༄༅། །གུར་ནག་རྩེ་རྒྱལ།

མི་གསལ། རྩོམ་སྒྲིག་པ། སྒྲོལ་མ་ཚེ་བརྟན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-25


ཧོར་གུར་ནག་ཤོག་གི་དམག་དཔོན་ཆེན་པོ་སྟེ། གེ་སར་གྱིས་ལ་དྭགས་པས་བཙན་འཛུལ་བྱས་པའི་རྟ་དམར་དང་སྦེ་ར་ལ་རོགས་རམ་བྱེད་པའི་ཆེད་དུ་ལ་དྭགས་ལ་འཐབ་འཁྲུག་བརྒྱབ། གུར་ནག་རྩེ་རྒྱལ་ཡང་ཧོར་གྱི་དམག་དཔོན་ཤན་པ་རེ་རུ་རྩེའི་རྗེས་སུ་འབྲངས་ནས་ལ་དྭགས་ལ་འཐབ་འཁྲུག་རྒྱག་པའི་མནའ་མཐུན་དམག་གྲས་སུ་ཞུགས། ལ་དྭགས་ལ་འཁྲུག་པ་རྒྱག་པའི་སྐབས་སུ་ལ་དྭགས་ཀྱི་དམག་དཔོན་དབང་ཁྲི་སེང་གེས་གུར་ནག་རྩེ་རྒྱལ་བསད་པ་རེད།

    ཁ་ཆེ་གཡུ་རྫོང་།

    སྒྲུང་ཡིག་འདི་ལ་སྟོད་ཆ། བར་ཆ། སྨད་ཆ་སྟེ་ཚན་པ་གསུམ་ཡོད། ཚིགས་ལྷུགས་མ་བརྩིས་ན། ཚིགས་བཅད་5894ཡོད། ནང་དོན་རགས་རིམ་པ་ནི་ཁ་ཆེའི་རྒྱལ་པོ་ཁྲི་བརྟན་གྱིས་བལ་བོ་སོགས་རྒྱལ་ཁམསཆུང་ངུ་འགའ་ཞིག་དབང་དུ་བསྡུས་རྗེས། ཁེངས་དྲེགས་ཆེས་ཆེར་གྱུར། གེ་སར་ནི་འགྲན་ཟླ་མེད་པའི་དཔའ་བོ་ཆེན་པོ་ཞིག་ཡིན་པ་ཐོས་རུང་སྙིང་ནས་ཁས་ལེན་མ་བྱས་པར། གླིང་ཡུལ་ལ་དམག་དྲངས། གླིང་གིས་རང་སྲུང་མི་བྱེད་ཀ་མེད་དུ་གྱུར་པས་འཐབ་འཁྲུག་བརྒྱབ་ཅིང་། ཁ་ཆེའི་དམག་གིས་ཕམ་ཁ་ཆེན་པོ་ཁུར། མཐར་གེ་སར་རྒྱལ་པོ་སྐུ་དངོས་གཡུལ་འཁྲུག་ཏུ་ཞུགས་ཏེ་ཁ་ཆེའི་ཡུལ་དུ་ཕེབས་ནས་ཁྲི་བརྟན་རྒྱལ་པོ་དུམ་བུར་གཤགས། ཁ་ཆེས་གླིང་ལ་མགོ་བཏགས་རྗེས་གེ་སར་རྒྱལ་པོས་ལྷ་མདའ་འཕངས་ཏེ་ཁ་ཆེ་གཡུ་རྫོང་གི་གཏེར་སྒོ་ཕྱེས་ཤིང་། གཡུ་རིགས་སྣ་ཚོགས་བླངས་ནས་མི་དམངས་ལ་གཡུ་འགྱེད་བཏང་རྗེས་ཕྱིར་རང་ཡུལ་དུ་ཕེབས་པ་རེད།

