༄༅།། གེ་སར་དང་གླིང་གེ་སར་སྐོར་ལ་ཅུང་ཟད་དཔྱད་པ།

རྫ་ཕྲུག་ཚེ་རིང་འགྱུར་མེད། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-17


            སློབ་དཔོན་པདྨའི་རྣམ་འཕྲུལ་དུ་འབོད་པ་བོད་ཆོས་སྲིད་ཀྱི་དོན་ལ་མཛད་རྗེས་ལྷག་ཏུ་ཆེ་བ་ཞིག་ཡིན་ཏེ།འདི་ཉིད་འཁྲུངས་ས་གླིང་གི་ཡུལ་ཡིན་པས་གླིང་གེ་སར་ཞེས་ཡུལ་མིང་མི་ལ་ཐོགས་པ་སྟེ།ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱི་གསུང་ལས་མདོ་ཁམས་སྡེ་དགེའི་ཕྱོགས་འདི་སྔར་གླིང་ཁྲི་གོང་འོག་བར་གསུམ་དུ་དབྱེ་བའི་གླིང་ཁྲི་བར་མ་ཡིན་ཞེས་ཐག་བཅད་པ་དང་།སྔོན་བྱོན་སྐྱེས་ཆེན་དུ་མའི་རྣམ་ཐར་ལས་ཁམས་སྡེ་དགེའི་ཕྱོགས་སུ་ཞབས་བཀོད་པ་ལ་གླིང་ཡུལ་དུ་སླེབས་ཞེས་ལན་ཅིག་མིན་པ་ཡང་ཡང་གསུངས་ཤིང་།བླ་ཆེན་བྱམས་པ་ཕུན་ཚོགས་ཀྱིས་གླིང་སྡེ་མངའ་དབང་བསྒྱུར་ནས་སྡེ་བཞི་དགེ་བཅུས་ཕྱུག་པའི་ཡུལ་ལ་སྡེ་དགེ་ཞེས་མིང་མ་བཏགས་པའི་སྔོན་དུ་ཡུལ་འདི་ཐམས་ཅད་གླིང་དཔོན་གྱི་དབང་འོག་ཡིན་པ་ཀུན་གྱིས་ཤེས་གསལ་ལྟར་ལ།ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་སྔོན་ཡུལ་ཕྱོགས་འདིར་གླིང་ཞེས་འབོད་པ་དང་ཕྱིས་རྟེན་ལ་བརྟེན་པའི་མིང་ཆགས་ཏེ་སྡེ་དགེ་ཞེས་ཐོགས་གསུངས་པ་དང་།བོད་མི་འུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་བྱ་བ་ལས་དེ་བས་གསལ་པོ་གསུངས་པ་འདི་ལྟར་ཏེ།འགག་མོའི་བུ་གེ་ཁོད་སྐབས་ཡིན་ལ།འདི་ནི་ཆུང་ངུའི་དུས་ནས་ཕོ་རྩལ་སྣ་དགུ་དང་ལྡན་པས་སེང་ཆེན་འདྲ་ཞེས་པས་སེང་ཆེན་དང་།གེ་སར་དང་།རྗེས་ནས་ས་ཡི་ཆ་གླིང་གི་ཡུལ་འདི་ཐམས་ཅད་ཀྱི་བདག་པོ་རྒྱལ་པོར་གྱུར་པས་གླིང་སེང་ཆེན་རྒྱལ་པོར་གྲགས་ཞེས་སོ།།འདིར་སྔོན་བྱོན་མཁས་པའི་གསུང་མང་པོ་དང་ཡུལ་ན་ཡོངས་སུ་གྲགས་པའི་དངོས་དོན་གང་ལ་བལྟས་ཀྱང་གླིང་ཡུལ་སྡེ་དགེའི་ཕྱོགས་ལ་གོ་དགོས་ཤིང་།དེར་འཁྲུངས་པའི་གེ་སར་ལ་གླིང་གེ་སར་ཞེས་བཏགས་པ་རིགས་པས་དཔྱད་ཀྱང་སླ་ལ་རླུང་ལྟར་གྲགས་པ་འདི་རང་སྟེ།དེ་བས་གླེང་རྒྱ་ཆེ་བས་གླེང་།དེ་ཉིད་གུག་འགྲེང་བརྗེས་པའི་གླིང་སོགས་བཤད་ན་བྱིས་པ་ངོ་མཚར་སྐྱེད་བྱེད་ཀྱི་གནའ་དཔེ་ཉམས་མཚར་བ་ཙམ་ལས།ལུང་རིགས་ཀྱི་དཔྱད་པ་ཁུར་བཟོད་པ་གང་ཡང་མེད་པ་ཉིད་དོ།།
གཞན་ཡང་གེ་སར་འཁྲུངས་ཡུལ་གྱི་སྐོར་ལ་འཁྲུངས་གླིང་མེ་ཏོག་ར་བ་ལས།ས་སྐྱིད་སོས་ཡག་གི་ཁ་མདོ་རེད།ཆུ་གཉིས་འབབ་ཆབ་སྒྲ་ལྷུང་ལྷུང་གྲགས།བྲག་གཉིས་མདའ་སྒྲོ་གཤིབ་འདྲ་ཡོད།སྤང་གཉིས་བལ་སྟན་བཏིང་འདྲ་ཡིན།བྲག་སྦལ་བ་འདྲ་བའི་རྩ་བ་རེད།ཅེས་སྡེ་དགེའི་ཚ་ཙ་དགོན་པའི་ཉེ་སྐོར་གྱི་ས་དབྱིབས་ཆུ་རིས་གློག་འཕྲུལ་གྱིས་འདྲ་དཔར་བཏབ་པ་ལྟར་གསལ་པོ་གསུངས་ཡོད་ལ།སུམ་པའི་དྲིས་ལན་ལས་གླིང་གེ་སར་ནི་རྨ་ཆུ་འབྲི་ཆུ་རྫ་ཆུ་གསུམ་ཡོད་པའི་བར་རྫ་ཆུའི་སྡེ་དགེའི་ས་ཆར་གཏོགས་པ་སྐྱིའི་གཞུང་ཚ་ཚ་ལུང་བའི་ཆུ་གཉིས་སུམ་མདོའི་མདོ་སྐྱིད་ཉི་མ་ཀུན་འཁྱིལ་ནས་སྐུ་འཁྲུངས་ཞེས་གསུངས་པ་དང་།སི་ཏུ་པཎ་ཆེན་གྱིས་གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ་དེ་ཤར་ཟླའི་ཕྱོགས་ཀྱི་ལྕི་མདའ་ཡིན་གསུངས་ལ།དེང་གི་མཁས་དབང་དམ་པ་དམུ་དགེ་བསམ་གཏན་སོགས་ཀྱིས་ཀྱང་གླིང་གེ་སར་གྱི་འཁྲུངས་ཡུལ་སྡེ་དགེའི་ཚ་ཙ་དགོན་པའི་ཉེ་སྐོར་གི་སར་ལྷ་ཁང་ཡོད་ས་འདི་རང་ཡིན་གསུངས།་བློ་གཟུ་བོར་གནས་པའི་དྲང་གཏམ་འདི་དག་དང་དུ་བླངས་ན་མཁས་པའི་རྒྱན་དུ་འགྱུར་གྱི་དེ་མིན་གནའ་དེང་གི་ལུང་རིགས་སྨྲ་བའི་ཁྱུ་མཆོག་རྣམས་ཀྱི་ཞལ་རྒྱུན་དང་དམངས་ཁྲོད་ལ་ཡོངས་སུ་གྲགས་པ།ཆུ་བུར་མིག་གི་ཡུལ་གྱི་དངོས་པོའི་ཤུལ་རྫས་བཅས་ཀྱིས་ར་སྤྲོད་པ་ལ་མ་བལྟས་པར་རང་ལྟ་མཆོག་འཛིན་གྱིས་ཨུ་ཚུགས་བྱེད་པའི་འཁྱོག་བཤད་ལ་ནི་ཡིད་ཆེས་བྱ་རུང་བ་ཅི་ཡང་མེད་པས་བཏང་སྙོམས་སུ་བཞག་པས་ཆོག
