་རྣམ་ཞེས་པ་འདི་དང་གཟུང་ཡུལ་གཉིས་དོན་མི་གཅིག་སྟེ་གཟུང་རྣམ་ནི་རྟོག་པ་ལ་དངོས་སུ་སྣང་ཙམ་པའི་དོན་སྤྱི་དང་རྟོག་མེད་ལོག་ཤེས་ལ་དངོས་སུ་སྣང་ཙམ་པའི་མེད་པ་གསལ་སྣང་གཉིས་ལ་བཞག་དགོས་ལ་གཟུང་ཡུལ་ནི་མདོ་སྡེ་པ་ལྟར་ན་ཕྱི་དོན་རང་མཚན་ཁོ་ན་ལ་འཇོག་པ་ཡིན་ཕྱིར་གཟུང་རྣམ་དེ་ནི་རང་རིག་གི་ཉམས་སུ་མྱོང་སྟེ་རྗེས་ཀྱི་ངེས་ཤེས་ལ་ངས་ཟླ་གཉིས་དང་སྐྲ་ཤད་སོགས་མཐོང་སྙམས་པའི་བློ་དེས་ཡུལ་དེའི་རྣམ་པ་སྣང་ཙམ་པ་དེ་ནི་ཤེས་པ་རང་མཚན་ཉིད་ཡིན་པས་གསལ་བར་མཐོང་བ་བློ་ཉིད་ཡིན་ཞེས་གོང་དུ་བསྟན་ཟིན་ཏོ།། སྐྲ་སྣང་དོན་ལ་གྲུབ་པ་མེད་ཅེས་པ་ནི་རང་ཡུལ་དངོས་པོ་མེད་པ་ཉིད་ཡོད་པ་ལྟར་འཛིན་པའི་ཕྱིར་ན་ཟླ་གཉིས་སྣང་བའི་རྒྱུའམ་རྫས་ནི་ཤེས་པ་ཡིན་ཕྱིར་ཤེས་པ་རང་མཚན་གྱི་ཁོངས་སུ་རྟོགས་པ་ལས་ཕྱི་རོལ་གྱི་ཡུལ་གྱི་ཁོངས་སུ་རྟོག་པ་མིན་ནོ།།  དེ་ཕྱི་རོལ་གྱི་ཟླ་གཉིས་སུ་སྣང་བའི་ཆ་དེ་ནི་ཕྱི་རོལ་ཏུ་རང་ཡུལ་དངོས་པོ་ཟླ་གཉིས་དང་སྐྲ་ཤད་སོགས་མེད་པ་ལ་ཡོད་པ་ལྟར་འཛིན་པའི་ཕྱིར་ན་འཁྲུལ་ཤེས་སུ་བཞག་པ་ཡིན་ལ། དེའང་མེད་པ་གསལ་སྣང་གི་བློ་ཡིན་ན་རྟོག་མེད་འཁྲུལ་ཤེས་ཡིན་པས་ཁྱབ།  འོན་ཀྱང་ཟླ་གཉིས་དང་སྐྲ་ཤད་སོགས་ཤེས་པ་ལ་གསལ་བར་སྣང་བའི་ཆ་ནི་འཁྲུལ་ཤེས་མ་ཡིན་ཏེ་དེ་ཤེས་པ་རང་མཚན་ཡིན་པས་ཕྱི་རོལ་གྱི་མེད་པ་གསལ་སྣང་མ་ཡིན་པའི་ཕྱིར་ན་འཁྲུལ་ཤེས་སུ་བཞག་པ་མིན་ཏེ་ཁྱོད་ཤེས་པའི་རྫས་ཡིན་པའི་ཕྱིར་རོ།།  ཕྱི་རོལ་དུ་ཟླ་གཉིས་སུ་སྣང་བ་དེ་ནི་མེད་པ་གསལ་སྣང་ཡིན་པས་ཕྱི་རོལ་ཏུ་ཟླ་གཉིས་མེད་བཞིན་དུ་དེར་སྣང་བའི་ཕྱིར་ན་འཁྲུལ་ཤེས་ཡིན་ནོ།།  མདོ་སྡེ་པ་ལ་ཕྱི་དོན་རང་མཚན་མ་ཡིན་པ་ལ་དེ་སྣང་བའི་ཕྱིར་ན་འཁྲུལ་སྣང་ཡིན་ཞེས་བཞག་ཆོག་ན་ཕྱི་དོན་མེད་པར་ཁས་ལེན་པའི་སེམས་ཙམ་པའི་ལུགས་དང་ཁྱད་པར་ཅི་ཡོད་སྙམས་ན།   ཟླ་གཉིས་དང་སྐྲ་ཤད་སོགས་གསལ་བར་སྣང་བ་བློ་ཉིད་ཡིན་ཞེས་གསུང་པས། འོ་ན་སེམས་ཙམ་པའི་ཤེས་པ་ཐམས་ཅད་འཁྲུལ་ཤེས་སུ་ཁས་ལེན་པ་ཡིན་ནམ་ཡང་ན་སྐྲ་ཤད་དང་ཟླ་གཉིས་སྣང་བ་རྣམས་ཚད་མ་ཡང་དག་ཉིད་དུ་ཁས་ལེན་པ་གང་ཡིན་ཞེ་ན།  དེའི་དོན་ནི་སེམས་ཙམ་པའི་ལུགས་ལ་ཡང་དེ་ཚད་མ་ཡང་དག་ཏུ་ཁས་ལེན་པ་མ་ཡིན་ལ་གསལ་བར་སྣང་བ་ཐམས་ཅད་འཁྲུལ་ཤེས་སུ་ཁས་ལེན་པའང་མིན་ལ་དཔེར་ན་སེམས་ཙམ་པས་བུམ་འཛིན་མངོན་སུམ་ཚད་མ་དེ་བུམ་པ་མིག་གིས་མངོན་སུམ་དུ་མཐོང་བའི་བློ་དེ་རྟོག་བྲལ་མ་འཁྲུལ་བའི་ཤེས་པ་དང་ཡུལ་བུམ་པ་དེ་བུམ་པ་རང་མཚན་དུ་ཁས་ལེན་པ་ཡིན་ཡང་། འོན་ཀྱང་ཤེས་པ་ལས་རྫས་གཞན་དུ་ཁས་མི་ལེན་པ་དང་།  སྐྲ་ཤད་སྣང་བ་དེ་ཡང་ཤེས་པ་ལས་རྫས་གཞན་དུ་ཁས་མི་ལེན་ལ་བུམ་པ་མངོན་སུམ་ཚད་མ་དེ་མ་འཁྲུལ་བ་དང་སྐྲ་ཤད་མངོན་སུམ་མཐོང་བའི་བློ་དེ་རྟོག་མེད་ལོག་ཤེས་སུ་བཞག་པ་ལ་འགལ་བ་མེད་དེ་སེམས་ཙམ་པའི་ལུགས་ལ་བག་ཆགས་བརྟན་དང་མི་བརྟན་པའི་རྣམ་བཞག་བྱེད་པ་ཡིན་ལ་བུམ་པ་དང་ཀ་བ་ལྟ་བུ་སྐྱེ་བོ་རྣམས་ཀྱིས་མཐུན་སྣང་དུ་གྲུབ་པ་ལྟ་བུ་རྣམས་ནི་བག་ཆགས་བརྟན་འགྱུར་གྱི་སྣང་བར་མ་འཁྲུལ་བ་དང་མངོན་སུམ་ཚད་མ་སོགས་སུ་བཞག་ལ།  རབ་རིབ་ཅན་ལ་སྐྲ་ཤད་དང་དུང་སེར་སྣང་ཟླ་གཉིས་སྣང་བ་དང་གངས་རི་སྔོན་པོ་ལྗོན་ཤིང་འགྲོ་བ་སོགས་ནི་བག་ཆགས་མི་བརྟན་པའི་སྣང་བ་སྟེ་འཁྲུལ་རྒྱུའི་ལྷད་པ་རྣམས་ནི་རྟོག་མེད་འཁྲུལ་ཤེས་སུ་བཞག་པ་ཡིན་ནོ།།  སྤྱིར་སེམས་ཙམ་པའི་ལུགས་ལ་ཐུན་མོང་དུ་སྣང་བའི་ཡུལ་ཞིག་ཡོད་པ་ཁས་མི་ལེན་ཀྱང་སྣང་ཚུལ་གྱི་སྒོ་ནས་ཐུན་མོངས་བ་ལྟར་དུ་སྣང་བ་ཞིག་ཁས་ལེན་པ་ཡིན་པས།  མེད་པ་གསལ་སྣང་ལ་ཐུན་མོངས་བ་ལྟར་ཡུལ་མེད་པས་སེམས་ཙམ་པས་ཀྱང་ཡུལ་ཡིན་པ་ཁས་མི་ལེན་པར་བག་ཆགས་མི་བརྟན་པའི་སྣང་བ་ཡིན་པས་རྟོག་མེད་འཁྲུལ་ཤེས་སུ་བཞག་པ་ཡིན་ནོ།།    

བཞི་པ་དགག་པར་ཚད་མས་མི་རྟོགས་པ་ཐལ་བའི་རྩོད་སྤོང་ལ། རྩ་བ་ལས། རང་མཚན་མིན་པའི་ཡུལ་མེད་ན། །དངོས་མེད་གཞལ་བྱར་འགལ་ཞེ་ན། །ཞེས་པའི་དོན་ནི།   ཡང་ཁོ་ན་རེ་དེ་ལྟར་ན་ཁྱོད་ཀྱི་ལུགས་ལ་མཐར་ཐུག་གི་གཞལ་བྱ་རང་མཚན་གཅིག་ཁོ་ན་ཡིན་པ་དེ་ལྟར་ན།  འོ་ན་བུམ་དག་གི་ས་ཕྱོགས་སུ་བུམ་པ་དགག་པའམ་རི་བོང་གི་མགོ་ལ་རྭ་དགག་པ་ལྟར་ཡུལ་དགག་པ་དེ་རྗེས་དཔག་ཚད་མ་ལྟ་བུར་ཚད་མས་མི་རྟོགས་པ་ཐལ་བར་འགྱུར་ཏེ་རྒྱུ་མཚན་ནི་ཁྱོད་ཀྱི་ལུགས་ལ་གཞལ་བྱ་རང་མཚན་གཅིག་ཁོ་ན་ཞེས་རང་མཚན་མ་ཡིན་པའི་ཡུལ་གཞལ་བྱ་གཞན་མེད་ན་མཐར་ཐུག་གཞལ་བྱ་རང་མཚན་གཅིག་ཁོ་ན་ཡིན་པ་ཁས་ལེན་པ་གང་ཞིག་དངོས་མེད་རང་མཚན་མ་ཡིན་པའི་ཕྱིར་ན་གཞལ་བྱ་བྱེད་པ་མི་སྲིད་པས་དེ་ལ་རང་མཚན་མེད་པས་རྒྱུ་མཚན་དེའི་ཕྱིར་ན་དངོས་མེད་གཞལ་བྱ་བྱེད་པར་འགལ་ལོ།  དངོས་མེད་ལ་རང་མཚན་མེད་པ་གང་ཞིག་ཚད་མའི་འཇུག་ཡུལ་ཡིན་ན་མཐར་ཐུག་རང་མཚན་ཡིན་པ་ཁྱོད་ཀྱི་ཁས་ལེན་པའི་ཕྱིར་ཞེ་ན།       འདིར་གྲུབ་མཐའ་ལ་ཞུགས་མ་ཞུགས་ཐམས་ཅད་ལ་གྲགས་པའི་ཚད་མའི་དབང་དུ་བྱས་ནས་བརྩོད་པ་འདི་སྤོང་དགོས་ལ།  གྲུབ་མཐའ་སྨྲ་བ་རྣམས་ཀྱིས་དམིགས་ཡུལ་རྟོགས་པའི་རྒྱུ་བྱེད་པའི་དབང་དུ་བྱས་ནས་བཤད་པ་ཡིན་ན་རང་མཚན་མིན་པའི་ཡུལ་གཞལ་བྱ་གཞན་མེད་པའི་ཕྱིར་ཞེས་པའི་གཏན་ཚིག་མ་གྲུབ་ཏེ་དེའི་གནས་སྐབས་སུ་གཞལ་བྱ་ལ་རང་མཚན་ཡིན་མིན་ཅི་རིགས་ཡོད་པའི་ཕྱིར་ཞེས་རྟགས་མ་གྲུབ་ཞེས་པའི་འདོད་ལན་ཐེབས་པ་ཡིན་ལ།   ཀུན་ཏུ་ཐ་སྙད་པའི་ཚད་མའི་དབང་དུ་བྱས་ན་གཞལ་བྱ་རང་མཚན་གཅིག་ཁོ་ན་ཞེས་རྟགས་ཁས་ལེན་གྱིས་སྒོ་ནས་གྲུབ་པ་ཡིན་ལ།   ཡིན་ནའང་ཇི་སྐད་འདེབས་པའི་གསལ་བའམ་སྐྱོན་དེ་མེད་ཅེས་འདོད་ལེན་ཐེབས་པ་ཡིན་ཏེ་སྐྱོན་མེད་པའི་རྒྱུ་མཚན་གང་ཡིན་ཞེ་ན་དགག་བྱ་དངོས་པོ་ཡོད་མེད་ཀྱི་བསྒྲུབ་པའི་ཕྱིར་ན་འགལ་བ་མེད་དོ།།  དེ་དག་གི་ལན་དངོས་ལ་རྩ་བ་ལས།  དགག་བྱ་དངོས་པོར་ཡོད་མེད་ཅེས། །བསྒྲུབ་བའི་ཕྱིར་ན་འགལ་བ་མེད། ། ཅེས་གསུང་སྟེ།  དེའི་དོན་ནི་ཀུན་ཏུ་ཐ་སྙད་པའི་སྐབས་སུ་དགག་བྱ་རི་བོང་གི་མགོ་ལ་རྭའམ་བུམ་དག་གི་ས་ཕྱོགས་སུ་བུམ་པ་ལྟ་བུ་ཞིག་མཚོན་བྱེད་དུ། དགག་བྱ་དངོས་པོ་ཞིག་གཟུང་ནས་དེ་དངོས་པོ་ཡོད་པའམ་དངོས་པོ་མེད་ཅེས་བརྟགས་ཤིང་དཔྱད་ནས་བསྒྲུབ་པའི་ཕྱིར་ན་དངོས་པོ་རང་མཚན་ཡོད་མེད་རྩོད་པ་ལས་རང་མཚན་མེད་པའི་དངོས་པོ་ཞིག་གཟུང་ནས་བརྩོད་པ་མིན་ལ། བསྒྲུབ་བྱ་དངོས་པོ་ཞིག་དང་མ་འབྲེལ་བར་རྟོག་ཅན་གྱི་བློ་ཡིས་དངོས་མེད་ཆིག་རྐྱང་རང་ག་བ་ཞིག་རང་དབང་དུ་གཞལ་བ་མ་ཡིན་པས་རྒྱུ་མཚན་དེའི་ཕྱིར་ན་བསྒྲུབ་བྱ་དངོས་པོ་ཡོད་མེད་བརྟགས་ཤིང་དཔྱད་པ་འདི་ལ་འགལ་བ་མེད་དེ། དཔེར་ན་རི་བོང་གི་རྭ་ཡོད་མེད་བརྩོད་པའི་ཚེ་ན་ཕྱུགས་ཀྱིས་མགོ་ཡི་རྭ་ལྟ་བུའི་བསྒྲུབ་བྱ་དངོས་པོ་ཞིག་གཟུང་ནས་དེ་ལྟ་བུའི་རི་རྭ་ཡོད་མེད་རྩོད་པ་ལས་རང་མཚན་མ་ཡིན་པའི་རྭ་མེད་རང་ག་བ་ཞིག་རྩོད་པ་ནི་མ་ཡིན་པའི་ཕྱིར་ན་རྒྱུ་མཚན་དེ་བས་ན་ཀུན་ཏུ་ཐ་སྙད་ཚད་མའི་དབང་དུ་བྱས་ཏེ་གཞལ་བྱ་རང་མཚན་གཅིག་ཁོ་ན་གསུང་པ་ལ་དགག་པ་ཚད་མས་མི་རྟོགས་པ་ཐལ་ཞེས་པའི་སྐྱོན་དེ་མེད་དོ།། གཉིས་པ་གཟུང་ཡུལ་རང་མཚན་ལ་རྩོད་པ་སྤོང་བ་ལ།  རྩོད་པ་དགོད་པ་དང་དེ་དགག་པ་དང་རྣམ་པ་གཉིས་ཡོད་པ་ལས།  དང་པོ་རྩོད་པ་དགོད་པ་ནི།  རྩ་བ་ལས། ཕྱི་ཡི་གཟུང་ཡུལ་མཁས་པས་བཀག །ཤེས་པའི་གཟུང་ཡུལ་འདིར་མི་སྲིད། །དེས་ན་གཞལ་བྱ་གཅིག་ཉིད་ཀྱང་། །མི་འཐད་ཅེས་ནི་འགའ་ཞིག་སྨྲ། །ཞེས་རྩོད་པ་བཀོད་པའི་དོན་ནི།  ཡང་ཁ་གཅིག་འདི་སྙམས་ཏེ་ཁྱོད་ཚད་མ་རིགས་གཏེར་སྨྲ་བའི་ལུགས་ལ་སློབ་དཔོན་དབྱིག་གཉེན་གྱིས་ཕྱི་ཡི་གཟུང་ཡུལ་ནི། དྲུག་གི་གཅིག་ཆར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་དབུས་རྡུལ་གཅིག་ལ་ཕྱོགས་རྡུལ་དྲུག་གིས་བསྐོར་བའི་ཚེ་ན་དབུས་རྡུལ་དེ་ཉིད་ཕྱོགས་རྡུལ་སོ་སོ་ལ་ཉེ་བའི་ཆ་ཡོད་དང་མེད།  མེད་ན་ཕྱོགས་རྡུལ་དྲུག་པོ་དེ་དབུས་རྡུལ་གྱི་སྟེང་དུ་གོ་ས་གཅིག་ཏུ་འགྱུར་བར་ཐལ་ལ།  ཉེ་བའི་ཆ་ཡོད་ན་ཆ་མེད་མ་ཡིན་པ་ཐལ་ཆ་དྲུག་ཡོད་པའི་ཕྱིར་ཞེས་པ་སོགས་གཤིབ་ལ་འདྲ་བ་འགོག་པའི་རིག་པས་ཆོས་གྲགས་སོགས་མཁས་པས་ཕྱི་ཡི་གཟུང་ཡུལ་དེ་ནི་བཀག་ཟིན་ལ།  