གུང་རྗེ་མེ་སྟག་མཚལ་ལུ།

ནུབ་སྟག་གཟིག་རྒྱལ་པོའི་བྱང་ཁྲི་སྡེ་ལྔའི་དཔོན་པོ་ཀླུ་ཕྲུག་ནེ་ལེ་ཐོད་དཀར་གླིང་གིས་བསད་རྗེས་བྱང་སྒོ་སྲུང་བའི་དམག་དཔོན་དུ་བསྐོས། ཁོའི་ཕ་ནི་བཙན་ལ་མ་ནི་བདུད་ཡིན་པས་མེ་སྟག་མཚལ་ལུ་ཟེར་བའི་མིང་དེ་ནས་ཐོགས། སྟག་ལིང་གཡུལ་འཁྲུག་བྱུང་སྐབས་ནུབ་སྟག་གཟིག་རྒྱལ་པའི་བཀའ་བཀོད་ལྟར་པོ་དང་ཁྲི་སྡེ་རྒོད་པོ་གཉིས་ཀྱིས་དམག་དཔོན་བཙན་ལྷ་རྡོ་རྗེ་ལ་དཔུང་རོགས་བྱས། འཇིགས་རུང་གཡུལ་འཁྲུག་ནང་དུ་ཁོས་གླིང་བློན་ངར་རྒོད་གསེར་ཚ་དཔུང་རིང་བཀྲོངས། ཕྱིས་སུ་སྔ་ཐོག་རུས་སྦལ་སྨུག་ཐང་དུ་ཤན་པ་མེ་རུ་རྩེ་དང་གདོང་ཐུག་ནས་ཤན་པས་མདུང་མོ་ལྕགས་རྩེ་རྣོན་པོའི་ངར་ལ་དྲངས་ནས་བསད་དོ། །

མེ་གླིང་གསེར་རྫོང་།

གཏམ་རྒྱུད་ཀྱི་ནང་དོན་ནི། གྲུ་གུའི་རྒྱལ་ཁམས་གེ་སར་གྱིས་དབང་དུ་བསྡུས་རྗེས་སུ་མེ་གླིང་རྒྱལ་པོས་གྲུ་གུ་གླིང་གི་ལག་ནས་ཕྱིར་འཕྲོག་འདོད་སྐྱེས་ནས་གླིང་ཡུལ་ལ་དམག་འཁྲུག་བརྒྱབ། མེ་གླིང་ལ་དྭགས་དར་བ་དང་དམག་མི་ཧྲག་མོ་ཡོད་སྟབས། གླིང་དམག་གིས་མ་དོ་བར་ཡོད་པ་ན་སྟེང་ལྷ་ཡི་ཡུལ་ནས་སྐྱེ་བ་བླངས་ཡོད་པའི་རྒྱ་ཚ་ཞལ་དཀར་མི་ཡུལ་དུ་གླིང་དམག་ལ་རྒྱབ་རོགས་བྱེད་པར་འོང་ནས་མེ་གླིང་གི་རྒྱལ་པོ་དེ་རྒྱ་ཚ་ཞལ་དཀར་གྱིས་བསད། མེ་གླིང་རྒྱལ་ཁམས་ཀྱིས་གླིང་ལ་མགོ་བཏགས། མེ་གླིང་གི་སྲས་ཆུང་བ་དེ་གེ་སར་རྒྱལ་པོས་སྟ་རེས་བརྒྱབ་ནས་མེ་གླིང་གི་གསེར་རྫོང་གཏོར། རྫོང་ནང་ནས་སངས་རྒྱས་ཀྱི་སྐུ་གཟུགས་དང་རིན་པོ་ཆེ་ཡི་རིགས་རྣམས་བླངས་ཏེ། མེ་གླིང་རྒྱལ་ཁམས་ལ་སངས་རྒྱས་ཀྱི་ཆོས་དར་བཅུག་པ་རེད།

འདན་མའི་ནས་རྫོང་།

འདན་མ་ནི་གླིང་གི་མངའ་འོག་གི་ཤོག་པ་ཞིག་རེད། འདན་མའི་དཔོན་པོ་ལྷ་སར་གནས་བསྐོར་བྱེད་པར་འགྲོ་སྐབས། བྱང་གེ་སར་ཡུལ་གྱི་དམག་དང་འཕྲད། བྱང་གེ་སར་གྱི་ཆུང་མ་བཙན་འཕྲོག་བྱེད་པའི་ཆེད་དུ། བྱང་གེ་སར་ལ་མདའ་འཕངས་ནས་བསད། དེའི་ཆུང་མས་རང་སྲོག་བཅད། དོན་འདི་ལ་གླིང་གི་སྤྱི་དཔོན་ཨ་མྱེ་ཁྲ་རྒན་གྱིས་གཟུ་བཤད་ནས་འདན་མའི་དཔོན་པོ་ལྷ་སར་གནས་བསྐོར་འགྲོ་ནས་ལས་ཉེས་བཤགས་རྒྱུའི་ཐག་བཅད། འདན་མའི་དཔོན་པོས་ཚ་ཞང་འདན་མ་བྱང་ཁྲ་གླིང་ལ་བདའ། དེའི་རྗེས་འདན་མའི་དཔོན་པོ་ལྷ་སར་ཤི། འདན་མ་བྱང་ཁྲས་གླིང་ལ་འོང་རྒྱུའི་རེ་བ་ཞུས་ཀྱང་འདན་མའི་དཔོན་པོས་གླིང་ལ་འོང་མ་བཅུག་སྟབས། གླིང་འདན་གཉིས་ཀྱི་བར་ལ་འཐབ་འཁྲུག་བྱུང་། འདན་མ་བྱང་ཁྲ་གླིང་གི་དམག་དཔོན་དུ་གྱུར་པར་མ་ཟད། འདན་མའི་ནས་རྫོང་གི་དཔོན་པར་གྱུར། སྒྲུང་ཡིག་འདི་ལ་ཚིགས་བཅད་6922ཡོད།

