༄༅།།དཔྱིད་ཀྱི་དཔལ་ཡོན།

དབང་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ་ནས། སྤེལ་དུས། 04-30


འཛམ་གླིང་གོ་ལ་ཟླུམ་པོའི་ཡང་རྩེར་གངས་དཀར་ལྷུན་པོའི་ཏོག་གིས་བརྗིད། །

གཡུ་གཞོང་མནྜལ་ཚོམ་བུར་བཀྲ་བའི་རི་ཀླུང་ནགས་ཚལ་བཀོད་ལེགས་མཛེས། །

ལྗོན་ཤིང་གཡུ་ལོའི་ཐགས་སུ་བྲེས་ཤིང་འབབ་ལྡན་དགའ་མས་རྒྱང་གླུ་ལེན། །

སྐྱེད་ཚལ་སྐྱེ་དངོས་དྲི་ཞོན་གྱིས་བསྐུལ་ཉམས་བརྒྱ་འབར་བའི་གར་ལ་བྲེལ། །


དཔྱིད་འགོའི་ལང་ཚོ་དར་ལ་བབ་པས་གསེར་དངུལ་མེ་ཏོག་རྒྱན་ཕྲེང་ངོམ། །

སོ་ནམ་བུ་མོའི་ས་བོན་འདེབས་ཤིང་དཔྱིད་གསུམ་བདེ་དྲོད་ལུས་ལ་འབར། །

སྟག་ཤར་འཛུམ་དྲུག་བཞིན་བཟང་རྒྱས་པའི་རྨོད་གཉའ་དོར་སྡེབ་ཐང་པ་བྲིན།།

ཀི་གསོའི་འབྲུག་སྒྲ་གནམ་ས་འགུལ་བས་སོ་ནམ་ལས་ཀྱི་སྡོང་གྲོགས་བྱས། །


སྔོ་བསང་བུ་མོའི་འབྲུ་སྲན་སྣ་ལྔའི་སྦྲང་ཆར་ཟིལ་མའི་ཆར་རྒྱུན་འབེབས། །

རིན་ཆེན་སྣ་ཚོགས་ཕྱེ་མ་སྤུངས་པར་རི་རབས་མཉམ་པའི་གསེར་སྐྱེམས་དང་། །

དྲི་བཟང་ཙནྡན་དཀར་དམར་སོགས་དང་ས་ལའི་སྤོས་དཀར་ཕྲེང་བ་ཡིས། །

ས་དང་བར་སྣང་ནམ་མཁའི་ཁྱོན་ཀུན་བསང་མཆོད་བདུག་པའི་སྤྲིན་ཕུང་གཏིབས། །


མཁའ་ལ་གློག་ཕྲེང་གར་གྱིས་རྩེན་ཞིང་སྙན་པའི་འབྲུག་སྒྲ་འུ་རུ་རུ། །

ས་ལ་རྨ་བྱ་དགའ་བས་མྱོས་པའི་མངལ་གྱི་ཆུ་འཛིན་སྒྲོ་མདངས་བརྟས། །

བར་སྣང་ཟིལ་བུ་དལ་གྱིས་འབབ་པའི་སྦྲང་ཆར་ཟིལ་མས་ཁྲུས་གསོལ་མཛད། །

རྒྱལ་ཁམས་ཞི་བདེ་མཛའ་མཐུན་མཉམ་གནས་ལོ་ལེགས་འབྱུང་བའི་ལྟས་སུ་གྲུབ། །


མཐོ་རིས་མཛེས་དགའི་དཔལ་གྱིས་ཕྱུག་པའི་མཐོ་སྒང་ས་ལིའི་གངས་ལྗོངས་སུ།།

ཏང་སྲིད་ཟུང་གི་དམིགས་འབེན་དགོངས་བཞེད་འཕེལ་རྒྱས་ཉ་གང་ཟླ་ཟེར་གྱིས།།                                      

དུས་རབས་གསར་པའི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་མྱུར་བའི་ཤུགས་བརྟས་ཏེ། །

ཕྱུག་པོའི་ས་ནས་ཐོགས་པ་མེད་པར་བགྲོད་པའི་གོམ་སྟོབས་མྱུར་དུ་ཕྱིན། །


རྒྱ་བོད་རིག་པའི་བང་མཛོད་ཕྱུང་བའི་གསོ་དཔྱད་སྨན་གྱི་གཞི་རྩ་ཚུགས། །

འབྱུང་བཞིའི་ལུས་ལ་ཚོར་བའི་བདེ་ཐང་འཕྲོད་བསྟེན་ཤེས་བྱའི་གནས་ལ་མཁས།།

ཟས་སྤྱོད་སྨན་དཔྱད་ཕྱི་ནང་ཚ་གྲང་གལ་འགག་བཞི་ཡི་རྟགས་ཀྱིས་བཅོས། །

ཚེ་སྲོག་གསར་པའི་སྙིགས་དོར་བཅུད་ལེན་ནད་མེད་ཚེ་རིང་ལང་ཚོ་བསྐྲུན། །


རྣམ་དཔྱོད་མྱུར་བའི་ཚན་རྩལ་རིག་པས་ཕྲ་རགས་ཤེས་བྱ་རེ་རེའི་ཁྱོན། །

དྲ་བའི་ཡངས་ལམ་དཔྱོད་ཤེས་རིག་པས་འཚོལ་ཤེས་བརྟག་ཐབས་གཏན་འབེབས་ཀྱིས། །

གོ་ལའི་ཁྱོན་ལ་སྐད་ཅིག་མྱུལ་བའི་རིག་པའི་འཕྲུལ་གྱིས་རྣམ་དཔྱོད་རྩལ། ། 

འཛམ་གླིང་ལག་མཐིལ་བཀྲམ་པའི་ལྟད་མོ་ངོ་མཚར་སྟོང་གིས་གཟིགས་མོར་མཛད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1