དེ་ལྟ་བུའི་ཕྱི་དོན་མེད་པའི་ནང་ཤེས་པའི་གཟུང་ཡུལ་ཞིག་ནི་མདོ་སྡེ་པ་རྣམས་ཀྱིས་ཕྱི་དོན་ཁས་ལེན་པའི་སྐབས་འདིར་མི་སྲིད་པར་རྒྱུ་མཚན་དེས་ན་ཁྱེད་ཚད་མ་སྨྲ་བའི་ལུགས་ལ་གཞལ་བྱ་རང་མཚན་གཅིག་ཁོ་ན་ཞེས་མི་འཐད་པ་ཐལ། ཅིའི་ཕྱིར་ཞེ་ན་ཕྱི་ཡི་གཟུང་ཡུལ་ནི་མཁས་པས་བཀའ་ཟིན་ལ་ཤེས་པའི་གཟུང་ཡུལ་ཞིག་འདིར་མི་སྲིད་པའི་ཕྱིར་ཏེ། ཕྱི་དོན་མ་གྲུབ་ལ་ནང་ཤེས་པའི་གཟུང་ཡུལ་ཡང་མ་གྲུབ་པར་རྒྱུ་མཚན་དེའི་ཕྱིར་ན་གཞལ་བྱ་རང་མཚན་གཅིག་པུ་དེ་ཡང་མི་འཐད་ཅེས་འགའ་ཞིག་གི་སྨྲ་བར་བྱེད་དོ།།  གཉིས་པ་འདིའི་ལན་བཏབ་པའི་དབང་དུ་བྱེད་པ་ལ་ལུགས་ཐ་དད་དུ་གྲུབ་མཐའི་རྣམ་བཞག་སྤྱིར་བསྟན་པ་དང་།  སློབ་དཔོན་གྱིས་བཞེད་པ་ངོས་བཟུང་བའོ།།   དང་པོ་ལུགས་ཐ་དད་དུ་གྲུབ་མཐའི་རྣམ་བཞག་སྤྱིར་བསྟན་པ་ནི།  རྩ་བ་ལས།  ངོ་བོ་ཉིད་དང་དབང་ཕྱུག་དང་། །གཙོ་བོ་རྡུལ་དང་རྣམ་རིག་དང་། །རྟེན་འབྲེལ་ཡིན་ཞེས་གྲུབ་པའི་མཐའ། །ཐ་དད་རང་གཞན་སྡེ་བ་འདོད། །ཅེས་གསུང་པའི་དོན་ནི།  འདིར་མུ་སྟེགས་ངོ་བོ་ཉིད་རྒྱུ་སྨྲ་བའི་རྒྱང་འཕེན་པ་རྣམས་ཀྱིས་ཆོས་ཐམས་ཅད་རྒྱུ་མེད་ངོ་བོ་ཉིད་ལས་བྱུང་ཞེས་ཁས་ལེན་པ་དང་།  མུ་སྟེགས་དབང་ཕྱུག་པ་རྣམས་ཀྱིས་ནི་དབང་ཕྱུག་རྟག་པ་བས་འདི་ཕྱི་དང་བདེ་སྡུག་གི་བྱེད་པོ་ཁས་ལེན་པ་དང་།  མུ་སྟེགས་གྲངས་ཅན་པ་རྣམས་ཀྱིས་ནི་གཙོ་བོ་རྟག་པ་ལས་བྱུང་བ་འདོད་པ་དང་།  མུ་སྟེགས་གཟེགས་ཟན་པ་དང་ནང་སྡེ་བྱེ་བྲག་སྨྲ་བ་རྣམས་ཀྱིས་ནི་རྡུལ་ཕྲན་ལས་བྱུང་ངོ་ཞེས་འདོད་ལ་འདིར་མདོ་སྡེ་པས་ཀྱང་ཕྱི་དོན་རྡུལ་ཕྲན་ཁས་ལེན་པ་ཡིན་པའི་ཕྱིར་ན་འབྱུང་བའི་རྒྱུ་ལ་རྟེན་ནས་ཕྱིའི་གཟུགས་དང་ནང་གི་ལུས་ལ་སོགས་པ་འབྱུང་བ་ལས་བྱུང་བ་འདོད་པ་མཚུངས་ལ།  སེམས་ཙམ་པ་རྣམས་ཀྱིས་རྣམ་རིག་ཙམ་དུ་སྨྲ་བ་དང་།  དབུ་མ་པ་རྣམས་ཀྱིས་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་རྟག་ཆད་སོགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཡིན་ནོ་ཞེས་གྲུབ་པའི་མཐའ་མི་འདྲ་བ་ཐ་དད་པ་དེ་སྐད་དུ་རང་གཞན་གྱི་སྡེ་པ་རྣམས་ཀྱིས་འདོད་དོ།།  གཉིས་པ་སློབ་དཔོན་གྱིས་བཞེད་པ་ངོས་བཟུང་བ་བཤད་པ་ལ།     ཕྱི་རོལ་དཔྱོད་པ་ན་དོན་རིག་པའི་ཚུལ་དང་།  ཐ་སྙད་ཀྱི་དེ་ཁོ་ན་ཉིད་ལ་དཔྱོད་པ་ན་རྣམ་རིག་ཞལ་གྱིས་བཞེས་པའི་ཚུལ།  དེ་གཉིས་ཀྱི་དོན་བསྡུ་བ་དང་རྣམ་པ་གསུམ་ལས།   དང་པོ་ལའང་གཞན་ལུགས་དགག་པ་དང་རང་ལུགས་བཞག་པ་གཉིས་ལས།  དང་པོ་གཞན་ལུགས་དགག་པ་དེ་བཤད་པའི་དབང་དུ་བྱེད་ན།  འདིར་ཕྱི་རོལ་མུ་སྟེགས་བྱེད་ཀྱི་ལུགས་དགག་པ་ལ། རྣམ་འགྲེལ་ལས་རྒྱུ་མེད་རིགས་ཅན་དངོས་རྣམས་ནི། རྟག་ཏུ་ཡོད་དམ་མེད་པར་འགྱུར་སོགས་རྣམ་འགྲེལ་ལས་མུ་སྟེགས་རྒྱང་འཕེན་པ་འགོག་པའི་རིགས་པ་རྒྱས་པར་ཞིག་གསུང་ཡོད་ལ།  ངོ་བོ་ཉིད་རྒྱུ་སྨྲ་བའི་རྒྱང་འཕེན་པ་རྣམས་ལ་ནི་རྒྱུ་མེད་འགོག་པའི་རིག་པ་ཇི་སྙེད་པ་རྣམས་ཀྱིས་གནོད་ཅེས་འོག་ནས་འབྱུང་བ་ལྟར་མདོ་མཚོན་པ་ཙམ་ཞིག་བཤད་ཡོད་ལ།  གྲངས་ཅན་པ་དང་དབང་ཕྱུག་པ་རྣམས་ཀྱིས་དབང་ཕྱུག་གཙོ་བོ་རྟག་པ་རྒྱུ་ཡིན་ཞེས་པ་ལ་རྟག་ལ་དོན་བྱེད་ནུས་པ་འགོག་པའི་རིགས་པས་གནོད་ཅེས་དང་།  གཟེགས་ཟན་པ་དང་ནང་སྡེ་བྱེ་སྨྲའི་ལུགས་དེ་ལའང་སྤྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཕྱི་དོན་འཇིག་རྟེན་མཐུན་འཇུག་ལ་ཞུགས་ནས་རྡུལ་ཕྲན་ཞལ་གྱིས་བཞེས་པ་ལ།  དེའི་ནང་ནས་གྲུབ་མཐའ་སྨྲ་བ་གཉིས་ཆད་པའི་བྱེ་མདོ་གཉིས་བྱུང་བ་དང་།  སངས་རྒྱས་བཅོམ་ལྡན་འདས་ཐ་སྙད་ཀྱི་དེ་ཁོ་ན་ཉིད་ལ་ཞུགས་པ་ན་རྣམ་རིག་ཞལ་གྱིས་བཞེས་ནས་དེ་ལས་ཆད་པའི་སེམས་ཙམ་པའི་གྲུབ་མཐའ་སྨྲ་བ་འདི་བྱུང་བ་ཡིན་ལ་དེ་ལ་རགས་པའི་དབྱེ་བ་ལ་རྣམ་བདེན་རྫུན་གཉིས་ཞེས་བྱུང་བ་ཡིན།  དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་མཐར་ཐུག་གི་དེ་ཁོ་ན་ཉིད་ལ་ཞུགས་པ་ན་ཆོས་ཐམས་ཅད་སྐྱེ་འགག་མེད་པ་རྟེན་ཅིང་འབྲེལ་བར་འབྱུང་བ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་དབུ་མར་ཞལ་གྱིས་བཞེས་ནས་དེ་ལས་ཆད་པའི་གྲུབ་པའི་མཐའ་དབུ་མ་པ་སྟེ་དེ་ལ་དབྱེ་ན་ཐལ་རང་གཉིས་སྟེ་གྲུབ་མཐའ་སྨྲ་བ་བཞི་བྱུང་བ་ཡིན་ལ།  དེའི་ནང་ནས་སློབ་དཔོན་ཆོས་གྲགས་ཀྱིས་གྲུབ་མཐའ་སྨྲ་བ་བཞིའི་ནང་ཚད་མ་འདི་གྲུབ་མཐའ་གང་གི་ལུགས་རྣམ་བཞག་བྱས་ནས་བཞེད་པ་ཡིན་ཞེ་ན།  སློབ་དཔོན་ཆོས་གྲགས་ཀྱིས་ཐ་སྙད་དཔྱོད་པ་ལ་འཇུག་པའི་ཚེ་ན་བདེ་བ་གཤེགས་པས་རྡུལ་ཕྲན་ཞལ་གྱིས་བཞེས་པའི་རྗེས་སུ་འབྲངས་ཏེ་ཕྱི་དོན་རྡུལ་ཕྲན་ཞལ་གྱིས་བཞེས་པ་ཡིན་ལ།  དེའི་གྲུབ་མཐའ་སྨྲ་བ་གཉིས་ཀྱི་ནང་ནས་བྱེ་བྲག་ཏུ་སྨྲ་བའི་ལུགས་ཤེས་པ་ཡུལ་ལ་འཇུག་པའི་ཚེ་ན་ཕྱི་དོན་གྱི་རྣམ་པ་མ་གཏད་པར་རྣམ་མེད་རྗེན་གཅེར་དུ་ཡུལ་ལ་འཇུག་ནས་རྟེན་བཅས་ཀྱི་དབང་པོ་དང་དེ་མཚུངས་ཀྱི་དབང་པོ་གཉིས་ལས་རྟེན་བཅས་ཀྱི་དབང་པོ་ལྟ་བྱེད་དུ་ཁས་བླང་ནས་ཤེས་པས་ཡུལ་མི་མཐོང་ཞེས་པའི་རྣམ་བཞག་དེ་བཀག་ནས་མདོ་སྡེ་པའི་ལུགས་རྣམ་པར་བཞག་པ་སྟེ། གལ་ཏེ་ཕྱི་རོལ་གྱུར་ལ་འཇུག་པ་ན། །ཁོ་བོས་མདོ་སྡེ་སྐབས་ལ་རྣམ་པར་བསྟན། །ཞེས་མདོ་སྡེ་པའི་གྲུབ་མཐའི་ལུགས་ཀྱི་རྣམ་བཞག་བྱས་པ་དང་།  ཐ་སྙད་ཀྱི་དེ་ཁོ་ན་ཉིད་ལ་འཇུག་པའི་ཚེ་ན་བདེ་བར་གཤེགས་པས་སེམས་ཙམ་ཞལ་གྱིས་བཞེས་པའི་རྗེས་སུ་འབྲངས་ཏེ་རྣམ་བདེན་རྫུན་གཉིས་ལས་ཆོས་ཀྱི་གྲགས་པས་རྣམ་རྫུན་པའི་ལུགས་ཞལ་གྱིས་བཞེས་ཞེས་པ་རིགས་གཏེར་གྱི་དགོངས་པ་ཡིན་ཏེ།   དེ་ཡང་རྣམ་འགྲེལ་ལས་དེ་ཕྱིར་དོན་དང་ཤེས་པ་ལ་རགས་སྣང་ཡོད་མེད་སོགས་གསུང་ཡོད་ལ།  དེའི་རྒྱུ་མཚན་ནི་སེམས་ཙམ་རྣམ་བདེན་པ་རྣམས་ཀྱིས་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་ཤེས་པ་ལ་སྣང་ཙམ་པོ་དེ་ཕྱི་དོན་དུ་མ་གྲུབ་ཀྱང་ཤེས་པའི་རྫས་སུ་བདེན་གྲུབ་ཡིན་ཞེས་ཁས་ལེན་པ་དང་།  རྣམ་འགྲེལ་ལས་དེ་ཕྱིར་དོན་དང་ཤེས་པ་ལ་རགས་སྣང་ཡོད་མེད་ཅེས་དབང་ཤེས་ལ་རགས་པ་སྣང་བ་དེ་ཤེས་པའི་རྫས་ཡིན་པར་ཁས་བླང་བ་དེ་དགག་ནས་རྣམ་མེད་ཞལ་གྱིས་བཞེས་ཏེ་རྣམ་རྫུན་པའི་ལུགས་ལྟར་གཏན་ལ་ཕབ་ཡོད་པ་དང་།  དེ་ཡང་ཚད་མ་སྨྲ་བའི་ལུགས་འདི་ཐ་སྙད་ལ་དཔྱོད་པ་དང་ཐ་སྙད་ཀྱི་དེ་ཁོ་ན་ཉིད་ལ་དཔྱོད་པ་གཉིས་ཏེ་མདོ་སྡེ་པ་དང་སེམས་ཙམ་རྣམ་རྫུན་པའི་གྲུབ་མཐའ་སྨྲ་བ་གཉིས་ཀྱི་ལུགས་གསལ་བར་བྱས་པ་ཡིན་ལ།  མདོ་སྡེ་པའི་ལུགས་གསལ་བར་བྱ་ཚེ་བྱེ་སྨྲའི་ལུགས་དགག་དགོས་པ་དང་།  རྣམ་རྫུན་པའི་ལུགས་གསལ་བར་བྱ་ཚེ་མདོ་སྡེ་པ་དང་རྣམ་བདེན་པའི་ལུགས་གཉིས་ཀྱང་དགག་དགོས་པའི་ཕྱིར་ན།   དང་པོ་བྱེ་སྨྲའི་ལུགས་དགག་པ་དང་།  དེ་དང་ཆ་འདྲ་བ་བོད་ཀྱི་ལུགས་དགག་པ་གཉིས་ལས།  དང་པོ་བྱེ་སྨྲའི་ལུགས་དགག་པ་ལ་ཁས་བླང་བརྗོད་པ་དང་དེ་དགག་པ་གཉིས་ལས།    དང་པོ་ཁས་བླང་བརྗོད་པའི་དབང་དུ་བྱེད་ན།  ཕྱི་རོལ་པའི་ལུགས་གཏན་ནས་མི་འཐད་པར་རགས་ཙམ་ཞུས་ཟིན་ལ།  རང་སྡེའི་ནང་ནས་སློབ་དཔོན་ཆོས་ཀྱི་གྲགས་པས་བཞེད་པ་ཇི་ལྟར་ཡིན་སྙམ་ན་བྱེ་བྲག་སྨྲ་བའི་ལུགས་དེ་བཀག་ནས་ཐ་སྙད་དུ་ཕྱི་རོལ་དུ་དཔྱོད་པ་ལ་མདོ་སྡེ་པའི་ལུགས་དང་།  ཐ་སྙད་ཀྱི་དེ་ཁོ་ན་ཉིད་ལ་དཔྱོད་པའི་ཚེ་ན་སེམས་ཙམ་པའི་འདོད་པ་དེ་མཐར་ཐུག་གི་དེ་ཁོ་ན་ཉིད་དང་དོན་དམ་པའི་དེ་ཁོ་ན་ཉིད་མིན་ཡང་ཐ་སྙད་ཀྱི་དེ་ཁོ་ན་ཉིད་ལ་འཇུག་པ་ལ་རྣམ་རིག་པ་ལྟར་ཞལ་གྱིས་བཞེས་པ་ཡིན་ལ་དེའང་གོ་རམས་པའི་བཞེད་པ་ལྟར་ན་ཆོས་གྲགས་ཀྱིས་སེམས་ཙམ་རྣམ་རྫུན་པའི་ལུགས་ཞལ་གྱིས་བཞེས་པ་ལྟར་རིགས་གཏེར་གྱི་དགོངས་པ་ཡང་རྣམ་རྫུན་པའི་ལུགས་ལྟར་ཞལ་གྱིས་བཞེས་པ་ཡིན་པར་བཞེད་ལ།  ཐ་སྙད་དེ་དག་གི་རང་བཞིན་ནམ་དོན་དམ་པའི་དེ་ཁོ་ན་ཉིད་རྟག་ཆད་སོགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་རྟེན་ཅིང་འབྲེལ་པར་འབྱུང་བར་དབུ་མ་པས་བསྟན་ལ།  འདིར་ཚད་མ་རྣམ་འགྲེལ་དང་རིགས་གཏེར་སོགས་ཀྱི་སྐབས་སུ་འདིའི་རྣམ་བཞག་མི་འབྱུང་ལ།  