སྟག་གཟིག་ནོར་རྫོང་།

སྟག་གཟིག་ནོར་རྫོང་ནི་ཚིག་ལྷུག་མ་བརྩིས་པར་ཚིགས་བཅད་རྐྱང་པ་1144ཡོད་ཅིང་། བདུད་ཧོར་འཇའ་མོན་བཅས་བཏུལ་རྗེས་ཀྱི་གཡུལ་འགྱེད་ཆེན་པོ་ཞིག་རེད། འདིའི་འཁྲུག་གཞི་ནི་ཁྲོ་ཐུང་གིས་སྟག་གཟིག་གི་རྟ་མཆོག་ཁྱུང་སྒོང་ཅན་གསུམ་པོ་དེ་བརྐུས་པས། སྟག་གཟིག་གིས་དམག་དྲངས་ཏེ་སྟག་རོང་གི་ས་ཆ་བཟུང་བ་ན་ཁྲོ་ཐུང་གིས་གེ་སར་ལ་རྒྱབ་ནོན་བྱེད་རོགས་ཞེས་ཞུས་ཏེ། གླིང་དམག་གིས་རྒོལ་འཛིང་བྱས་མཐར། སྟག་གཟིག་རྒྱལ་པོ་བསད། ནོར་གྱི་རྫོང་སྒོ་ཕྱེ། རྟ་ནོར་ལུག་གསུམ། གསེར་དངུལ་དར་ཟབ་སོགས་ཀྱི་གཏང་མ་ནང་དུ་བླངས་པའི་སྒྲུང་གཏམ་ཞིག་གོ། །

སྟག་གཟིག་ནོར་འགྱེད།

སྟག་གཟིག་ནོར་འགྱེད་ནི། སྟག་གཟིག་ནོར་རྫོང་གི་སྨད་ཆའི་སྐོར། གེ་སར་རྒྱལ་པོས་སྟག་གཟིག་རྒྱལ་ཁབ་བཏུལ་རྗེས་སུ། ནོར་རྫོང་གི་སྒོ་ཕྱེས་ནས་མི་རྣམས་ལ་ནོར་འགྱེད་བཏང་བའི་གོ་རིམ་གྱི་རྟོགས་བརྗོད་ཅིག་རེད། ཚིགས་ལྷུགས་མ་བརྩིས་ན་ཚིགས་བཅད་རྐྱང་པ་1124ཡོད།

མི་ནུབ་དར་རྫོང་།

མི་ནུབ་རྒྱལ་ཁབ་ལ་རྒྱལ་མོ་ཆེ་ཆུང་གཉིས་ཡོད། རྒྱལ་མོ་ཆེ་བས་མི་ནུབ་བར་བ་དང་མི་ནུབ་སྨད་མར་དབང་བསྒྱུར་བ་དང་རྒྱལ་མོ་ཆུང་བས་མི་ནུབ་གོང་མར་དབང་བསྒྱུར་ཡོད། གླིང་གིས་སྦེ་ར་ལུག་རྫོང་དབང་དུ་བསྡུས་རྗེས་སུ། རྒྱལ་མོ་ཆེ་བ་དར་ལི་སྒྲོན་གྱིས་སྦེ་རའི་ཆེད་དུ་གླིང་ལ་འཁོན་ལན་སློག་རྒྱུའི་གྲ་སྒྲིག་བྱས། རྒྱལ་མོ་ཆུང་བ་ལྷ་ཀླུ་སྒྲོན་གྱིས་གླིང་ལ་མཐུན་སྒྲིལ་བྱེད་རྒྱུའི་གྲ་སྒྲིག་བྱས། དེ་ནས་ནང་འཛིང་བྱུང་། རྒྱལ་མོ་ཆེ་བ་དེ་མི་ནུབ་སྟོད་ལ་བྲོས། རྒྱལ་མོ་ཆུང་བས་གེ་སར་རྒྱལ་པོར་གཡུལ་འཁྲུག་རྒྱག་རོགས་ཞུས། གེ་སར་རྒྱལ་པོ་དངོས་སུ་མི་ནུབ་གོང་མར་བྱོན་ནས་གཡུལ་འཁྲུག་བརྒྱབ་ཏེ་རྒྱལ་མོ་ཆེ་བ་དེ་བསྒྲལ། མི་ནུབ་རྒྱལ་ཁམས་ལ་བདེ་སྐྱིད་ཀྱི་ཉི་མ་འཆར་བར་བཅུག་པ་རེད་སྒྲུང་ཡིག་འདི་ལ་ཚིགས་ལྷུགས་མ་བརྩིས་ན་ཚིགས་བཅད་7248ཡོད།

