ལྔ་གཅིག་གུང་གསེང་སྐབས་ལ་མཛོད་དགེ་རྫོང་གི་ཡུལ་སྐོར་ཁྲོམ་ར་འཁྲུག་ཆ་དོད།

གསར་འགོད་པ། བཀྲ་ཤིས་ལྷ་མོ། དུས་ལྡན། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-07


ཞབས་ཞུ་ནི་ཡུལ་སྐོར་སྤུས་ཚད་མཐོ་རུ་གཏོང་བའི་སྲོག་ཤིང་ཡིན་ལ་ཡུལ་སྐོར་བ་འགུག་པའི་འགག་རྩའི་རྒྱུ་རྐྱེན་ཡིན། ལྔ་གཅིག་གུང་གསེང་སྐབས་ལ་མཛོད་དགེ་རྫོང་གི་མཛེས་ལྗོངས་ཁུལ་ཁག་ལ་འགྲུལ་བ་མང་པོ་ཡོད། ཡུལ་སྐོར་བས་བློ་བདེ་བག་ཕེབས་ངང་མཛེས་ལྗོངས་ལ་མྱོང་རོལ་བྱ་ཆེད།  མཛོད་དགེ་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་དེ་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་འཐུས་ཚང་དུ་བཏང་ནས། ཞབས་ཞུའི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བཞིན་ཡུལ་སྐོར་འཛད་སྤྱོད་ཁྲོམ་ར་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

ལྔ་གཅིག་གི་དུས་ཆེན་ནས་བཟུང་མཛོད་དགེ་རྫོང་གིས་བདེ་འཇགས་འགན་ལེན་དང་ཞབས་ཞུ་ལེགས་འདོན། སྣང་བརྙན་ལེགས་ངོམ་བཅས་ཀྱི་ཞབས་ཞུའི་འདུ་ཤེས་བསྐྱེད་དེ།  ཡུལ་སྐོར་བ་མགྲོན་པོ་དང་གཉེན་ཉེ་དུ། གུས་པར་འོས་པའི་མི་རུ་བརྩི་བའི་ཐོག་མའི་བསམ་འདུན་ལག་ལེན་དུ་བསྟར་ནས། གུས་ཞབས་དང་ལྷག་བསམ་རྣམ་དག་གིས་འབྲེལ་འདྲིས་བྱས་ནས་བློ་བདེ་བག་ཕེབས་ཀྱི་ཡུལ་སྐོར་ཁོར་ཡུག་བསྐྲུན།

ཧྲང་ཧའེ་ཡི་ཡུལ་སྐོར་བ་མཱ་ཉི་ལཱ་ཡིས་བཤད་རྒྱུར། དེ་རིང་མཚོ་ཁྲ་མཛེས་ལྗོངས་ཁུལ་དུ་འབྱོར་བ་དགའ་པོ་བྱུང་། ང་རང་ཧྲང་ཧའེ་ནས་ཡོང་བ་ཡིན། ཧྲང་ཧའེ་ནས་རྩྭ་ཐང་དང་མཚེའུ་འདི་འདྲ་མཐོང་རྒྱུ་མེད། འདི་ནས་ལྷན་སྐྱེས་སྲོག་ཆགས་དང་རྩི་ཤིང་མང་པོ་མཐོང་ཐུབ། ང་ཚོས་ཁྲུང་ཁྲུང་སྐེ་ནག་འགའ་མཐོང་བྱུང་། འདབ་ཆགས་བྱ་རིགས་གཞན་དག་མང་པོ་འདུག །བལྟས་ཚོད་ཀྱིས་ཧ་ཅང་མཛེས་པོ་ཡོད་པས་གནས་འདི་སྐྱིད་པོ་འདུག

མཛོད་དགེ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་འགོ་འཛིན་ཀྲོའུ་དབྱང་ཞང་གིས་བཤད་རྒྱུར། ལྔ་གཅིག་གུང་གསེང་རིང་མི་དང་རླངས་འཁོར་ཉིན་བཞིན་ཇེ་མང་དུ་སོང་བས་འགྲིམ་འགྲུལ་དོ་དམ་གྱི་གནོན་ཤུགས་ཀྱང་ཆེ་རུ་ཕྱིན། ཤར་བགྲོད་ལ་འགན་ལེན་དང་དོན་རྐྱེན་སྔོན་འགོག་གི་ལས་དོན་དམིགས་ཚད་ལྟར། ཟོག་འདྲེན་རླངས་འཁོར་ཆེ་གྲས་ལ་འགྲིམ་འགྲུལ་དོ་དམ་ཚོད་འཛིན་བྱས། ལས་དོན་མི་སྣ་ཡོངས་ནས་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་ལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ། བྲག་བྱ་རྒོད་མཛེས་ལྗོངས་ཁུལ་དུ་སྤོ་འགུལ་མྱུར་ཚད་ཚད་ལེན་ས་ཚིགས་གསར་དུ་བསྣན། སྐོར་གཡེང་ཚོ་ཆུང་གཉིས་ཀྱིས་ཡུལ་སྐོར་བར་དམིགས་ནས་སློབ་སྟོན་གཙོར་བཟུང་སྟེ་ཆད་པ་ཡང་གཅོད་བྱས། འགྲེལ་བཤད་མང་ཙམ་བྱས་ནས་ཁྲིམས་འགལ་བྱ་སྤྱོད་ཡང་བའི་སྐོར་ལ་ཁ་ཏ་བྱས་ཏེ་མངགས། ཐང་སྐོར་དང་བཞག་ལྡོམ། དཔལ་སྐྱིད་བཅས་སུ་དམངས་ཕན་ཞབས་ཞུ་ས་ཚིགས་བཙུགས་ཏེ་འགྲོ་འོང་མང་ཚོགས་ལ་རིན་མི་དགོས་པར་ཆུ་ཁོལ་དང་མྱུར་བྲེལ་སྨན་བཅོས་ཡོ་ཆས་མཁོ་འདོན་བྱས་པས། ཁྲིམས་སྐྱོང་ནན་འཛིན་ཁྲོད་བྱམས་དང་བརྩེ་བ་ལྡན། 

རྒྱུས་ལོན་པ་ལྟར་ན། ལྔ་གཅིག་གུང་གསེང་སྐབས་མཛོད་དགེ་རྫོང་གིས་ཁྱོན་ཡུལ་སྐོར་བ་མི་ཐེངས་36817སྣེ་ལེན་བྱས་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་1522772.5ཟིན། རྫོང་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་ར་འཁྲུག་ལ་དོད་ལ་གོ་རིམ་ལྡན་པས། བདེ་འཇགས་དང་སྒྲིག་སྲོལ། སྤུས་ཚད། ཕན་འབྲས་བཞི་གཅིག་གྱུར་གྱི་དམིགས་འབེན་མངོན་འགྱུར་བྱུང་། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1