དེས་ན་རྡུལ་ཕྲན་ཁས་ལེན་པ་ལ་དོན་སྨྲ་བའི་ལུགས་གཉིས་ཡོད་པའི་མདོ་སྡེ་པའི་ལུགས་རྣམ་བཞག་བྱས་ཏེ་བྱེ་བྲག་སྨྲ་བའི་དབང་པོའི་ཡུལ་རྟོགས་ཚུལ་དེ་ལ་ཚད་མའི་གནོད་བྱེད་ཡོད་པས་མི་འཐད་དེ།  རྩ་བ་ལས།  ཆོད་པ་མིན་ཕྱིར་རྣམ་ཤེས་མིན། །དབང་པོ་རྟེན་བཅས་ལྟ་བྱེད་ལོ། །ཞེས་གསུང་སྟེ།  དེའི་དོན་ནི།   བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་རྣམ་ཤེས་ཆོས་ཅན་ཁྱོད་ཀྱི་གཟུགས་མི་མཐོང་བ་ཐལ་བར་དུ་ཆོད་པའི་གཟུགས་མི་མཐོང་བའི་ཕྱིར།  ཁྱབ་པ་ཡོད་དེ་རྣམ་ཤེས་ཀྱིས་མཐོང་ན་རི་དང་ར་བས་བར་དུ་ཆོད་པའི་ཕ་རོལ་གྱི་གཟུགས་ཀྱང་མཐོང་དགོས་པ་ཐལ་རྣམ་ཤེས་ཐོགས་མེད་ཡིན་པའི་ཕྱིར་ཞེས་དང་།  དེས་ན་དབང་པོ་གཟུགས་ཅན་པ་དེ་ཡང་ཡུལ་ལ་བྱ་བ་བྱེད་བཞིན་པ་རྟེན་བཅས་ཀྱི་དབང་པོ་ལྟ་བྱེད་ཡིན་ལ་དེ་མཚུངས་ཀྱི་དབང་པོ་ནི་ལྟ་བྱེད་དུ་རུང་བ་མ་ཡིན་ནོ་ཞེས་འདི་ལ་ཚད་མའི་གནོད་བྱེད་ཡོད་པའི་ཕྱིར་ན་མ་རངས་པའི་ཚིག་ལོ་སྒྲ་སྦྱར་བ་ཡིན་ནོ།  གཉིས་པ་དེ་དགག་པ་ལ།   དེ་ལྟར་ན་དབང་པོ་གཟུགས་ཅན་པ་དེ་ཆོས་ཅན་ཁྱོད་ལྟ་བྱེད་དུ་མི་རུང་བ་ཐལ་བེམས་པོ་ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ་ཞེས་བཀག་ནས།  ཡང་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་ཡུལ་དང་དབང་པོ་དུས་མཉམ་སྟེ་རྣམ་མེད་ཐུག་འཕྲད་རྗེན་གཅེར་དུ་ཡུལ་འཛིན་པ་ཡིན་ཞེས་བརྗོད་པ་ལ། རྩ་བ་ལས། དུས་མཉམ་པ་ལ་འབྲེལ་བ་མེད། །ཅེས་གསུང་སྟེ། དེའི་དོན་ནི་མདོ་སྡེ་པ་རྣམས་ཀྱིས་དེ་འདྲ་མ་ཡིན་པར་སྐད་ཅིག་དང་པོ་ཡུལ་དང་དབང་པོ་ཤེས་པ་གསུམ་ཚོགས་ནས་སྐད་ཅིག་གཉིས་པའི་གནས་སྐབས་སུ་དབང་ཤེས་ཡུལ་གྱི་རྣམ་པ་ཅན་དུ་སྐྱེས་པ་ཙམ་ལ་ཡུལ་དེ་མཐོང་ཞེས་དོན་རིག་མངོན་སུམ་མམ་ཐ་སྙད་བཞག་དགོས་པ་ལས་ཡུལ་དང་ཤེས་པ་དུས་མཉམ་དུ་མཐོང་བ་མིན་ཏེ་དབང་ཡུལ་དུས་མཉམ་པ་ལ་འབྲེལ་པ་གཉིས་ཀ་མེད་པས་བྱེ་བྲག་ཏུ་སྨྲ་བ་ཁྱོད་ཀྱི་ལུགས་ལ་དབང་པོའི་ཡུལ་མཐོང་བྱ་མཐོང་བྱེད་དུ་མི་འཐད་པ་ཐལ།  ཅིའི་ཕྱིར་ཞེ་ན་དབང་ཡུལ་དུས་མཉམ་པ་ཡིན་པའི་ཕྱིར།  ཁྱབ་པ་ཡོད་དེ་དུས་མཉམ་པ་ལ་འབྲེལ་པ་མེད་པའི་ཕྱིར།  འབྲེལ་པ་མེད་དེ་ཁྱོད་ལ་བདག་གཅིག་གི་འབྲེལ་པ་མེད་པ་གང་ཞིག་དེ་བྱུང་གི་འབྲེལ་པ་མེད་ཕྱིར།   ཁྱོད་ལ་བདག་གཅིག་གི་འབྲེལ་བ་མེད་དེ་དབང་པོ་དང་ཡུལ་གཉིས་ཐ་དད་ཡིན་པའི་ཕྱིར། དེ་བྱུང་གི་འབྲེལ་པ་མེད་དེ་དབང་ཡུལ་དུས་མཉམ་པ་ལ་ཕན་གདག་བྱ་འདོགས་བྱེད་དུ་མི་རུང་བས།  རྒྱུ་མཚན་དེའི་ཕྱིར་ན་མཐོང་བྱ་མཐོང་བྱེད་དུ་མི་འཐད་དོ་ཞེས་བྱེ་བྲག་ཏུ་སྨྲ་བའི་ལུགས་དགག་ནས།  ད་ནི་རང་ལུགས་མདོ་སྡེ་པའི་རྣམ་བཞག་བྱེད་པ་ལ་དབང་པོ་གཟུགས་ཅན་པ་ལ་ལྟོས་ནས་སྐྱེས་པའི་ཤེས་པ་དེ་ལྟ་བྱེད་དུ་བྱས་ནས་བར་དུ་ཆོད་པའི་པའི་གཟུགས་ཀྱང་མཐོང་དགོས་པའི་སྐྱོན་ཡང་མེད་ལ།  སྐད་ཅིག་དང་པོར་ཡུལ་དབང་ཤེས་གསུམ་ཚོགས་པ་ལ་རྟེན་ནས་ཡུལ་སྐད་ཅིག་གཉིས་པའི་གནས་སྐབས་སུ་དབང་ཤེས་ཡུལ་གྱི་རྣམ་པ་ཅན་དུ་སྐྱེས་པ་ལ་ཡུལ་དེ་མཐོང་ཞེས་པའི་ཐ་སྙད་གདགས་པ་ལས། ཡུལ་སྐད་གཅིག་གཉིས་པ་དབང་ཤེས་ཡུལ་གྱི་རྣམ་པ་ཅན་དུ་སྐྱེས་པའི་ཚེ་ན།  དབང་ཤེས་སྐད་ཅིག་སྔ་མ་དེ་འགག་ཟིན་པས་ན།  ཡུལ་སྐད་ཅིག་དང་པོ་འཛིན་པའི་དབང་ཤེས་སྐད་ཅིག་དང་པོ་གཉིས། ཡུལ་སྐད་ཅིག་གཉིས་པའི་དུས་ཡུལ་དེ་དང་འདྲ་བའི་རང་འདྲའི་ཤེས་པ་སྐྱེས་པ་ཡིན་པས་ཡུལ་སྐད་ཅིག་དང་པོའི་དུས་སུ་རང་འཛིན་གྱི་དབང་ཤེས་མ་སྐྱེས་པའི་ཕྱིར་ན་དབང་ཡུལ་དུས་མཉམ་དུ་འཛིན་པའི་སྐྱོན་དེའང་མེད་དོ།།   གཉིས་པ་བོད་ཀྱི་ལུགས་དགག་པ་ལ་ཕྱོགས་སྔ་འགོད་པ་དང་དེ་དགག་པ་གཉིས་ལས།   དང་པོ་ཕྱོགས་སྔ་འགོད་པའི་དབང་དུ་བྱས་ན།  ཡང་བྱེ་བྲག་ཏུ་སྨྲ་བ་དེ་དང་ཆ་འདྲ་བ་བོད་སྔ་རབས་པ་ཁ་གཅིག་གིས་དབང་པོ་ལྟ་བྱེད་མིན་ཡང་ཤེས་པ་ལྟ་བྱེད་དུ་ཁས་བླང་ནས་དེ་ཡུལ་དང་ཡུལ་ཅན་དུས་མཉམ་ཡིན་ཞེས་ཡུལ་དང་ཡུལ་ཅན་དུས་མི་མཉམ་ན་ཡུལ་དུ་མི་རུང་བས་ན་དུས་མཉམ་གྱི་ཡུལ་དེ་གཟུང་བ་དང་དུས་མཉམ་གྱི་ཡུལ་ཅན་ཤེས་པ་དེ་འཛིན་པ་ཡིན་ཏེ་མིག་གིས་སྔོན་པོ་མངོན་སུམ་དུ་མཐོང་བའི་ཚེ་ན་སྔོན་པོ་དང་མིག་ཤེས་གཉིས་དུས་མཉམ་ཡིན་དུས་མཉམ་བཞིན་དུ་ཡང་སྔོན་པོ་གཟུང་ཡུལ་དང་མིག་ཤེས་དེའི་གནས་སྐབས་སུ་འཛིན་པ་ཡིན་ནོ་ཞེས་བོད་སྔ་རབས་པ་ཁ་གཅིག་གི་འདོད་དོ།།  དེ་དགག་པ་ལ་དགག་པ་དངོས་དང་དེའི་ཉེས་སྤོང་གི་ལན་དགག་པ་གཉིས་ལས། དང་པོ། རྩ་བ་ལས། ཡུལ་དང་རྣམ་ཤེས་དུས་མཉམ་ནི། །གཟུང་འཛིན་ཡིན་ཞེས་གངས་ཅན་པ།། ཞེས་པའི་དོན་ནི། དེ་མི་འཐད་དེ་ཁྱོད་ཀྱི་དབང་པོ་ལྟ་བྱེད་མིན་ཞེས་ཁས་ལེན་པ་དེ་བྱེ་བྲག་ཏུ་སྨྲ་བ་ལས་ཅུང་ཟད་ཁྱད་པར་དུ་འཕགས་མོད་དེ་ཤེས་པ་ལྟ་བྱེད་ཡིན་པ་ཁས་ལེན་བཞིན་དུ་ཡུལ་དང་ཡུལ་ཅན་དུས་མཉམ་ཡིན་ཞེས་མདོ་སྡེ་པའི་ལུགས་ལ་རྣམ་བཞག་བྱེད་པ་དེ་ནི་ཤིན་ཏུ་མི་འཐད་དེ།  ཡུལ་ཤེས་གཉིས་དུས་མཉམ་པའི་ཕྱིར་ན་དེ་གཉིས་ལ་འབྲེལ་པ་མེད་ལ། ཡུལ་ཤེས་གཉིས་པོ་ཆོས་ཅན་ཁྱོད་གཟུང་བ་དང་འཛིན་པ་མི་འཐད་པ་ཐལ།  ཁྱོད་གངས་ཅན་པ་རྣམས་ཀྱིས་དུས་མཉམ་ཡིན་པ་ཁས་བླང་བའི་ཕྱིར།  དུས་མཉམ་ཡིན་ན་གཟུང་འཛིན་དུ་མི་འཐད་པའི་ཁྱབ་པ་ཡོད་དེ་ཁྱོད་ལ་འབྲེལ་པ་མེད་པའི་ཕྱིར།  འབྲེལ་བ་མེད་དེ་ཁྱོད་ལ་བདག་གཅིག་དང་དེ་བྱུང་གི་འབྲེལ་བ་མེད་པར་སྔ་མ་བཞིན་ནོ།། ཡང་རྩ་བ་ལས། དུས་མཉམ་ཕྱིར་ན་འབྲེལ་བ་མེད། །རྒྱུ་མེད་པ་ལ་རྣམ་ཤེས་འགལ། །ཞེས་པའི་དོན་ནི།   དེ་ལྟར་ན་ཡུལ་རྒྱུ་མེད་པ་ལ་དེ་ལ་རྟེན་ནས་སྐྱེས་པའི་འབྲས་བུ་རྣམ་ཤེས་ཀྱང་འཇོག་ཏུ་མེད་པས་ཡུལ་རྒྱུ་མེད་པ་ལ་དེ་ལས་སྐྱེས་པའི་རྣམ་ཤེས་ཀྱང་ཡོད་པར་འགལ་ཏེ་རྒྱུ་མེད་དུ་ཐལ་བའི་ཕྱིར་རོ།།   དེའང་མདོ་སྡེ་པའི་ལུགས་ལྟར་ན་དབང་ཤེས་སམ་དོན་རིག་མངོན་སུམ་གཉིས་པོ་གང་རུང་ཞིག་སྐྱེ་དགོས་ན་འདི་ལ་སྐད་ཅིག་དང་པོའི་གནས་སྐབས་སུ་ཡུལ་དབང་ཤེས་གསུམ་སྟེ་རྐྱེན་གསུམ་ཚོགས་པས་ཁྱབ་ལ་སྐད་ཅིག་གཉིས་པའི་གནས་སྐབས་སུ་དབང་ཤེས་དེ་ཡུལ་དེའི་རྣམ་པ་ཅན་དུ་སྐྱེས་པ་ལ་ཡུལ་དེ་མཐོང་ཞེས་པའི་ཐ་སྙད་གདགས་པ་ཡིན།   འོ་ན་རྣམ་ཤེས་སྐྱེ་བ་ཡིན་ན་རྒྱུ་ཡུལ་ཞིག་ལ་བལྟོས་དགོས་པའི་ཁྱབ་པ་ཡོད་དམ།  རྣམ་ཤེས་ཀྱི་ཡུལ་འཛིན་པ་ཡིན་ན་ཤེས་པ་དེའི་རྣམ་པ་ཅན་དུ་སྐྱེ་དགོས་པའི་ཁྱབ་པ་ཡོད་དམ་ཞེས་དྲིས་ན། དེས་ཁྱབ་པ་དེ་ཡོད་པ་མིན་ཏེ།  གང་ཡིན་ཞེ་ན་གོང་དུ་བཤད་པ་དེ་དག་དོན་རིག་གི་དབང་དུ་བྱས་ནས་བཤད་པ་རེད་མ་གཏོགས། སེམས་ཙམ་པའི་རང་ལུགས་ཀྱི་དབང་དུ་བྱས་ནས་རིག་བྱ་ཤེས་པ་ཡིན་རིག་བྱེད་ཤེས་པ་ཡིན་དེ་གཉིས་ཐ་དད་མེད་ལ་ཐ་དད་མེད་ཀྱང་རིག་བྱ་རིག་བྱེད་བཞག་ཆོག་ཞེས་པ་ནི་གྲུབ་པའི་མཐའ་ཡིན་ནོ།།   འདིར་བདེན་གྲུབ་ཏུ་ཁས་ལེན་པ་ལ་དབུ་མ་པ་རྣམས་ཀྱི་རིག་པས་བཤིག་པ་ལ་སྤྱོད་འཇུག་སོགས་ལས་རལ་གྲིའི་སོ་ནི་རང་ལ་རང་། །ཇི་ལྟར་མི་གཅོད་དེ་བཞིན་ཡིད་ཅེས་དང་སོ་མོས་རྩེ་མོས་རང་ལ་རང་མི་རེག་པ་སོགས་ཀྱི་རང་གིས་རང་ལ་བྱ་བྱེད་འགལ་བ་སོགས་ཀྱི་རྟགས་ལ་རྟེན་ནས་རང་རིག་བདེན་གྲུབ་ཡིན་པ་དེ་བཀག་པ་ཡིན་ལ།  འོན་ཀྱང་ཐ་སྙད་ཙམ་ལ་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པའི་རང་རིག་དེ་དབུ་མ་པ་རྣམས་ཀྱིས་ཀྱང་དགག་པ་མིན་ལ།  ཡིན་ནའང་འདི་གྲུབ་མཐའི་དབང་གིས་རིག་བྱ་རིག་བྱེད་གཉིས་ཀ་ཡིན། དེ་གཉིས་རྫས་གཞན་མ་ཡིན་པ་ངོ་བོ་གཅིག་ཀྱང་ཡིན་དེ་བཞིན་དུ་རིག་བྱ་རིག་བྱེད་གཅིག་ཡིན་པས་འགལ་བའང་མེད་ཅེས་རང་རིག་ཆོས་ཅན་དུ་གཟུང་ནས་དེ་ལ་འགལ་བ་སོགས་ཀྱི་རྟགས་ཇི་ལྟར་བཀོད་ཀྱང་གྲུབ་མཐའི་དབང་གིས་དེ་ལ་ཁྱབ་པ་མ་བྱུང་བ་དང་རྟགས་མ་གྲུབ་སོགས་ཀྱི་ལན་ཡང་དག་ཐེབས་པའི་ཕྱིར་ན་འདིའི་སྐབས་སུ་སུན་འབྱིན་ནུས་པ་མ་ཡིན་ནོ།།  དེ་ལྟར་དགག་པ་དངོས་དེ་གོང་དུ་སོང་ནས་གཉིས་པ་དེའི་རྩོད་སྤང་དང་དེའི་ལན་དགག་པ་ལ།   དང་པོ་ལན་ནི་རྩ་བ་ལས། སྐད་ཅིག་སྔ་མའི་ཡུལ་རྒྱུ་ཡིན། །དུས་མཉམ་གཟུང་ཡུལ་ཡིན་ཞེ་ན། །ཞེས་པའི་དོན་ནི།  