ལར་གེ་སར་གྱི་མིང་རྟགས་འཆང་བ་མང་ཞིང་སོ་སོས་རང་འཁོས་ཀྱི་མཛད་པ་རེ་སྤེལ་ནས་གཞན་ཕན་བྱ་བའམ་དགྲ་འདུལ་གཉེན་སྐྱོང་གི་ཕྱག་རྗེས་རེ་བཞག་ཡོད་དེ།འདིར་གེ་སར་ཞེས་པའི་མིང་ལ་འཁྲུལ་ནས་གེ་སར་ཡོད་ཚད་གླིང་གེ་སར་ཡིན་པར་བསྒྲུབ་ན་འགལ་འདུ་ཟད་མི་ཤེས་པའི་ཁུར་ཆེན་རང་གི་ཕྲག་ཏུ་བླངས་པ་ཡིན་ཏེ།གོང་དུ་བཤད་པ་ལྟར་ཁྲོམ་གེ་སར་ནི་ཁྲོམ་ཡུལ་གྱི་གེ་སར་རྒྱལ་པོ་བོད་རྗེ་གཉའ་ཁྲི་བཙན་པོ་དང་དུས་མཉམ་དེ་ཡིན་གྱི་གླིང་གེ་སར་མ་ཡིན་ཞིང་།གེ་སར་དམག་གི་རྒྱལ་པོ་བྱ་བ་དང་།ཧོར་གེ་སར།བྱང་གེ་སར་སོགས་ཀྱང་དེ་བཞིན་གླིང་གེ་སར་མ་ཡིན་ལ།གླིང་གེ་སར་ཡང་རབ་བྱུང་དང་པོའི་ལོ་སྐོར་ནང་དུ་གླིང་ཡུལ་ལ་འཁྲུངས་པའི་གེ་སར་རྒྱལ་པོ་དེ་ཉིད་ཡིན་གྱི་གཞན་མ་ཡིན་ནོ།།འདིར་མཐའ་གཅིག་ཏུ་མ་གོ་ན་ཐབས་མེད་པ་ཞིག་ནི་གེ་སར་རྒྱལ་པོའི་སྒྲུང་དེ་གླིང་གེ་སར་གྱི་ལོ་རྒྱུས་ལ་གཞིར་བྱས་ནས་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་མཛད་རྣམ་དང་།གེ་སར་སྔ་ཕྱི་རིམ་བྱོན་གྱི་ལོ་རྒྱུས།བན་བོན་གྱི་ལྷ་སྒྲུང་།བོད་རིགས་མི་དམངས་ཀྱི་འཚོ་བའི་གོམས་སྲོལ།རིག་གནས་བློ།དུས་འགྱུར་དམག་འཁྲུགས་སོགས་ཀྱིས་ཟུར་བརྒྱན་ཏེ་དུས་ཡུན་རིང་པོར་ངག་རྒྱུན་ལ་གྲགས་ཤིང་ཡིག་ཐོག་ཏུ་འཁོད་པ་ཤ་སྟག་ཡིན་ཏེ།དེ་མིན་ན་བོད་སིལ་བུར་འཐོར་རྗེས་ཞང་ཞུང་གི་རྒྱལ་པོ་ཞིག་ད་དུང་བཏུལ་རྒྱུ་ཡོད་མི་སྲིད་པ་ཀུན་གྱིས་ཤེས་གསལ་ལྟར་ལ།མདོ་སྨད་ཀྱི་ཚོ་བའི་དཔོན་པོ་ཞིག་གིས་རྒྱ་གར་རྒྱ་ནག་ཀྱང་བཏུལ་ཐུབ་དང་མི་ཐུབ་བློ་རྣལ་དུ་ཕབ་ནས་བསམ་པ་ཙམ་གྱིས་གོ་ཐུབ་པ་ཡིན་ནོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1