མུ་གུའི་དྲེལ་རྫོང་།

སྟོད་ཆ། བར་ཆ། སྨད་ཆ་སྟེ་དུམ་པ་གསུམ་ཡོད་རྩོམ་པ་པོ་ཚེ་དབང་རྡོ་རྗེ་ཡིན། ཚིག་ལྷུགས་མ་བརྩིས་ན། ཚིགས་བཅད་10013ཡོད། ནང་དོན་ནི། གླིང་གི་རྒྱལ་སྲས་དགྲ་བླ་རྩེ་རྒྱལ་རྒྱ་ཡུལ་རྒྱའི་ཀུང་ཇོ་བསུ་བར་མུ་གུའི་ཡུལ་བརྒྱུད་དུས། མུ་གུའི་རྒྱལ་པོ་ཉི་མ་བཙན་རྒྱལ་གྱིས་ལམ་ལ་འགྲོ་མ་བཅུག་པར་ཕྱོགས་གཉིས་ཀའི་བར་ལ་འཐབ་འཁྲུག་བྱུང་། མུ་གུའི་དམག་གིས་ཕམ་ཁ་འཁུར་མོད། འོན་ཀྱང་ས་བཙན་པའི་རྐྱེན་གྱིས་དགྲ་བླ་རྩེ་རྒྱལ་འགྲོ་ཐབས་མ་འགྲིག་པར་གེ་སར་རྒྱལ་པོར་སྙན་ཞུ་ཕུལ། གེ་སར་བྱོན་ནས་ཁོང་གིས་རལ་གྲི་གཡུགས་ཏེ་ཉི་མ་བཙན་རྒྱལ་གཤགས་པར་མ་ཟད། དྲེལ་རྫོང་གི་བྲག་སྒོ་མདས་གཏོར་ཏེ་དྲེའུ་མང་པོ་ཕྱི་ལ་མངགས་ནས་ཕྱིར་གླིང་ཡུལ་ལ་དེད་འོངས་པ་རེད།

འཁྲུངས་གླིང་མེ་ཏོག་ར་བ།

སྒྲུང་ཡིག་འདི་ལ་ལེའུ་དྲུག་ཡོད་ཅིང་། ཚིགས་ལྷུགས་མ་བརྩིས་ན་ཚིགས་བཅད་2477ཡོད། ནང་དོན་གཙོ་བོ་ནི་གེ་སར་རྒྱལ་པོ་གླིང་ནས་འཁྲུངས་རྗེས་སུ། ཕྱོགས་བཞིའི་དགྲ་དང་བདུད་ཀྱི་དཔུང་གིས་ཁྲ་མོ་གླིང་ལ་གནོད་འཚེ་བཏང་སྟེ་གེ་སར་རྒྱལ་པོ་སྐུ་ན་ཕྲ་དུས་སུ་དགྲོང་རྩིས་བྱས། འོན་ཀྱང་གེ་སར་རྒྱལ་པོས་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་ཕྱོགས་བཞིའི་དགྲ་དང་བདུད་ཀྱི་དཔུང་རྣམས་ལ་འཐབ་འཛིང་བྱས་ཤིང་། གཡུལ་ལས་རྣམ་པར་རྒྱལ་བའི་རྒྱལ་རྔ་བརྡུངས་ཏེ་རྨ་ཡུལ་ཕྱུག་མོའི་ས་བཟུང་བའི་ལོ་རྒྱུས་ཀྱི་སྒྲུང་ཡིག་ཅིག་རེད།