དེས་ན་བོད་རྣམས་ཀྱིས་ཁོ་ན་རེ་ཡུལ་སྔ་མ་སྐད་ཅིག་དང་པོ་ལྟ་བུ་དེ་ནི་ཤེས་པས་ཡུལ་ལ་དམིགས་པའི་རྒྱུ་ཡིན་ལ།  ཤེས་པ་སྐད་ཅིག་དང་པོ་དེ་རང་དང་དུས་མཉམ་པའི་ཡུལ་སྐད་ཅིག་གཉིས་པ་དེ་ནི་དངོས་སུ་བཟུང་ཡུལ་ཡིན་ནོ་ཞེ་ན།། རྩ་བ་ལས། ཡུལ་ལས་སྐྱེས་ཕྱིར་རྣམ་ཤེས་གྲུབ། །དེ་ལ་དུས་མཉམ་དགོས་པ་མེད། །ཅེས་པའི་དོན་ནི། དེས་ན་དབང་པོ་དང་ཡིད་བྱེད་ཀྱིས་རྐྱེན་སྦྱར་ཏེ་སྐྱེས་ཟིན་པའི་ཕྱིར། ཡུལ་ཅན་དང་དུས་མཉམ་པའི་ཡུལ་དེར་དགོས་པ་མེད་དེ་སྐད་ཅིག་སྔ་མའི་ཡུལ་གྱིས་དམིགས་རྐྱེན་བྱེད་དབང་པོས་བདག་རྐྱེན་བྱེད་ཡིད་བྱེད་ཀྱིས་དེ་མ་ཐག་རྐྱེན་ཅན་བྱས་ཏེ་སྐད་ཅིག་གཉིས་པའི་དུས་སུ་ཤེས་པ་ཡུལ་གྱི་རྣམ་པ་ཅན་དུ་སྐྱེས་ཟིན་པའི་ཕྱིར་ན་དེའི་དུས་སུ་དབང་ཤེས་གྲུབ་ཟིན་ཡོད་པའི་ཤེས་པ་རང་དང་དུས་མཉམ་པའི་ཡུལ་སྐད་ཅིག་གཉིས་པ་དེ་ལ་དགོས་པ་ཅུང་ཟད་ཀྱང་མེད་དོ།།  ཤེས་པ་མ་སྐྱེས་པར་སྐྱེས་པ་བྱེད་པ་ལ་སྐད་ཅིག་དང་པོ་ཡུལ་དབང་ཤེས་གསུམ་ཚོགས་པ་ལ་རྟེན་ནས་སྐད་ཅིག་གཉིས་པའི་གནས་སྐབས་སུ་ཤེས་པ་སྐྱེས་ཤིང་གྲུབ་ཟིན་ལ།  ཤེས་པ་རང་ཉིད་སྐྱེས་པ་ལ་ནི་དུས་མཉམ་དེ་དགོས་པ་མེད།  སྐད་ཅིག་སྔ་མས་རྒྱུ་བྱས་ཏེ་གཟུང་ཡུལ་གྱིས་རྣམ་པ་གཏོད་ནས་སྐད་ཅིག་གཉིས་པའི་གནས་སྐབས་སུ་ཤེས་པ་ཡུལ་གྱི་རྣམ་པ་ཅན་དུ་སྐྱེས་ཟིན་པ་དེས་གོ་ཆོད་ཅིང་ངས་ཡུལ་མཐོང་ཞེས་ཐ་སྙད་བཏགས་པ་ཙམ་ཡིན་པ་མ་གཏོགས་དུས་མཉམ་པའི་ཡུལ་གྱིས་ཡུལ་དང་ཡུལ་ཅན་འབྲེལ་བ་གང་ཡང་ཡོད་པར་མི་སྲིད་པའི་ཕྱིར་ཏེ་དེས་ན་ཡུལ་གྱི་དགོས་པ་གང་ཡང་མེད་དོ།།  གཉིས་པ་རང་ལུགས་ཕྱི་དོན་མདོ་སྡེ་པ་ལྟར་བཞག་པ་ལ་དངོས་དང་དོགས་སྤང་གྲུབ་དོན་དང་གསུམ་ལས།   དང་པོ་དངོས་བཤད་པའི་དབང་དུ་བྱས་ན། རྩ་བ་ལས།  ཡུལ་དང་དབང་པོ་ཡིད་ལ་བྱེད། །དེ་ལས་སྐྱེས་པ་རྣམ་ཤེས་ཡིན། །ཞེས་པའི་དོན་ནི། འདི་ལྟར་ཏེ་རྒྱུ་མཚན་དེའི་ཕྱིར་ན་ཚད་མ་རང་ལུགས་མདོ་སྡེ་པ་ལྟར་རྣམ་པ་བཞག་ན།  དམིགས་པའི་ཡུལ་དང་གཅིག།  བདག་རྐྱེན་དབང་པོ་དང་གཉིས། ཡིད་བྱེད་དེ་མ་ཐག་རྐྱེན་གསུམ་ཚོགས་པ་ཞེས་གསུང་སྟེ།  དེ་ཡང་དམིགས་པའི་ཡུལ་ནི་རང་འཛིན་མངོན་སུམ་ལ་རང་འདྲའི་རྣམ་པ་གཏོད་བྱེད་ཕྱི་དོན་གྱི་གཟུང་ཡུལ་སྐད་ཅིག་དང་པོ་དེ་ཕྱི་དོན་སྐད་གཅིག་དང་པོའི་དམིགས་ཡུལ་ཡིན་པའི་ཕྱིར་ན་དེ་ལ་དམིགས་པའི་ཡུལ་ཞེས་དང་།  མིག་ལ་སོགས་པའི་དབང་པོའི་བདག་རྐྱེན་བྱས་ཏེ་བདག་རྐྱེན་དབང་པོ་དང་།  དེ་མ་ཐག་རྐྱེན་ཡིད་བྱེད་ནི་མིག་ཤེས་སྐད་ཅིག་སྔ་མ་ལ་རྟེན་ནས་མིག་ཤེས་སྐད་ཅིག་ཕྱི་མ་སྐྱེ་ཞེས་མཐའ་གཅིག་ཏུ་འཇོག་མི་ཐུབ་ལ།  དེ་བཞག་མི་ཐུབ་པའི་རྒྱུ་མཚན་ནི་མིག་བཙུམ་པའི་གནས་སྐབས་སུ་དབང་ཤེས་སྐད་ཅིག་སྔ་མ་དེ་འགག་ནས་མེད་པ་ཡིན་ལ།  མིག་ཕྱེས་ནས་ལྟས་པ་ན་དབང་ཤེས་དེ་སྐྱེ་བར་འགྱུར་ལ།   དེས་ན་ཡིད་བྱེད་དེ་མ་ཐག་རྐྱེན་དེ་རྣམ་ཤེས་སྔ་མ་སྔོན་དུ་སོང་ནས་མིག་བཙུམ་པའི་གནས་སྐབས་སུ་མིག་ཤེས་མེད་ལ་ཕྱེས་པའི་གནས་སྐབས་སུ་གཞི་ནས་མིག་ཤེས་སྐྱེ་དགོས་པ་ཡིན་ཕྱིར་ཡིད་བྱེད་དེ་མ་ཐག་རྐྱེན་དེ་ཡིད་ཤེས་གསལ་རིག་གི་རྒྱུན་ཙམ་གྱིས་ཡིད་བྱེད་དེ་མ་ཐག་རྐྱེན་བྱེད་པ་ཡིན་ཞེས་གོ་དགོས་པའི་དབང་དུ་བྱས་ནས་བཤད་པ་ཡིན།  འོ་ན་ཡིད་ཤེས་གསལ་རིག་གི་རྒྱུན་ཙམ་གྱིས་དེ་མ་ཐག་རྐྱེན་བྱེད་ན་གསལ་རིག་གི་རྒྱུན་ཡིན་ན་དེ་མ་ཐག་རྐྱེན་ཡིན་པས་ཁྱབ་བམ་ཞེ་ན།  དེ་འདྲ་མ་ཡིན་པར་སེམས་བྱུང་སེམས་པ་སྟེ་འདུ་བྱེད་ཀྱི་གཙོ་བོ་སེམས་བྱུང་སྟེ་སེམས་ཡུལ་ལ་འདུ་བྱེད་ཅིང་གཡོ་བར་བྱེད་དེ་མདོར་ན་ཡུལ་ལ་ལྟ་འདོད་ཀྱི་བློ་སྐྱེས་པ་དེ་ཡིད་བྱེད་དེ་མ་ཐག་རྐྱེན་ཡིན་ཞེས་བཞག་དགོས་ལ།  དེ་འདྲ་གསུམ་ཚོགས་པའི་སྐད་ཅིག་དང་པོ་དེ་ཕྱི་དོན་འདྲ་བའི་རྣམ་པ་སྐྱེད་བྱེད་ཀྱི་རྒྱུ་ཡིན་ཏེ།   དཔེར་ན་སྐད་ཅིག་དང་པོ་མིག་གི་ཡུལ་དབང་ཤེས་གསུམ་ཚོགས་པ་ལ་སྐད་ཅིག་གཉིས་པའི་གནས་སྐབས་སུ་སྐད་ཅིག་དང་པོ་དེ་མིག་ཤེས་ཕྱི་དོན་དང་འདྲ་བར་སྐྱེད་བྱེད་ཀྱི་རྒྱུ་ཡིན་ལ།  དེ་བཞིན་དུ་རྣ་བའི་ཡུལ་དབང་ཤེས་གསུམ་ཚོགས་པ་ལ་རྟེན་ནས་སྐད་ཅིག་དང་པོ་དེ་རྣ་ཤེས་སྐད་ཅིག་གཉིས་པའི་གནས་སྐབས་སུ་རྣ་བའི་རྣམ་ཤེས་སྒྲའི་རྣམ་པ་ཅན་དུ་སྐྱེས་བྱེད་ཡིན་ལ་སྐད་ཅིག་གཉིས་པའི་གནས་སྐབས་སུ་རྣ་བའི་རྣམ་ཤེས་སྒྲའི་རྣམ་པ་ཅན་དུ་སྐྱེས་པ་ལ་སྒྲ་དེ་ཐོས་ཞེས་པའི་ཐ་སྙད་ཐོབ་ལ་དབང་ཤེས་འདྲ་བར་སྐྱེས་པ་དེ་འབྲས་བུའི་རྣམ་ཤེས་གྲུབ་པ་སོགས་ཀུན་ལ་རིགས་འགྲེ་ནས་ཤེས་པར་བྱའོ།།  དེས་ན་གཟུང་ཡུལ་དང་དེའི་འབྲས་བུ་རྣམ་པ་གཏོད་པ་ལ་རྟེན་པའི་དབང་ཤེས་སྐྱེས་པ་གཉིས་པོ་དེ་རྒྱུ་དང་འབྲས་བུ་ཡིན་ཏེ།  གཟུང་ཡུལ་ནི་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ཡིན་ལ་དབང་ཤེས་ནི་དེ་ལ་རྟེན་ནས་སྐྱེས་པའི་འབྲས་བུ་ཡིན་ཕྱིར་དེས་ན་རང་ལུགས་མདོ་སྡེ་པའི་གནས་སྐབས་སུ་གཟུང་འཛིན་གཉིས་པོ་དེ་དུས་མི་མཉམ་སྟེ་གཟུང་བ་སྐད་ཅིག་དང་པོའི་སྐབས་སུ་དེ་འཛིན་གྱི་དབང་ཤེས་མ་སྐྱེས་ལ།  དབང་ཤེས་སྐད་ཅིག་དང་པོའི་སྐབས་སུ་དབང་ཤེས་སྐད་ཅིག་སྔ་མ་དེ་འགག་ཟིན་པས་གཟུང་བ་སྐད་ཅིག་གཉིས་པ་དང་དབང་ཤེས་སྐད་ཅིག་དང་པོ་གཉིས་དུས་མཉམ་ཡིན།  དབང་ཤེས་སྐད་ཅིག་དང་པོའི་གཟུང་བ་དེ་ནི་དབང་ཤེས་རང་ཉིད་སྐྱེས་པའི་དུས་སུ་སྔ་ལོག་ཏུ་འགག་ཟིན་པ་ཡིན་པས་དུས་མི་མཉམ་མོ།  གཉིས་པ་དོགས་པ་སྤང་བ་ལ།  འོ་ན་ཤེས་པའི་རྒྱུ་ཡིན་པ་འདྲ་བ་ལ་ཤེས་པ་ཡུལ་དང་འདྲ་བ་སྐྱེ་ཡི་དབང་པོ་དང་འདྲ་བ་མི་སྐྱེ་བ་ཅི་ཡིན་སྙམ་ན།  སྐད་ཅིག་དང་པོའི་གནས་སྐབས་སུ་ཡུལ་དབང་ཤེས་གསུམ་ཚོགས་ནས་སྐད་ཅིག་གཉིས་པའི་གནས་སྐབས་སུ་ཤེས་པ་ཡུལ་དང་འདྲ་བ་སྐྱེ་ཟེར་བ་ལ།  འོ་ན་རྒྱུ་ཡིན་པ་འདྲ་བ་ལ་དབང་པོ་ཡང་དབང་ཤེས་ཀྱི་རྒྱུ་ཡིན་པ་དང་ཡིད་བྱེད་ཀྱང་དབང་ཤེས་ཀྱི་རྒྱུ་ཡིན་པ་དང་གཟུང་ཡུལ་ཡང་དབང་ཤེས་ཀྱི་རྒྱུ་ཡིན་པ་འདྲ་བ་ལ་སྐད་ཅིག་གཉིས་པའི་གནས་སྐབས་སུ་ཤེས་པ་ཡུལ་དང་འདྲ་བ་སྐྱེ་བ་ལས་དབང་པོ་དང་ཡིད་བྱེད་ཀྱི་རྣམ་པ་ཅན་དུ་མི་སྐྱེ་བར་ཡུལ་གྱི་རྣམ་པ་ཅན་ཁོ་ན་སྐྱེ་བ་འདིར་ཁྱེད་མདོ་སྡེ་ལུགས་ལ་རྒྱུ་མཚན་གང་ཡིན་ཞེས་དྲི་བ་ལ།  དེའི་ལན་སྟེར་བའི་དབང་དུ་བྱས་ན།   རྩ་བ་ལས།  ཟས་སོགས་བུ་ཡི་རྒྱུ་ཡིན་ཡང་། །ཕ་མའི་གཟུགས་བཞིན་ཡུལ་འདྲར་སྐྱེ། །ཞེས་པའི་དོན་ནི་དཔེར་ན་ཟས་དང་དུས་དང་དྲོད་ལ་སོགས་པ་བུ་ཡི་རྒྱུ་ཡིན་ཡང་ཕ་མ་འདུ་འཕྲད་ལ་རྟེན་ནས་བུ་སྐྱེས་པའི་གནས་སྐབས་སུ་ཕ་དང་མ་ཡང་བུ་ཡི་རྒྱུ་ཡིན་ལ།  ཟས་ཀྱང་བུ་ཡི་རྒྱུ་དང་དུས་ཀྱང་བུ་ཡི་རྒྱུ་ཡིན་ལ་དྲོད་ཀྱང་བུ་ཡི་རྒྱུ་ཡིན་པ་འདྲ་ཡང་འོན་ཀྱང་བུ་སྐྱེས་པའི་ཚེ་ན་ཟས་ཀྱི་རྣམ་པ་ཅན་དུ་མི་སྐྱེ་དུས་ཀྱི་རྣམ་པ་ཅན་དུ་མི་སྐྱེ་དྲོད་ཀྱི་རྣམ་པ་ཅན་དུ་མི་སྐྱེ་བར་ཕ་མ་གང་རུང་ཞིག་གིས་དབྱིབས་སུ་འཛིན་ནས་སྐྱེས་པ་དཔེ་དེ་བཞིན་དུ་དབང་ཤེས་དབང་པོ་དང་འདྲ་བ་དང་དབང་ཤེས་ཡིད་བྱེད་དང་འདྲ་བ་མི་སྐྱེ་བར་དབང་ཤེས་ཡུལ་དང་འདྲ་བ་སྐྱེས་པ་འདི་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ངོ་བོའི་ཆོས་ཉིད་ཡིན་པས་ན་དབང་ཤེས་དབང་པོ་དང་ཡིད་བྱེད་སོགས་དང་འདྲ་བ་སྐྱེ་བའི་རྣམ་པ་འཇོག་ཏུ་མེད་པས་ཆོས་ཉིད་ཀྱི་རིག་པ་ལ་རྟེན་ནས་ཡུལ་གྱི་རྣམ་པ་ཅན་དུ་སྐྱེ་ཡི་དབང་པོ་དང་ཡིད་བྱེད་ཀྱི་རྣམ་པ་ཅན་དུ་སྐྱེ་བར་མི་གྲུབ་པ་འདི་ནི་ཆོས་ཉིད་ཡིན་པའི་ཕྱིར་རོ་ཞེས་གསུངས་སོ།  གསུམ་པ་གྲུབ་དོན་བསྡུ་བའི་དབང་དུ་བྱེད་ན།   རྩ་བ་ལས། དེས་ན་ཡུལ་ལ་འབྲས་བུ་གཉིས། །ཞེས་གསུང་པའི་དོན་ནི།  གོང་དུ་བཤད་པ་ལྟར་རྒྱུ་མཚན་དེས་ན་ཡུལ་བུམ་པ་ལྟ་བུ་གཅིག་ལ་འབྲས་བུ་གཉིས་ཡོད་གསུང་ཏེ།  དབང་ཤེས་སྐྱེས་པ་དང་བུམ་པ་སྐྱེས་པ་ལ་རྟེན་ནས་འབྲས་བུ་གཉིས་བཞག་པའི་ཕྱིན་ན།   བུམ་པ་རང་ཉིད་རིགས་འདྲ་ཕྱི་མ་སྐྱེས་པ་དེ་བུམ་པ་སྐད་ཅིག་དང་པོའི་འབྲས་བུ་ཡིན་པ་དང་གཅིག།  འབྲས་བུ་གཉིས་པ་ནི་རང་འཛིན་དབང་དངོས་ལ་རང་འདྲའི་རྣམ་པ་གཏོད་པ་སྟེ།  བུམ་པ་རང་ཉིད་འཛིན་པའི་མིག་གི་དབང་པོའི་མངོན་སུམ་ལ་བུམ་པ་རང་གི་རྣམ་པ་གཏོད་དེ་དབང་ཤེས་སྐྱེས་པའི་གཟུང་ཡུལ་དེ་དང་། དབང་ཤེས་སྐྱེས་ནས་རང་འཛིན་མངོན་སུམ་ལ་རང་འདྲའི་རྣམ་པ་གཏོད་པའི་དབང་ཤེས་ཀྱི་རྒྱུ་བྱེད་པའི་ཕྱིར་ན་བུམ་པ་སྐད་ཅིག་གཉིས་པ་དེ་བུམ་པ་སྐད་ཅིག་དང་པོའི་འབྲས་བུ་ཡིན་པ་མ་ཟད་།   དབང་ཤེས་སྐད་ཅིག་དང་པོ་དེ་ཡང་བུམ་པ་སྐད་ཅིག་དང་པོའི་འབྲས་བུ་ཡིན་པའི་ཕྱིར་ན་རྣམ་པ་གཏོད་པ་གནས་སོ།།  སྐབས་འདིར་བུམ་པ་སྐད་ཅིག་དང་པོ་ཟེར་དུས་བུམ་པ་བཟོ་མ་ཐག་པའི་སྐད་ཅིག་དང་པོ་ལྟ་བུ་ཞིག་ལ་གོ་རྒྱུ་མ་ཡིན་པར།  དབང་ཤེས་ལ་རྣམ་པ་གཏོད་པ་དེ་སྐད་ཅིག་དང་པོ་རྩིས་ནས་དེ་བཞིན་ཐོག་མཐའ་ཀུན་ལ་གོ་དགོས་པ་ཡིན།  དེ་ལྟར་ཡུལ་ལ་ཚུལ་གཉིས་ཡོད་པ་མ་ཟད་བློ་ཡང་ཚུལ་གཉིས་ཡིན་པ་བཞེད་དེ།    རྩ་བ་ལས།  བློ་ཡང་ཚུལ་གཉིས་ཡིན་པར་འདོད། །ཅེས་་གསུང་པའི་དོན་ནི།   བུམ་འཛིན་ལྟ་བུའི་བློ་དེ་ཡང་ཤེས་པའི་ཚུལ་གཉིས་ཡིན་ཞེས་འདོད་ལ།  ཁྱོད་ཚུལ་དང་པོ་དེ་ཡུལ་ཞེས་པའི་གཟུང་རྣམ་ཡིན་པ་དང་།  དཔེར་ན་བུམ་འཛིན་མངོན་སུམ་གྱི་བློ་དེ་ཡུལ་བུམ་པའི་རྣམ་པ་ཅན་དུ་སྐྱེ་བ་ན་དངོས་སུ་བུམ་པ་མཐོང་ངོ་སྙམ་པའི་དངོས་ཡུལ་དེ་ནི་དབང་ཤེས་བུམ་པའི་རྣམ་པ་ཅན་དུ་སྐྱེ་བ་དེ་ཡིན་ལ་ཕྱི་དོན་ངོ་མ་དེ་མདོ་སྡེ་པའི་ལུགས་ལ་ལྐོག་ན་མོ་སྟེ་ལྐོག་འགྱུར་དུ་སོང་བ་བཞེད་ལ།  ཡིན་ནའང་ཕྱི་དོན་གྱིས་དངོས་སུ་རྣམ་པ་གཏོད་པའི་ཚེ་ན་ཕྱི་དོན་གཟུང་ཡུལ་ལ་མངོན་སུམ་ཡིན་ཞེས་བཤད་ཐུབ་ལ།   ཤེས་པ་ལ་དངོས་སུ་སྣང་བའི་གཟུང་རྣམ་དེ་ཤེས་པ་ཡིན་ཕྱིར་ཡུལ་ཞེས་པའི་གཟུང་རྣམ་དེ་ཤེས་པའི་ཚུལ་གཅིག་ཡིན་པ་དང་།  གཟུང་རྣམ་དེ་ཤེས་པའི་ཡུལ་ཅན་འཛིན་རྣམ་དེ་དཔེར་ན་བུམ་འཛིན་མངོན་སུམ་ཚད་མ་ལ་མཚོན་ན་གཟུང་རྣམ་བུམ་པའི་རྣམ་པ་ཅན་དེ་དང་འཛིན་རྣམ་བུམ་པར་དམིགས་པའི་བློ་ཡི་རྣམ་པ་ཅན་དེ་དང་རྣམ་པ་གཉིས་རང་རིག་གི་སྟབས་ཀྱིས་ཉམས་མྱོང་དུ་གྲུབ་པའི་ཕྱིར་ཏེ་དེས་ན་ཁ་ནང་ལྟ་ཡིན་པས་རང་རིག་སྟེ།  དེ་ལྟར་ན་བློ་དེ་ལ་ཁ་ནང་ལྟས་རང་རིག་དང་ཕྱི་ལྟས་དོན་རིག་སྟེ་ཤེས་པའི་ཚུལ་གཉིས་ཡིན་པ་འདོད་དོ།།  འདི་མདོ་སྡེ་པའི་ལུགས་ལྟར་ན་དོན་རིག་མངོན་སུམ་ཡིན་ན་བློ་ཚུལ་གཉིས་ཡིན་པས་ཁྱབ་ཅེས་པའི་རྣམ་བཞག་བྱེད་ཐུབ་པ་དང་།  དེ་བཞིན་དུ་རྣ་བ་ལ་སྒྲ་ཐོས་པའི་ཚེ་ནའང་སྐད་ཅིག་དང་པོའི་གནས་སྐབས་སུ་ཡུལ་དབང་ཤེས་གསུམ་ཚོགས།  སྐད་ཅིག་གཉིས་པའི་གནས་སྐབས་སུ་རྣ་བའི་རྣམ་ཤེས་སྒྲ་ཡི་རྣམ་པ་ཅན་དུ་སྐྱེས་པ་ན་སྒྲ་ཐོས་ཞེས་པའི་ཐ་སྙད་ཐོབ་པ་ཡིན་ལ་དེའི་གནས་སྐབས་སུ་རྣ་བའི་རྣམ་ཤེས་དེ་ཉིད་ཡུལ་སྒྲ་ཡི་རྣམ་པ་ཅན་དུ་སྐྱེས་པའི་ཁ་ཕྱི་ལྟས་ཀྱི་གཟུང་རྣམ་དང་གཅིག། ཁ་ནང་ལྟས་སུ་སྒྲ་འཛིན་གྱི་འཛིན་རྣམ་དང་བཅས་ཏེ་ཤེས་པའི་བློ་ཚུལ་གཉིས་ཡིན་པ་དེ་བཞིན་དུ་རྟོགས་ཅན་བློ་ཐམས་ཅད་ཚུལ་གཉིས་ཡིན་པ་ངེས་དགོས་སོ་།།   དེ་ལྟར་མདོ་སྡེ་པའི་ལུགས་རྣམ་པར་བསྟན་ཟིན་ཏོ།།   ད་ནི་རྩ་བའི་ས་བཅད་གསུམ་པ་རྣམ་རིག་པའི་ལུགས་བཤད་པ་ལ།  གཞན་གྱི་བརྟག་པ་དགག་པ་དང་།  རྣམ་པར་རིག་པ་བསྒྲུབས་པ་དང་།  དེ་ལ་རྩོད་པ་སྤོང་བ་དང་གསུམ་ཡོད་པ་ལས།  དང་པོ་གཞན་གྱི་བརྟག་པ་དགག་པ་ཞེས་པ་དེ་བཤད་པའི་དབང་དུ་བྱ་ན།  དང་པོ་ཕྱི་དོན་ཁས་ལེན་པ་དང་།  འཇིག་རྟེན་གྲགས་ལ་བརྟེན་པ་དགག་པ་གཉིས་ལས།    གོང་དུ་བཤད་པ་ལྟར་ཕྱི་ཡི་གཟུང་ཡུལ་མཁས་པས་བཀག། །ཤེས་པའི་གཟུང་ཡུལ་འདིར་མི་སྲིད། །དེས་ན་རང་མཚན་གཅིག་ཉིད་ཀྱང་། །མི་འཐད་ཅེས་ནི་འགའ་ཞིག་སྨྲ། །ཞེས་གོང་དུ་རྩ་ཚིག་འདི་མདོ་སྡེ་པའི་ལུགས་ཀྱི་དབང་དུ་བྱས་ཏེ་རྩོད་པ་འདི་བཀོད་པ་ཡིན་ན།  ཕྱི་ཡི་གཟུང་ཡུལ་མཁས་པས་བཀག་ཞེས་པའི་རྟགས་དང་པོ་དེ་མ་གྲུབ་ཅེས་གོ་དགོས་ལ།  མདོ་སྡེ་པའི་ལུགས་ལ་ཕྱི་ཡི་གཟུང་ཡུལ་དེ་མཁས་པས་མ་བཀག་པའི་ཕྱིར་ཏེ།  གཟུགས་སྒྲ་དྲི་རོ་རེག་བྱ་དེ་ཕྱི་དོན་དུ་ཁས་ལེན་པའི་ཕྱིར་ཞེས་གསུང་སྟེ།  དེ་ལྟར་ན་ཕྱི་ཡི་གཟུང་ཡུལ་མཁས་པས་བཀག། །ཤེས་པའི་གཟུང་ཡུལ་འདིར་མི་སྲིད་ཅེས་པ་དེ་ཕྱོགས་སྔ་སྨྲ་བ་སེམས་ཙམ་པའི་དབང་དུ་བྱས་ཏེ་དོགས་པ་བཀོད་ནས་རྩོད་པ་འདི་བྱེད་པ་ཡིན་ན།  འདོད་ལན་ཐེབས་པ་ཡིན་ཏེ་གཟུངས་འཛིན་གཉིས་ཀ་ཁས་མི་ལེན་པའི་ཕྱིར་ཏེ་སེམས་ཙམ་པའི་ལུགས་ལ་ཕྱི་ཡི་གཟུང་ཡུལ་ཞིག་ཁས་མི་ལེན་ལ་དེར་ཤེས་པའི་ཤེས་པ་ཞིག་ཀྱང་ཁས་མི་ལེན་པས།  དེ་བས་ཕྱི་ཡི་གཟུང་ཡུལ་འདིར་མི་སྲིད་པ་ཡང་འདོད་ལ་ཤེས་པའི་གཟུང་ཡུལ་མཁས་པས་བཀག་པ་ཡང་འདོད་དེ། ཤེས་པའི་དབང་དུ་བྱས་པའི་གཟུང་ཡུལ་ཞིག་སེམས་ཙམ་པས་ཁས་མི་ལེན་པའི་ཕྱིར་ཏེ། དེས་ན་གཟུང་ཡུལ་གྱིས་དབང་དུ་བྱས་པའི་རང་མཚན་གཅིག་ཉིད་ཀྱང་མེད་པ་ཐལ་ཟེར་ན་འདོད་ཅེས་པའི་ལན་ཐེབས་པ་ཡིན་ལ།  འོན་ཀྱང་ཤེས་པ་རང་མཚན་གྱི་དབང་དུ་བྱས་པའི་གཟུང་ཡུལ་ནི་སེམས་ཙམ་པའི་ལུགས་ལ་རྣམ་བཞག་བྱེད་ཆོག་པའི་ཕྱིར་ན་སྣང་ཡུལ་མེད་པ་ཐལ་བའི་སྐྱོན་དེ་ཡོད་པར་མ་ཡིན་ནོ།།  དེ་ལྟར་མདོ་སྡེ་པའི་ལུགས་ལ་རྟགས་དང་པོ་མ་གྲུབ་པ་དང་སེམས་ཙམ་པའི་ལུགས་ལ་འདོད་ལན་ཐེབས་པ་ཡིན་ཞེས་གོ་དགོས་པ་ཡིན།  རྣམ་རིག་པའི་ལུགས་གཏན་ལ་འབེབས་པ་ལ་དང་པོ་ཕྱི་དོན་ཁས་ལེན་པ་དེ་ཉིད་དགག་པ་བཤད་པའི་དབང་དུ་བྱས་ན།  འདིར་སེམས་ཙམ་པས་ཕྱི་དོན་ཁས་མི་ལེན་པར་གྲུབ་མཐའི་བཞེད་པ་དང་མི་མཐུན་པས་མདོ་སྡེ་པས་ཕྱི་དོན་ཁས་ལེན་པ་དེ་སེམས་ཙམ་པས་དེ་དགག་སྟེ་རྣམ་རིག་པའི་ལུགས་གཏན་ལ་ཕབ་ན།   རྩ་བ་ལས། གཅིག་དང་དུ་མ་བྲལ་བའི་ཕྱིར། །དོན་མེད་དེས་ན་རྣམ་པའང་མེད། །ཅེས་པའི་དོན་ནི།  རགས་པའི་རྩོམ་གཞི་རྡུལ་ཕྲ་རབ་དག་ཀྱང་གཅིག་པུ་ཆ་མེད་ཡིན་ན་རགས་པ་རྩོམ་པའི་གཞི་མི་རུང་བ་དང་།  དུ་མ་ཡོད་ན་ཆ་མེད་མི་འཐད་ཅིང་དེ་གཉིས་དང་བྲལ་བའི་ཕྱིར་ཞེས་གསུང་སྟེ།  མདོ་སྡེ་པ་རྣམས་ཀྱིས་ཁས་ལེན་པའི་རགས་པའི་རྩོམ་གཞི་རྡུལ་ཕྲ་རབ་དག་ཀྱང་མི་འཐད་དེ།  རྒྱུ་མཚན་ཅིའི་ཕྱིར་ཞེ་ན།  རྡུལ་ཕྲ་རབ་དག་ཀྱང་ཁྱོད་གཅིག་པུ་ཆ་ཅན་མེད་པ་ཆ་མེད་ཡིན་ན་རགས་པ་རྩོམ་པའི་གཞི་མི་རུང་སྟེ།  ཆ་ཅན་མེད་པའི་ཕྱིར་ཏེ་དབུས་རྡུལ་གཅིག་ལ་ཕྱོགས་རྡུལ་དྲུག་གིས་བསྐོར་བའི་ཚེ་ན་ཆ་མེད་ཡིན་ན་རྡུལ་ཕྲན་དྲུག་པོ་གོ་ས་གཅིག་ཏུ་ཐལ་བར་གྱུར་དགོས་ན་རགས་པ་རྩོམ་མི་རུང་བའི་སྐྱོན་ཡོད་པའི་ཕྱིར་དང་།  རྡུལ་ཕྲན་གཅིག་པུ་ཆ་མེད་མིན་པ་དུ་མ་ཡོད་ན་ཆ་མེད་ཡིན་པ་མི་འཐད་དེ་དུ་མ་ཡོད་ན་རྡུལ་ཕྲན་སོ་སོ་ལ་ཉེ་བའི་ཆ་ཡོད་པའི་ཕྱིར་ན་ཆ་མེད་ཉིད་དུ་མི་འཐད་ཅེས་གསུང་།  དེས་ན་རྡུལ་ཕྲན་གཅིག་པུ་ཡིན་པ་མི་འཐད་དུ་མ་ཡིན་པའང་མི་འཐད་ན་གཅིག་དང་དུ་མ་དེ་གཉིས་དང་བྲལ་བའི་ཕྱིར་ཞེས་གཅིག་དུ་བྲལ་གྱི་གཏན་ཚིག་གིས་གཏན་ལ་ཕབ་ནས་ནང་ཡུལ་ཅན་གྱི་ཤེས་པ་ལས་ཐ་དད་པའི་གུད་ན་ཕྱི་རོལ་གྱི་དོན་ནི་མ་གྲུབ་ཅིང་མེད་ལ།  ཤེས་པ་ལས་ཐ་དད་པའི་ཕྱི་དོན་མེད་པར་ཐལ་ཁྱོད་གཅིག་དང་དུ་མ་དང་བྲལ་བའི་ཕྱིར།  གཅིག་དང་དུ་མ་ལས་བྲལ་བ་ཐལ་གཅིག་པུ་ཆ་རྐྱེན་མེད་ན་རགས་པ་རྩོམ་མི་རུང་བ་གང་ཞིག་དུ་མ་ཡོད་ན་ཆ་མེད་མ་ཡིན་པ་ཐལ་བས་དེའི་ཕྱིར་ན་ཤེས་པ་ལས་ཐ་དད་པའི་ཕྱི་དོན་མེད་ཅེས་གསུངས་སོ།།  རྒྱུ་མཚན་དེའི་ཕྱིར་ན་ཕྱི་དོན་མེད་ན་རྣམ་པ་གཏོད་བྱེད་ཀྱི་གཟུང་ཡུལ་ཡང་མེད་ལ་རྣམ་པ་གཏོད་བྱེད་ཀྱི་གཟུང་ཡུལ་མེད་ན་ཤེས་པའི་གཟུང་ཡུལ་གྱི་དབང་དུ་བྱས་པའི་གཟུང་རྣམ་ཡང་མེད་དེ།  དཔེར་ན་མོ་གཤམ་གྱི་བུ་སྐྱེ་བ་མེད་ན་མོ་གཤམ་གྱི་བུ་ཡིས་ཁ་དོག་དཀར་ཤམ་ལ་སོགས་པའི་རྣམ་པའང་མེད་པ་བཞིན་དུ་ཤེས་པ་ལས་ཐ་དད་པའི་ཕྱི་དོན་གཟུང་ཡུལ་ཞིག་མེད་ན་དེས་གཏད་པའི་རྣམ་པའང་མེད་པ་ཉིད་དུ་གོ་དགོས།   གཉིས་པ་འཇིག་རྟེན་གྲགས་པ་ལ་བརྟེན་པ་དགག་པ་དེ་བཤད་པའི་དབང་དུ་བྱེད་ན།  ཡང་སྔོན་གྱི་རྟོག་གེ་བ་ཁ་ཅིག་གིས་དཔལ་ལྡན་ཟླ་བ་གྲགས་པས་བཞེད་པར་ལྟར་ཚད་མའི་ལུགས་ལ་ཡང་།  མ་བརྟག་མ་དཔྱད་པའི་བློ་དང་མཐུན་པར་ལྟར་ཐ་སྙད་ཀྱི་རྣམ་པར་འཇོག་པའི་སྒོ་ནས་ཚད་མའི་ལུགས་ཀྱི་རྣམ་བཞག་བྱ་དགོས་ཞེས་བཤད་པ་ན།    མ་བརྟག་མ་དཔྱད་པའི་བློ་དང་མཐུན་པར་འཇུག་ཟེར་བ་ནི་མི་འཐད་དེ། རྩ་བ་ལས། ཀུན་རྫོབ་འཇིག་རྟེན་གྲགས་པ་ལ། །བརྟེན་ན་ཚད་མའི་རྣམ་གཞག་འགལ། །ཞེས་པའི་དོན་ནི།  དེ་ལྟར་ན་ཀུན་རྫོབ་ཐ་སྙད་ཀྱི་སྤྱོད་པ་འཇིག་རྟེན་གྲགས་པ་ཙམ་ལ་བརྟེན་ནས་ཀུན་ཏུ་ཐ་སྙད་པའི་ཚད་མས་དཔྱད་པ་ཅུང་ཟད་ཙམ་ཡང་མ་བྱས་ན་ནི་དེ་དག་གི་བློ་ངོར་མངོན་སུམ་དང་རྗེས་དཔག་གི་ཐ་སྙད་བསྒྲུབ་པ་དང་སེལ་བའི་ཐ་སྙད་བརྗོད་བྱ་དང་བརྗོད་བྱེད་ཀྱི་ཐ་སྙད་སྤྱི་དང་བྱེ་བྲག་གི་ཐ་སྙད་སོགས་ལ་འཇུག་པའི་སྒོ་ནས་བློ་ཚད་མ་དང་ཚད་མིན་གྱི་དབྱེ་བ་སོགས་གཏན་ཚིག་རིགས་པའམ་ཚད་མ་རིགས་པའི་རྣམ་བཞག་ཐམས་ཅད་མི་འཐད་པས་འགལ་བར་ཉིད་དུ་འགྱུར་ཏེ། འཇིག་རྟེན་གྲགས་པ་ཙམ་ལ་བརྟེན་ནས་ཀུན་ཏུ་ཐ་སྙད་པའི་ཚད་མས་དཔྱད་པ་ཅུང་ཟད་ཙམ་ཡང་མ་བྱས་ན་འཇིག་རྟེན་རང་ག་བའི་བློ་ལ་མངོན་རྗེས་སོགས་ཀྱི་རྣམ་བཞག་མེད་པར་དེས་ན་ཚད་མའི་རྣམ་བཞག་ཀུན་དང་འགལ་བར་འགྱུར་རོ།།  དེས་ན་དཔལ་ལྡན་ཟླ་བ་གྲགས་པའི་བཞེད་པ་ལྟར་མ་བརྟག་མ་དཔྱད་པར་འཇིག་རྟེན་པའི་བློ་དང་མཐུན་པར་འཇུག་པའི་སྒོ་ནས་ཕྱི་དོན་ཁས་ལེན་པ་ཡིན་ཟེར་ན་དེ་མི་འཐད་དེ་འཇིག་རྟེན་གྲགས་པ་ཙམ་ལ་བརྟེན་ན་ཚད་མའི་རྣམ་བཞག་ཐམས་ཅད་དང་འགལ་བར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྲགས་པ་ཙམ་ལ་བརྟེན་ནས་མངོན་རྗེས་སོགས་ཀྱི་རྣམ་བཞག་གཏན་ནས་མ་བྱས་ན་རིག་པའི་གནོད་བྱེད་དུ་མ་ཡོད་པའི་ཕྱིར་ན་དེ་འདྲའི་རྣམ་བཞག་བྱེད་པ་ནི་འཐད་པ་མ་ཡིན་ནོ།  འོ་ན་དཔལ་ལྡན་ཟླ་གྲགས་ཀྱི་ལུགས་ལ་ཡང་ཀུན་ཏུ་ཐ་སྙད་པའི་ཚད་མའི་དཔྱད་པ་མེད་པར་ཚད་མའི་རྣམ་བཞག་དང་འགལ་བ་ཡིན་ནམ་ཞེ་ན།  དེ་ཡང་མ་ཡིན་ཏེ་འདིར་སེམས་ཙམ་པའི་རྣམ་བཞག་བྱེད་པ་ལ་ཚད་མས་མི་དཔྱད་པར་འཇིག་རྟེན་པའི་ལུགས་ལྟར་འཇུག་ཅེས་ཕྱོགས་སྔ་བརྗོད་པ་ལ་སེམས་ཙམ་པ་རྣམས་ཀྱིས་དེ་ལྟར་མི་འཐད་པར་ཚད་མའི་རྣམ་བཞག་དང་འགལ་ཞེས་ལན་གྱིས་དགག་པར་ཡིན་ཞིང་དཔལ་ལྡན་ཟླ་བས་ཀྱང་ཀུན་ཏུ་ཐ་སྙད་པའི་ཚད་མས་འཇུག་དགོས་ཞེས་བཞེད་པ་ལས་ཀུན་ཏུ་ཐ་སྙད་པའི་ཚད་མས་མ་རྟགས་མ་དཔྱད་ཅེས་མ་གསུང་བའི་ཕྱིར་རོ། དེ་ལྟར་དངོས་པོ་བེམ་ཤེས་གཉིས་ལས་བེམ་པོ་ཁེག་ནས་སེམས་ཙམ་དུ་གྲུབ་པ་ཡིན་ནོ།།   གཉིས་པ་རྣམ་རིག་པའི་ལུགས་བསྒྲུབ་པ་ལ།  རྟགས་གཉིས་མདོར་བསྟན་པ་དང་། ལྷན་ཅིག་དམིགས་ངེས་བྱེ་བྲག་ཏུ་བཤད་པའོ།  དང་པོ་རྟགས་གཉིས་མདོར་བསྟན་པ་དེ་བཤད་པའི་དབང་དུ་བྱེད་ན།  རྩ་བ་ལས།  གསལ་དང་ལྷན་ཅིག་དམིགས་པས་འགྲུབ། །ཅེས་གསུང་སྟེ།  དེའི་དོན་ནི།  གཟུང་འཛིན་རྫས་གཞན་མ་ཡིན་པའི་སྒྲུབ་བྱེད་དུ་ཤེས་པ་ནི་གསལ་ཞིང་རིག་པ་ཡིན་ལ་གསལ་རིག་དང་མི་ལྡན་པའི་ཤེས་བྱ་ཞིག་མི་སྲིད་པའི་ཕྱིར་ན་ཤེས་བྱ་ཐམས་ཅད་སེམས་སུ་གྲུབ་པ་གསལ་བའི་རྟགས་དང་ལྷན་ཅིག་དམིགས་པ་ངེས་པས་གྲུབ་བོ་ཞེས་གསུང་སྟེ།  འོ་ན་ཕྱི་རོལ་གྱི་སྣང་བ་མེད་པར་སེམས་ཙམ་ཞིག་ཡིན་པ་དེ་གཏན་ཚིག་གང་ལ་རྟེན་ནས་གྲུབ་ཅེ་ན།  གསལ་དང་ལྷན་ཅིག་དམིགས་པས་གྲུབ་ཅེས་བསྟན་པ་ཡིན་ཏེ།  གཞལ་བྱ་ཆོས་ཅན་ཁྱོད་སེམས་ལས་གཞན་མེད་དེ་སེམས་ཀྱི་མཚན་ཉིད་དང་ལྡན་པའི་ཕྱིར།  སེམས་ཀྱི་མཚན་ཉིད་དང་ལྡན་ཏེ་གསལ་ཞིང་རིག་པ་ཡིན་པའི་ཕྱིར།  ཁྱབ་པ་ཡོད་དེ་གསལ་ཞིང་རིག་པ་དེ་ཤེས་པའི་མཚན་ཉིད་ཡིན་པའི་ཕྱིར།  དངོས་པོ་གང་ལ་རང་གི་མཚན་ཉིད་དང་ལྡན་པའི་ཆོས་དེ་ལས་མི་འདའ་བར་གཞན་དུ་འཁྲུལ་མི་སྲིད་པའི་ཕྱིར་ན་ཆོས་ཐམས་ཅད་སེམས་སུ་གྲུབ་པའི་གཏན་ཚིག་གི་སྒོ་ནས་སྒྲུབ་པ་ཡིན་ལ།  གཞན་ཡང་གཟུང་འཛིན་རྫས་གཞན་མ་ཡིན་པའི་སྒྲུབ་བྱེད་དུ་ ཤེས་པའི་མཚན་ཉིད་གསལ་ཞིང་རིག་པ་ཡིན་ལ་ཤེས་བྱ་ཐམས་ཅད་ཀྱང་གསལ་རིག་ཡིན་ཏེ་གསལ་རིག་དང་མི་ལྡན་པའི་ཤེས་པ་ནི་མི་སྲིད་ལ། གང་ལ་ཤེས་པའི་མཚན་ཉིད་ཡོད་ན་དེ་ཤེས་པ་ཡིན་པས་ཁྱབ། ཤེས་པ་མ་ཡིན་པ་ལ་ཤེས་པའི་མཚན་ཉིད་མེད་པས་ཁྱབ།  དཔེར་ན་བ་གླང་མ་ཡིན་པ་ལ་ནོག་ལྐོག་ཤ་དང་མི་ལྡན་པས་ཁྱབ།  ནོག་ལྐོག་ཤ་དང་ལྡན་ན་བ་གླང་ཡིན་པས་ཁྱབ་པ་བཞིན་དུ་ཤེས་པའི་མཚན་ཉིད་ཡོད་ན་ཤེས་པ་ཡིན་པས་ཁྱབ་པའི་ཕྱིར་ན་ཤེས་བྱ་ཆོས་ཅན་སེམས་ཡིན་ཏེ་གསལ་བའི་ཕྱིར་ཞེས་རྟགས་གཉིས་མདོར་བསྟན་པ་དང་།  གཉིས་པ་ལྷན་ཅིག་དམིགས་ངེས་བྱེ་བྲག་ཏུ་བཤད་པ་ལ།  རྩ་བ་ལས།  ལྷན་ཅིག་དམིགས་ལ་གཞན་མི་སྲིད། །རྫས་གཞན་ཡིན་ན་རྟགས་མི་སྲིད། །ཟླ་གཉིས་སྣང་བཞིན་སྔོ་འཛིན་ཡང་། །གཞན་ལ་མཐའ་གཞན་བཀག་པས་ཁེགས། །ཅེས་གསུང་སྟེ།  དེའི་དོན་ནི།  སེམས་ལས་གཞན་པའི་རྫས་ཐ་དད་པའི་ཕྱི་དོན་མེད་དེ་སྔོ་དང་དེ་འཛིན་ལྟ་བུ་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར་ཞེས་པའི་རྟགས་ཀྱི་སྒོ་ནས་སྒྲུབ་ཏེ།   གང་རྫས་གཞན་ཐ་དད་ཡིན་པ་ལ་ལྷན་ཅིག་དམིགས་ངེས་ཀྱི་རྟགས་མི་སྲིད་ཅིང་།  ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཡོད་པ་ཡིན་ན་དེ་རྫས་གཅིག་ཡིན་པས་ཁྱབ་པའི་ཕྱིར་ན་སྔོ་དང་དེ་འཛིན་རྫས་གཅིག་ཡིན་པ་གྲུབ་ཅེས་དང་།  རྫས་གཅིག་ཡིན་ན་ལྷན་ཅིག་དམིགས་པར་ངེས་པས་གྲུབ་སྟེ།  སྔོན་པོ་མངོན་སུམ་མཐོང་བ་ལྟ་བུ་ཞིག་ལ་མཚོན་ནས་དཔེ་བཞག་ན། སྔོན་པོ་མངོན་སུམ་མཐོང་བའི་ཚེ་ན་མཐོང་བྱའི་ཡུལ་སྔོན་པོ་དེ་དང་དེ་འཛིན་པའི་བློ་གཉིས་པོ་དེ་ཆོས་ཅན།  ཁྱོད་གཉིས་རྫས་གཞན་མ་ཡིན་ཏེ།  རྗེས་ཀྱི་ངེས་ཤེས་ཀྱིས་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། གང་ལྷན་ཅིག་དམིགས་ངེས་ཡིན་ན་དེ་རྫས་གཞན་མ་ཡིན་པས་ཁྱབ། དཔེར་ན་ཟླ་བ་གཉིས་སྣང་བཞིན་ནོ།།   ཟླ་གཉིས་སྣང་བའི་རྗེས་ཀྱི་ངེས་ཤེས་ཀྱིས་ཡུལ་ཟླ་གཉིས་དང་། ཡུལ་ཅན་ཟླ་གཉིས་འཛིན་པའི་དབང་ཤེས་གཉིས་པོ་དེ་ལྷན་ཅིག་དམིགས་ངེས་ཡིན་ལ། རྫས་ཐ་དད་མིན་ལ་ཟླ་གཉིས་དེ་ཕྱི་དོན་ལ་མ་གྲུབ་པ་འཁྲུལ་སྣང་ཡིན་པར་འཇིག་རྟེན་ལ་ཡོངས་གྲགས་ཡིན་པས།དེས་ན་ཟླ་བ་གཉིས་སྣང་དང་ཟླ་གཉིས་འཛིན་པའི་ཡུལ་ཅན་གཉིས་པོ་དེ་ལྷན་གཅིག་དམིགས་ངེས་ཀྱང་ཡིན་ལ་རྫས་གཞན་མ་ཡིན་པ་གྲུབ་ཟིན་པར་དེ་ཉིད་དཔེར་བྱས་ནས་དེ་བཞིན་དུ་སྔོ་དང་དེ་འཛིན་ཡང་ལྷན་གཅིག་དམིགས་ངེས་ཡིན་པའི་ཕྱིར་ཞེས་པའི་རྟགས་དེས་རྫས་གཞན་མ་ཡིན་པ་རྫས་གཅིག་ཉིད་དུ་གྲུབ་བོ། དེས་ན་སྔོ་དང་དེ་འཛིན་གཉིས་པོ་རྫས་གཅིག་ཡིན་ན་དེ་འཛིན་གྱིས་ཞེན་པའི་ཡུལ་སྔོན་པོ་མེད། རྒྱུ་མཚན་དེས་ན་ཕྱི་དོན་མ་གྲུབ་པ་རིགས་པ་འདི་ཡིས་སེམས་ཙམ་དུ་གྲུབ་པ་ནི།  ལྷན་གཅིག་དམིགས་ངེས་ཀྱི་རྟགས་དེ་ལ་བརྟེན་ནས།   སྔོ་དང་དེ་འཛིན་གཉིས་པོ་ཆོས་ཅན།  ཁྱོད་རྫས་གཅིག་ཡིན་པ་ལ།  སྔོན་པོ་དེ་ཤེས་པ་ལས་རྫས་གཞན་མ་ཡིན་པ་ཐལ།  ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར།  དཔེར་ན་ཟླ་བ་གཉིས་སྣང་བཞིན་ཟེར་ནས་རྟགས་དེ་བཀོད་པ་ན།   འདི་ལ་རྟགས་མ་གྲུབ་པའི་ལན་མི་ཐེབས་པ་རྗེས་ཀྱི་ངེས་ཤེས་ཀྱིས་རྟགས་གྲུབ་པ་ཡིན་ལ།  དེས་ན་ཁ་གཅིག་གིས་རྟགས་འགལ་ཞེས་པའམ་འགལ་ཁྱབ་ལ་འབུད་པའི་སྒོ་ནས་རྟགས་མི་མཐུན་ཕྱོགས་ལ་ཞུགས་ཏེ་རྟགས་གྲུབ་ལྡོག་པས་ཁྱབ་ན་འགལ་ཞེས་འགལ་རྟགས་སུ་འདི་ལྟར། སྔོ་དང་དེ་འཛིན་གཉིས་པོ་ཆོས་ཅན་འགལ་རྟགས་ཡིན་པ་ཐལ།  ཁྱོད་ལྷན་གཅིག་ཡིན་པ་གང་ཞིག།  ལྷན་ཅིག་ཡིན་ན་རྫས་ཐ་དད་ཡིན་པས་ཁྱབ།  ལྷན་གཅིག་ཡིན་ན་རྫས་ཐ་དད་ཡིན་པས་ཁྱབ་སྟེ་ལྷ་སྦྱིན་དང་མཆོད་སྦྱིན་བཞིན་ནོ་ཞེས་ཕྱོགས་སྔ་བརྗོད་པ་ལ།  འདིར་རང་ལུགས་སེམས་ཙམ་པའི་ལུགས་ལ་ལྷན་གཅིག་བྱ་གཅིག་བྱེད་གཉིས་མེད་པའི་ཕྱིར་ན་འགལ་རྟགས་སུ་ཐལ་བར་མི་འགྱུར་ཏེ།  ཕྱི་དོན་ཁས་ལེན་པ་མདོ་སྡེ་པ་ལྟར་ལྷན་ཅིག་གི་རྟགས་འདི་ཁས་ལེན་པ་ཡིན་ན་ལྷན་གཅིག་བྱ་གཅིག་བྱེད་གཉིས་སུ་ཁས་ལེན་པ་ལ་རིགས་པའི་གནོད་བྱེད་ཡོད་པས་སེམས་ཙམ་པའི་ལུགས་ལ་སྔོ་དང་དེ་འཛིན་གཉིས་པོ་རྫས་གཞན་དུ་ཁས་མ་བླང་པའི་ཕྱིར་ན་དེ་ལྟར་རིགས་པའི་གནོད་བྱེད་ཡོད་པར་མ་ཡིན་ནོ།།  དེས་ན་གཞན་ལ་རྟགས་མ་ངེས་པའི་མཐའ་རྫས་གཞན་མ་ཡིན་པ་དང་ལྷན་ཅིག་དམིགས་ངེས་ཀྱི་རྟགས་སོགས་ཀྱིས་བཀག་པས་ཁེགས་སོ།།  འདི་རྟགས་མ་ངེས་པ་མ་ཡིན་ཏེ། རྫས་ཐ་དད་ཡིན་པ་ལ་ལྷན་ཅིག་དམིག་ངེས་གཏན་ནས་མི་སྲིད་པའི་ཕྱིར་ན་ལྷན་ཅིག་དམིགས་ངེས་ཡིན་ན་རྫས་ཐ་དད་མ་ཡིན་པས་ཁྱབ་པ་ཡིན་ནོ།།  ཡང་ཁོ་ན་རེ་ལྷ་སྦྱིན་དང་མཆོད་སྦྱིན་གཉིས་དང་ཀ་བ་དང་བུམ་པ་གཉིས་ལྟ་བུ་ཆོས་ཅན། རྫས་གཅིག་ཡིན་པ་ཐལ་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར་ཟེར་རྟགས་མ་གྲུབ།  ལྷན་ཅིག་དམིགས་ངེས་ཡིན་པ་ཐལ།  ཀ་བུམ་གཉིས་ལྷན་ཅིག་ཏུ་དམིགས་པའི་གང་ཟག་ཡོད་པ་གང་ཞིག་ལྷ་སྦྱིན་དང་མཆོད་སྦྱིན་གཉིས་ལྷན་ཅིག་དམིགས་པའི་གང་ཟག་ཡོད་པའི་ཕྱིར་ཞེ་ན་མ་ཁྱབ་རེད། ལྷ་སྦྱིན་དང་མཆོད་སྦྱིན་གཉིས་ལྷན་ཅིག་དམིགས་པའི་གང་ཟག་ཡོད་དེ་ལྷ་སྦྱིན་དང་མཆོད་སྦྱིན་གཉིས་ལྷན་ཅིག་དང་ཀ་བུམ་གཉིས་ལྷན་ཅིག་མཐོང་བའི་སྐབས་ཡོད་ཀྱང་། ལྷན་ཅིག་དམིགས་པ་ཡོད་པའི་ཁྱབ་པ་ཡོད་ན་ཡང་ལྷན་ཅིག་དམིགས་ངེས་ཡིན་པའི་ཁྱབ་པ་མེད་དེ།  ལྷན་ཅིག་དམིགས་ངེས་ཡིན་ན་དུས་ནམ་ཡང་ལྷན་ཅིག་དམིགས་པ་ཡིན་དགོས་ལ།  དེ་ལྷར་ན་སྔོ་དང་དེ་འཛིན་གཉིས་ནི་ལྷན་ཅིག་ཏུ་དམིགས་པ་ངེས་པར་ཡིན་ལ་ལྷ་སྦྱིན་དང་མཆོད་སྦྱིན་གཉིས་ལྟ་བུ་ནི་ལྷན་གཅིག་ཏུ་དམིགས་པ་ཡོད་ལ་དམིགས་ངེས་མ་ཡིན་ཏེ་ལྷ་སྦྱིན་དང་མཆོད་སྦྱིན་གཉིས་དེ་རིང་མཉམ་དུ་མཐོང་བའི་དམིགས་པ་ཡོད་ཀྱང་།  དཔེར་ན་སང་ཉིན་ལྷ་སྦྱིན་ཤར་དུ་སོང་བ་ལ་མཆོད་སྦྱིན་ནུབ་ཏུ་འགྲོ་བ་ལྟར་ལྷ་སྦྱིན་མཐོང་བ་ལས་མཆོད་སྦྱིན་མཐོང་བའི་ངེས་པ་མེད་པའི་ཕྱིར་ན་ལྷན་ཅིག་དམིགས་ངེས་སུ་མི་འགྲུབ་པས།  ལྷན་ཅིག་དམིགས་ངེས་ཡིན་ན་ལྷ་སྦྱིན་ནམ་མཐོང་ཚེ་མཆོད་སྦྱིན་ཡང་མཐོང་བའི་ཁྱབ་པ་ཡོད་དགོས་ལ་དེ་མེད་པའི་ཕྱིར་ན་ལྷན་ཅིག་དམིགས་ངེས་སུ་མི་འགྲུབ། དེ་བཞིན་དུ་ཀ་བ་ནམ་མཐོང་ཚེ་བུམ་པ་ཡང་ལྷན་ཅིག་ཏུ་མཐོང་བའི་ཁྱབ་པ་ཡོད་ན་ལྷན་གཅིག་དམིགས་ངེས་སུ་གྲུབ་ལ་དེ་ལྟ་བུ་མེད་པའི་ཕྱིར་ན་ལྷན་ཅིག་དམིགས་པ་ཡོད་པར་ཙམ་གྱིས་ལྷན་ཅིག་དམིགས་ངེས་ཡིན་པའི་ཁྱབ་པ་མེད་པའི་ཕྱིར་ན། སྔོན་པོ་མ་དམིགས་སྔོ་འཛིན་དམིགས། སྔོ་འཛིན་མ་དམིགས་སྔོན་པོ་དམིགས་པའི་ཕྱིར་ན། སྔོ་དང་དེ་འཛིན་ནི་རྫས་གཅིག་ཡིན་པའི་རྟགས་འདིས་ལྷན་ཅིག་དམིགས་ངེས་སུ་གྲུབ་པ་ཡིན་ནོ།།  གསུམ་པ་རྩོད་སྤོང་ལ། དགག་པ་རང་ལ་མཚུངས་པའི་རྩོད་སྤོང་དང་།  ཚད་མ་དང་ཚད་མིན་གྱི་དབྱེ་བ་མི་འཐད་པའི་རྩོད་སྤོང་གཉིས་ཡོད་པ་ལས།   དང་ལ་རྩོད་པ་དང་ལན་གཉིས་ལས། དང་པོ་རྩོད་པ་ནི། དེ་ལྟ་བུའི་རྣམ་རིག་པའི་ལུགས་དེ་ལ་རྩོད་པ་སྤོང་བ་ལ་དབུ་མ་པ་ཁ་ཅིག་ན་རེ།  འདི་དབུ་མ་པ་ཁ་ཅིག་ཅེས་པ་ནི་སློབ་དཔོན་འཕགས་པ་ལྷས་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་བའི་སྐབས་སུ་སེམས་ཙམ་པས་ཁས་ལེན་པའི་ཤེས་པ་བདེན་གྲུབ་དེ་ལ་དུས་གསུམ་གྱི་སྒོ་ནས་དཔྱད་པར་བྱས་ནས།  རྣམ་ཤེས་དམ་པའི་དོན་ལྡན་ན། །དེ་ཡང་མཁས་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་ཏེ། །བྲལ་ཕྱིར་ནམ་མཁའི་པདྨོ་བཞིན། །ཞེས་གསུང་པ་ལ།  རྣམ་ཤེས་ཀྱང་གཅིག་དང་དུ་མའི་རང་བཞིན་བྲལ་བའི་ཕྱིར་ན་ནམ་མཁའི་པདྨོ་བཞིན་ཡིན་གསུང་པ་ལ། དེ་ཕྱོགས་སྔ་བྱས་ནས་སེམས་ཙམ་པས་དེ་ལ་རྩོད་པ་སྤོང་བ་ཡིན་ལ།  རྩ་བ་ལས། སེམས་རྒྱུན་ཡན་ལག་ཅན་དང་མཚུངས། །སྐད་ཅིག་རྡུལ་གྱི་ཆ་ཤས་བཞིན། །ཞེས་གསུང་པ་ལ་དེའི་དོན་ནི།   སེམས་ཀྱི་རྒྱུན་དེ་སེམས་ཙམ་པས་ཀྱང་བདེན་གྲུབ་མེད་པ་ཁས་ལེན་པར་ཡིན་པས་དེ་ནི་ཡན་ལག་ཅན་འགོག་པའི་རིགས་པ་དང་མཚུངས་ལ། སེམས་སྐད་ཅིག་མ་དག་དེ་རྡུལ་གྱི་ཆ་ཤས་བཞིན་དུ་བཤིག་ཆོག་པ་ཡིན་ཏེ།  དབུས་རྡུལ་གཅིག་ལ་ཕྱོགས་རྡུལ་དྲུག་གིས་བསྐོར་བ་ལྟར། དྲུག་གིས་གཅིག་ཆར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་གྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར་བའི་རིགས་པས་ཁྱོད་སེམས་ཙམ་དུ་ཁས་ལེན་པའི་ལུགས་ལ་ད་ལྟའི་སྐད་ཅིག་མའི་སེམས་བདེན་གྲུབ་དེ་ལ་འདས་པའི་སེམས་དང་མ་འོངས་པའི་སེམས་ད་ལྟའི་སེམས་གསུམ་དུ་ཕྱེས་ནས།  ད་ལྟའི་སྐད་ཅིག་མ་དེ་ལ་འདས་པ་དང་མ་འོངས་པ་ལ་ཉེ་བའི་ཆ་ཡོད་དམ་མེད།  འདས་མ་འོངས་ལ་ཉེ་བའི་ཆ་ཡོད་ན་ཆ་མེད་མ་ཡིན་པ་ཐལ་ཆ་བཅས་སུ་འགྱུར་བའི་ཕྱིར་དང་།  ད་ལྟའི་སྐད་ཅིག་མའི་སེམས་དེ་ཉིད་འདས་མ་འོངས་ལ་ཕྱོགས་པའི་ཆ་མེད་ན་འདས་མ་འོངས་གཉིས་དེ་གོ་ས་གཅིག་ཏུ་ཐལ་བའི་ཕྱིར་ན་བསྐལ་པའང་སྐད་ཅིག་ཙམ་དུ་ཐལ་བར་འགྱུར་བའི་རིགས་པས་གནོད་དོ་ཞེས་འདས་མ་འོངས་ལ་ཕྱོགས་པའི་ཆ་གཉིས་ཡོད་དགོས་པས་ན་སེམས་སྐད་ཅིག་མ་དེའང་ཐོག་མ་དང་དབུས་དང་མཐའ་མ་སྟེ་གསུམ་གྱི་བདག་ཉིད་ཅན་ཡིན་པའི་ཕྱིར་ན་སྐད་ཅིག་གཅིག་མ་ཡིན་པ་གསུམ་གྱི་བདག་ཉིད་ཡིན་པའི་ཕྱིར། གསུམ་མ་ཡིན་ཐལ་གཅིག་ཀྱང་མ་གྲུབ་པའི་ཕྱིར་ཞེས་པའི་སྒོ་ནས་གཅིག་དང་དུ་མ་དང་བྲལ་བ་ཡིན་ཞེས་དབུ་མ་པ་རྣམས་ཀྱིས་དེ་ལྟར་ཟེར་རོ།།  དེ་ནས་སེམས་ཙམ་པའི་དབང་དུ་བྱས་ཏེ་ལན་བཤད་པ་ལ།  དེ་འདྲའི་དབུ་མ་པའི་རྩོད་པ་དེ་མ་གྲུབ་པ་དང་རིགས་པ་དང་མི་མཚུངས་པའི་ཚུལ་རྣམ་པ་གཉིས་ལས།  དང་པོ་མ་གྲུབ་པའི་ལན་བཤད་པ་ནི།  རྩ་བ་ལས།  དེས་ན་སྐད་ཅིག་གསུམ་བདག་ཕྱིར། །གཅིག་དང་དུ་མ་བྲལ་ཞེསས་ཟེར། །སྐད་ཅིག་གསུམ་གྱི་བདག་ཉིད་ཕྱིར། །སྐད་ཅིག་གཅིག་པ་མི་སྲིད་འགྱུར། །སྐད་ཅིག་གཅིག་པ་མི་སྲིད་ན། །གསུམ་གྱི་བདག་ཉིད་ཡིན་པ་ཉམས། །ཞེས་པའི་དོན་ནི།  ཁྱོད་དབུ་མ་པ་རྣམས་ཀྱི་རྩོད་པ་འདི་མ་གྲུབ་སྟེ།  སྐད་ཅིག་གསུམ་གྱི་བདག་ཉིད་ཡིན་པའི་ཕྱིར་ན་གཅིག་དང་དུ་མ་བྲལ་ཟེར་བའི་རྟགས་མ་གྲུབ་སྟེ།  ཤེས་པ་སྐད་ཅིག་སྔ་མ་དང་དབུས་དང་མཐའ་མ་གསུམ་གྱི་བདག་ཉིད་ཡིན་པའི་ཕྱིར་ན་ཤེས་པ་སྐད་ཅིག་མ་གཅིག་ཡིན་པ་འགྱུར་བ་མི་སྲིད་ལ།  སྐད་ཅིག་མ་གཅིག་ཡིན་པ་དེ་མི་སྲིད་ན་ནི་སྐད་ཅིག་མ་གསུམ་ཡིན་པ་དེའང་ཉམ་པས་ན་དེ་བས་གཅིག་དང་དུ་མ་དང་བྲལ་དགོས་ན་དང་པོ་གཅིག་བཀག་ནས་དེས་ན་དུ་མ་ཡང་བཀག་དགོས་ལ་དེ་གྲུབ་ན་རྟགས་དེ་གྲུབ་པ་ཡིན་ལ།  ཁྱོད་དབུ་མ་པའི་ལུགས་ལ་དང་པོ་ནས་གཅིག་དང་དུ་མ་དེ་བཀག་ཐུབ་ཡོད་པ་མིན་ཏེ།  གསུམ་གྱི་བདག་ཉིད་ཡིན་པའི་ཕྱིར་ན་གཅིག་ཡིན་པ་ཉམ་ཞེས་དང་གཅིག་ཡིན་པའི་ཕྱིར་ན་གསུམ་ཡིན་པ་ཉམ་ཞེས་གཅིག་དུ་བྲལ་ཡིན་ཞེས་བཤད་ཀྱང་། སྐད་ཅིག་གཅིག་མི་སྲིད་ན་གཅིག་ཡིན་པའི་ཕྱིར་གསུམ་ཡིན་པ་ཉམ་ཞེས་པའི་རྟག་དེ་མ་གྲུབ་ལ། གཅིག་ཡིན་ན་གསུམ་ལ་བལྟོས་དགོས་པ་གང་ཞིག་གཅིག་ཡིན་པའི་གཏན་ཚིག་གིས་གསུམ་འགོག་པ་མི་སྲིད།  ཡང་དེ་བཞིན་དུ་སྐད་ཅིག་མ་གསུམ་མ་གྲུབ་པའི་ཕྱིར་ན་གསུམ་ཡིན་པའི་ཕྱིར་ཞེས་པའི་རྟགས་དེས་གཅིག་འགོག་པ་མ་གྲུབ། དེས་ན་གཅིག་གིས་གསུམ་འགོག་པ་མ་གྲུབ་ལ་གསུམ་གྱིས་གཅིག་འགོག་པར་མ་གྲུབ་པས་གཅིག་ཀྱང་བཀག་མ་ཐུབ་ལ་དུ་མ་ཡང་བཀག་མ་ཐུབ། དེས་ན་གཅིག་དང་དུ་མ་བྲལ་བའི་རྟགས་མ་གྲུབ།  དེ་ལྟར་གཅིག་དང་དུ་བྲག་གྱི་རྟགས་དེས་ཤེས་པ་སྐད་ཅིག་ཆ་མེད་དེ་འགོག་པའང་མི་འཐད་དེ་གཅིག་དུ་བྲལ་གྱི་རྟགས་མ་གྲུབ་ཅེས་ཟེར་རོ།།  གཉིས་པ་རིགས་པ་དང་མི་མཚུངས་པའི་ཚུལ་བཤད་པ་ལ།  ཤེས་པ་སྐད་ཅིག་སྔ་མ་དེ་འགག་ནས་མེད།  མ་འོངས་པ་མ་སྐྱེས་པའི་ཕྱིར་ན་ད་ལྟའི་སྐད་ཅིག་གཅིག་པུ་མ་གཏོགས་འདས་མ་འོངས་གཉིས་དུས་གཅིག་ཅར་དུ་སྐྱེ་མི་སྲིད་པས་དེས་ན་འདས་མ་འོངས་གཉིས་ཀྱི་ཉེ་བའི་ཆ་ཡོད་དམ་མེད་ཅེས་རྩོད་པ་འདི་མི་རིགས་ཏེ་རི་རྭ་དངོས་མེད་གཉིས་ཀྱི་བུམ་པ་ཅག་མི་ནུས་བ་བཞིན་དུ་འདས་མ་འོངས་དངོས་མེད་གཉིས་ཀྱིས་ད་ལྟའི་ཤེས་པ་གཞིབ་མི་ནུས་ཞེས་ལན་སྙད་པ་ཡིན་ལ།  ཡང་སེམས་ཙམ་པ་རྣམས་ཀྱི་ཁོ་ན་རེ་ཤེས་པ་སྐད་ཅིག་ཆ་མེད་དེ་རྡུལ་དང་མི་མཚུངས་ཏེ། རྩ་བ་ལས།  རགས་པ་གཅིག་ཆར་བསྐོར་བ་ན། །དབུས་ཀྱི་རྡུལ་ཕྲན་ཆ་བཅས་འགྱུར། །དུས་གསུམ་གཅིག་ཆར་མི་སྐྱེ་བས། །ད་ལྟའི་སྐད་ཅིག་ཆ་མེད་ཡིན། །བྱེ་སྨྲའི་ལུགས་ཀྱི་རགས་པའི་རྩམ་གཞི་དབུས་རྡུལ་གཅིག་ལ་ཕྱོགས་རྡུལ་དྲུག་གིས་གཅིག་ཆར་དུ་བསྐོར་བ་ན་དབུས་ཀྱི་རྡུལ་ཕྲན་དེ་ཆ་མེད་ཡིན་པ་མི་འགྲུབ་པར་ཆ་བཅས་སུ་འགྱུར་དང་། བཞག་ན་རྩྭ་རྩེའི་ཟིལ་པ་བཞིན་དུ་ཆ་བཅས་སུ་འགྱུར་ལ་རིགས་པས་བཤིག་ན་ཆ་མེད་དུ་འགྱུར་བ་ཡིན་ལ། ཤེས་པ་སྐད་ཅིག་ཆ་མེད་ནི་དེ་དང་འདྲ་བ་མ་ཡིན་ཏེ།  དུས་གསུམ་གཅིག་ཆར་དུ་མི་འགྲུབ་པས་ན་ད་ལྟའི་ཤེས་པ་སྐད་ཅིག་རང་གི་ངོས་ནས་ཆ་མེད་ཡིན་ཏེ་དེའི་ཕྱིར་ན་ཤེས་པ་སྐད་ཅིག་ཆ་མེད་དུ་གྲུབ་པ་ཡིན་ཞེས་གསུངས་སོ།།  དེ་ལྟ་བུའི་སློབ་དཔོན་འཕགས་པ་ལྷའི་བཞི་བརྒྱ་པའི་སྐབས་སྐད་ཅིག་མ་གསུམ་སྦྲེལ་ནས་བཤིག་པའི་རིགས་པ་འདིས་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་སོགས་དུས་གསུམ་རྗས་གྲུབ་ཏུ་འདོད་པ་དེ་འགོག་པ་ཡིན་ལ་རྣམ་རིག་པའི་ལུགས་ཀྱི་ཤེས་པ་སྐད་ཅིག་ཆ་མེད་ཙམ་ནི་དགག་པའང་མིན་ལ་དུས་གསུམ་གཅིག་ཆར་དུ་མེད་ལ་འདས་མ་འོངས་ལ་ཕྱོགས་པའི་ཆ་མེད་པས་ད་ལྟའི་ཤེས་པ་སྐད་ཅིག་ཆ་མེད་འདི་འགོག་ཀྱང་མི་ནུས་སོ།།  དེ་ནས་ཚད་མ་དང་ཚད་མིན་གྱི་རྣམ་བཞག་མི་འཐད་པའི་ཐལ་བ་སྤོང་བ་ལ།  རྩ་བ་ལས།  དོན་དུ་སྣང་བ་བློ་ཉིད་ཡིན། །སྣང་བ་དེ་ཉིད་ཕྱི་ན་མེད། །བག་ཆགས་བརྟན་དང་མི་བརྟན་ལས། །བདེན་དང་རྫུན་པའི་རྣམ་བཞག་བྱེད། །ཅེས་པའི་དོན་ནི། ཡུལ་འཛིན་སོགས་ཚད་མ་དང་ཚད་མིན་གྱི་རྣམ་བཞག་འགལ་ལོ་ཞེ་ན།  ཁྱོད་སེམས་ཙམ་པའི་ལུགས་ལ་ཡུལ་འཛིན་ཡིན་ན་ཚད་མ་ཡིན་པས་ཁྱབ་པ་ཐལ། ཅིའི་ཕྱིར་ཞེ་ན།  སེམས་ཙམ་པའི་ལུགས་ལ་སེམས་ལས་གཞན་དུ་གྱུར་པའི་ཕྱི་དོན་ནི་མ་གྲུབ་བློའམ་སྣང་བ་ཡིན་ན་སེམས་ཀྱི་སྣང་བ་ཡིན་པས་ཁྱབ།  བློའམ་སེམས་ཀྱི་སྣང་བ་ཡིན་པས་ཁྱབ་ཏེ་རྣམ་པ་གཏོད་བྱེད་ཀྱི་ཕྱི་དོན་དུ་ཡང་མ་གྲུབ་པའི་ཕྱིར་ན་མིག་གིས་བུམ་པ་མངོན་སུམ་དུ་མཐོང་བ་བློ་ཉིད་ཡིན་ལ་དེ་བཞིན་དུ་ཟླ་གཉིས་མཐོང་བ་ཡང་བློ་ཉིད་ཡིན་པ་དང་སྐྲ་ཤད་མཐོང་བ་ཡང་བློ་ཉིད་ཡིན་པ་སྟེ།  རྒྱུ་མཚན་དེའི་ཕྱིར་ན་ཁྱོད་སེམས་ཙམ་པའི་ལུགས་ལ་ཟླ་གཅིག་སྣང་བ་དང་ཟླ་གཉིས་སྣང་བ་དུང་དཀར་པོ་མཐོང་བ་དང་དུང་སེར་པོ་མཐོང་བ་སོགས་ལ་ཚད་མ་དང་ཚད་མིན་གྱི་རྣམ་བཞག་མི་འཐད་པའི་ཕྱིར་ན་འགལ་ལོ་ཞེ་ན།  དེའི་ལན་ལ་སེམས་ཙམ་པས་ཁོ་ན་རེ་དེ་ནི་སྐྱོན་མེད་དེ།  བློ་ཉིད་སྣང་བ་དང་ཕྱི་དོན་མེད་པ་སྣང་བ་འདྲ་འདྲ་ཡིན་ན་ཡང་ཟླ་གཉིས་སྣང་བ་ཚད་མིན་ཟླ་གཅིག་སྣང་བ་ཚད་མ་རུ་བཞག་ཆོག་སྟེ།  དོན་དུ་སྣང་བ་གང་ཡིན་པ་ཐམས་ཅད་བློ་ཉིད་ཡིན་ཏེ། སྣང་བ་དེ་ཉིད་ཕྱི་རོལ་ཏུ་གྲུབ་པ་ནི་མེད་ལ།  དེའི་ཕྱིར་ན་ཟླ་གཅིག་ཟླ་གཉིས་སོགས་གང་ཡིན་རུང་བློ་ཉིད་ཡིན་ལ་ཕྱི་དོན་དུ་ཟླ་བ་གཉིས་མ་ཟད་གཅིག་ཀྱང་གྲུབ་པ་མེད་དོ།།  ཡང་ན་གཅིག་ཚད་མ་དང་གཅིག་ཚད་མིན་ཡིན་དགོས་པ་ཐལ་གཉིས་ཀ་ཚད་མ་དང་ཚད་མིན་གྱི་རྣམ་བཞག་བྱེད་མི་རུང་ཟེར་བ་ན།  སྐྱོན་མེད་དེ།  བག་ཆགས་བརྟན་པ་ཟླ་བ་གཅིག་ལྟ་བུ་དང་།  བག་ཆགས་མི་བརྟན་པ་ཟླ་གཉིས་ལྟ་བུ་ཡིན་ལ་གནས་དོན་ལུས་ཀྱི་སྣང་བ་འདི་ཐམས་ཅད་འཁོར་བ་ཐོག་མ་མེད་པ་ནས་ཀུན་གཞི་ལ་སྐྱེ་བ་སྔ་མ་སྔ་མ་དེ་ཕྱི་མ་ཕྱི་མ་ཉིད་ལ་བག་ཆགས་བཞག་ནས་ཚེ་འདི་ལྟ་བུ་འབྱུང་བ་དང་།  ཚེ་འདིར་ཡང་བག་ཆགས་འཇོག་པ་ལ་བརྟེན་ནས་མ་འོངས་པ་ཡང་གནས་དོན་ལུས་ཀྱི་སྣང་བ་མུ་མཐའ་མེད་པ་སྣང་བས་བག་ཆགས་ཀྱི་གཏན་གཞིར་གྱུར་པ་ཁས་བླང་བ་ཡིན་ལ་དེས་ན་བག་ཆགས་བརྟན་འགྱུར་གྱི་སྣང་བ་དང་བག་ཆགས་མི་བརྟན་པའི་སྣང་བ་གཉིས་སུ་འཇོག་པས་བག་ཆགས་བརྟན་འགྱུར་གྱི་སྣང་བ་ཡིན་ན་ཚད་མ་དང་བག་ཆགས་མི་བརྟན་པའི་སྣང་བ་ཡིན་ན་ཚད་མིན་གྱི་བདེན་དང་རྫུན་པའི་རྣམ་བཞག་བྱེད་པ་འདི་སེམས་ཙམ་པའི་ལུགས་ལ་ཤིན་ཏུ་འཐད་པ་ཡིན་ནོ།།  གསུམ་པ་དོན་བསྡུ་བ་ནི།  རྩ་བ་ལས།  ཇི་སྲིད་ཕྱི་རོལ་ཁས་ལེན་པ། །དེ་སྲིད་རྒྱུ་ལ་གཟུང་ཡུལ་ཟེར། །ཤེས་བྱ་ནང་གིར་ཞུགས་པ་ལ། །ཡུལ་དང་ཡུལ་ཅན་གྲུབ་པ་མེད། །ཅེས་གསུང་པའི་དོན་ནི།   དུས་ཇི་སྲིད་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུང་པའི་གསུང་རབ་ལས་ཐ་སྙད་ཁས་ལེན་པའི་སྐབས་སུ་རྡུལ་ཕྲན་ཞལ་གྱིས་བཞེས་པ་དང་།  ཐ་སྙད་ཀྱི་དེ་ཁོ་ན་ཉིད་ལ་ཞུགས་པའི་ཚེ་ན་རྣམ་རིག་ཞལ་གྱིས་བཞེས་པ་དང་། དོན་དམ་པའི་དེ་ཁོ་ན་ཉིད་ལ་ཞུགས་པའི་ཚེ་ན་དབུ་མ་ཞལ་གྱིས་བཞེས་པ་ཇི་ལྟ་བར་བཞིན་དུ་འདིར་ཡང་བདེ་བ་གཤེགས་པའི་གསུང་རབ་ཀྱི་དགོངས་པ་དཔལ་ཆོས་ཀྱི་གྲགས་པས་འགྲེལ་བ་ལ་ཐ་སྙད་ཕྱི་དོན་ཁས་ལེན་པའི་ཚེ་ན་བྱེ་མདོ་གཉིས་ལས་འདིར་མདོ་སྡེ་པའི་གྲུབ་མཐའ་ལ་བརྟེན་ནས་ཕྱི་དོན་ཁས་ལེན་པའི་གྲུབ་མཐའ་ལ་གནས་པ་དེ་སྲིད་དུ་ཡུལ་དང་ཤེས་པ་གཉིས་རྫས་གཅིག་ཏུ་མི་འཐད་དེ་རྣམ་པར་གཏོད་བྱེད་ཀྱི་རྒྱུ་རང་འཛིན་མངོན་སུམ་ལ་རང་འདྲའི་རྣམ་པ་དངོས་སུ་གཏོད་བྱེད་ཀྱི་རྒྱུ་དེ་ལ་གཟུང་ཡུལ་ཞེས་ཟེར་ཏེ།  རྒྱུ་ཡི་དངོས་པོ་མ་གཏོགས་པ། །གཟུང་བ་ཞེས་བྱ་ཅི་ཡང་མེད་ཅེས་གསུང་པ་ལྟར་རྣམ་པ་གཏོད་བྱེད་ཀྱི་རྒྱུ་དེ་ལ་གཟུང་ཡུལ་ཞེས་ཕྱི་དོན་ཁས་ལེན་པའི་ཚེ་ན་མདོ་སྡེ་པའི་ལུགས་འདི་ཞལ་གྱིས་བཞེས་པ་གསུང་ལ།  ཐ་སྙད་ཀྱི་དེ་ཁོ་ན་ཉིད་སེམས་ཙམ་དུ་ཁས་ལེན་པའི་ཚེ་ན་རྣམ་རིག་ཞལ་གྱིས་བཞེས་ཏེ།  དེ་ཡང་ཤེས་བྱ་ཐམས་ཅད་ནང་གིར་བདག་ཉིད་ཡིན་པ་ཞུགས་པ་ན་ཡུལ་དང་ཡུལ་ཅན་རྫས་ཐ་དད་དུ་གྲུབ་པ་མེད་དོ་གསུང་པ་ཡིན་ལ།  ཡུལ་དང་ཡུལ་ཅན་གྲུབ་པ་མེད་གསུང་པ་འདི་ལ་ཡུལ་བཞིར་ནང་གསེས་སུ་དབྱེ་བ་བྱ་ཚེ་ཁ་ཅིག་གི་རང་རིག་ལ་ཡུལ་མེད་ཟེར་བ་དང་རང་རིག་གི་མྱོང་བྱ་དེ་ཤེས་པ་མ་ཡིན་ཟེར་བ་སོགས་རིགས་གཏེར་གྱི་དགོངས་པ་ཡིན་ཟེར་ནས་རྣམ་བཞག་བྱེད་པ་ཡོད་ཀྱང་།  འདི་ལ་གོ་རམས་པ་དང་འཇམ་མགོན་མི་ཕམ་སོགས་ཀྱི་འདོད་ཚུལ་མཐུན་པར་ཤེས་བྱ་ཐམས་ཅད་ནང་གི་བདག་ཉིད་ཡིན་གསུང་པའི་དོན་ཡུལ་དང་ཡུལ་ཅན་རྫས་ཐ་དད་དུ་གྲུབ་པ་མེད་ཟེར་བ་རེད་མ་གཏོགས་ཡུལ་དང་ཡུལ་ཅན་རྫས་གཅིག་ལ་རང་རིག་གི་རྣམ་བཞག་བྱེད་པ་དེ་ཡུལ་ཤེས་པ་དང་ཡུལ་ཅན་ཡང་ཤེས་པ་ཡིན་པས་ན་རང་རིག་ཞེས་པ་ལྟ་བུའི་རྣམ་བཞག་མེད་པ་རིགས་གཏེར་གྱི་སྐབས་སུ་ཁས་ལེན་ཞེས་པའི་དོན་ཡིན་པའི་ཕྱིར་ན་ཡུལ་དང་ཡུལ་ཅན་རྫས་ཐ་དད་དུ་མེད་དོ།།  ཚད་མའི་བསྟན་བཅོས་འདི་ཡིས་ཚུར་མཐོང་གི་དབང་དུ་བྱས་ཏེ་ཕྱི་དོན་ཡུལ་གྱི་རྣམ་བཞག་བཤད་པ་ལ་གཙོ་བོ་མདོ་སྡེ་པའི་ལུགས་དང་།  ནང་ཡུལ་ཅན་ཤེས་པའི་རྣམ་བཞག་བཤད་པ་ལ་སེམས་ཙམ་པའི་ལུགས་གཙོ་བོ་བྱས་ནས་འཐད་པ་སྒྲུབ་པའི་རིགས་པ་འདི་གཉིས་བྱུང་བ་ཡིན་ལ།  ཇི་སྲིད་ཕྱི་རོལ་ཁས་ལེན་པ། །དེ་སྲིད་རྒྱུ་ལ་གཟུང་ཡུལ་ཟེར། །ཤེས་བྱ་ནང་གིར་ཞུགས་པ་ལ། །ཡུལ་དང་ཡུལ་ཅན་གྲུབ་པ་མེད། །ཅེས་གསུང་པ་ནི་ཕྱི་དོན་ཁས་ལེན་པའི་ཚེ་ན་ཤེས་པ་སྐྱེད་བྱེད་ཀྱི་རྒྱུ་ལ་གཟུང་ཡུལ་དུ་འཇོག་པ་མདོ་སྡེ་པའི་ལུགས་ཡིན་ལ། སེམས་ཙམ་པའི་སྐབས་སུ་ཡུལ་དང་ཡུལ་ཅན་ རྫས་ཐ་དད་དུ་གྲུབ་པ་མེད་པས་གཟུང་ཡུལ་མེད་ཅེས་གཟུང་ཡུལ་རང་མཚན་ལ་རྩོད་པའི་ལན་གསུངས་པ་ལས་ཤེས་པའི་ཕྱིར་དང་། གོང་དུ་ཞུས་པ་ལྟར་དོན་འདི་ཡིས་དགོངས་པར་ཀུན་མཁྱེན་ཆེན་ཆེན་པོ་གོ་རམས་པས་སྡེ་བདུན་རབ་གསལ་ལས། རང་གི་ངོ་བོ་ལ་རང་མཚན་རང་ངོས་ནས་གཏད་པའི་རྣམ་པ་ལ་རང་གི་ངོ་བོར་གཞག་པ་དང་། རང་མཚན་ཉིད་ལ་རང་གི་ངོ་བོར་བཞག་པ་གཉིས་ལས། སྔ་མ་ནི་དོན་རང་མཚན་དང་། ཕྱི་མ་ནི་ཤེས་པ་རང་མཚན་རང་གི་ངོ་བོའི་དོན་ཡིན་ལ་ཞེས་པ་དང་། སྔ་མ་དེ་དོན་རང་མཚན་རང་གི་ངོ་བོར་མི་འཐད་དེ། དེ་ལས་རྫས་གཞན་ཡིན་པའི་ཕྱིར་ཞེ་ན། སྐྱོན་མེད་དེ་རང་མཚན་རང་ངོས་ནས་གཏད་པའི་རྣམ་པ་ཡིན་པས་རང་གི་ངོ་བོའི་མིང་གིས་བཏགས་པའི་ཕྱིར་རོ། །རྟོག་པ་ལ་སྣང་བའི་རྣམ་པ་ནི། རང་མཚན་རང་ངོས་ནས་མ་གཏད་པར་གཞན་བག་ཆགས་ཀྱིས་བཞག་པའི་རྣམ་པ་ཡིན་པས་གཞན་གྱི་ངོ་བོ་ཞེས་གསུངས་སོ། །གནད་འདི་མ་རྟོགས་ན། དེ་ནི་རང་གཞན་ངོ་བོ་ཡིས། །ཞེས་སོགས་ཀྱི་གཞུང་དོན་བསྐལ་བའི་བར་དུ་རྙེད་པར་མི་འགྱུར་རོ།། གོང་གི་ལུང་དོན་གྱི་དགོངས་པ་ཡང་དངོས་བསྟན་མདོ་སེམས་གཉིས་ཀྱི་གྲུབ་མཐའི་ལུགས་ཡིན་པ་གསལ་བར་མཐོང་ཐུབ་བོ།།   བསྡུ་བའི་ཚིགས་སུ་བཅད་པའོ། །ཚད་མ་རིགས་པའི་གཏེར་ལས། །ཡུལ་བརྟག་པའི་རབ་ཏུ་བྱེད་པ་སྟེ་དང་པོའོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1