ཧོར་གླིང་གཡུལ་འགྱེད།

ཧོར་ཚུར་འདུལ་དང་ཧོར་ཕར་འདུལ་ཏེ་སྟོད་ཆ་སྨད་ཆ་གཉིས་ཀར་ལེའུ་42ཡོད་པར་ཚིག་ལྷུགས་མ་བརྩིས་ན། ཚིགས་བཅད་30421ཡོད། འདི་ནི་གེ་སར་སྒྲུང་ཡིག་གི་ནང་ནས་ཆེས་རིང་བ་དང་ནང་དོན་ཡང་ཆེས་ཕུན་སུམ་ཚོགས་པ་ཞིག་རེད། སྒྲུང་འདིར་འཁོད་པ་ལྟར་ན། གེ་སར་གྱིས་བྱང་ཕྱོགས་བདུན་གྱི་ཡུལ་དུ་མེ་བཟའ་འབུམ་སྐྱིད་དང་བདུད་བཟའ་ཨ་སྟག་ཀླུ་མོ་གཉིས་ཀར་དུས་རྟག་ཏུ་མཛའ་མཐུན་རྩེད་མོའི་དགའ་བདེ་ལ་རོལ་བའི་སྐབས་སུ། ཧོར་གུར་དཀར་རྒྱལ་པོས་གླིང་གི་ནང་རུལ་ཨ་ཁུ་ཁྲོ་ཐུང་ལ་ངན་འབྲེལ་བྱས་ནས་གེ་སར་རྒྱལ་པོ་གླིང་ན་བཞུགས་མེད་པའི་གོ་སྐབས་དང་བསྟུན་ཏེ་གླིང་ལ་ཧོར་དམག་དྲངས། གེ་སར་གྱི་ཕུ་བོ་རྒྱ་ཚ་ཞལ་དཀར་དང་ནུ་བོ་རོང་ཚ་གེ་འཕེན་དམར་ལེབ་གཉིས་ཀ་གཡུལ་དུ་བསད། འབྲུག་མོ་བཟུང་། སྤྱི་དཔོན་རོང་ཚ་ཁྲ་རྒན་ཕམ་པས་རི་ཁུག་ཏུ་གབ། ནང་ལ་ཁྲོ་ཐུང་གིས་གླིང་གི་རྒྱལ་སྲིད་འཕྲོགའབྲུག་མོས་ཁྲུང་ཁྲུང་ལ་འཕྲིན་ཡིག་བསྐུར་བས་གེ་སར་རང་ཡུལ་དུ་ལོག་སྟེ། ཁྲོ་ཐུང་ལ་ཆད་ཁ་བཅད་པ་དང་། ཁོང་གཅིག་པུ་ཧོར་ཡུལ་དུ་ཕེབས་ནས་ཧོར་གྱི་དམག་དཔོན་མང་བོ་བསྒྲལ། རྒྱལ་སྲས་དགྲ་ལྷ་རྩེ་རྒྱལ་གྱིས་ཀྱང་དམག་ཆེན་དྲངས་ནས་ཐོན། མཐར་ཧོར་གུར་དཀར་རྒྱལ་པོ་བསད། ཧོར་གྱི་ཤན་པ་མེ་རུ་རྩེས་གླིང་ལ་མགོ་བཏགས་པ་དེ་དང་འབྲུག་མོ་བཅས་ཁྲིད་ནས་ཕྱིར་རང་ཡུལ་ལ་ཐོན་པ་རེད།

ཁ་ཆེ་གཡུ་རྫོང་།

སྒྲུང་ཡིག་འདི་ལ་སྟོད་ཆ། བར་ཆ། སྨད་ཆ་སྟེ་ཚན་པ་གསུམ་ཡོད། ཚིགས་ལྷུགས་མ་བརྩིས་ན། ཚིགས་བཅད་5894ཡོད། ནང་དོན་རགས་རིམ་པ་ནི་ཁ་ཆེའི་རྒྱལ་པོ་ཁྲི་བརྟན་གྱིས་བལ་པོ་སོགས་རྒྱལ་ཁམས་ཆུང་ངུ་འགའ་ཞིག་དབང་དུ་བསྡུས་རྗེས། ཁེངས་དྲེགས་ཆེས་ཆེར་གྱུར། གེ་སར་ནི་འགྲན་ཟླ་མེད་པའི་དཔའ་བོ་ཆེན་པོ་ཞིག་ཡིན་པ་ཐོས་རུང་སྙིང་ནས་ཁས་ལེན་མ་བྱས་པར། གླིང་ཡུལ་ལ་དམག་དྲངས། གླིང་གིས་རང་སྲུང་མི་བྱེད་ཀ་མེད་དུ་གྱུར་པས་འཐབ་འཁྲུག་བརྒྱབ་ཅིང་། ཁ་ཆེའི་དམག་གིས་ཕམ་ཁ་ཆེན་པོ་ཁུར། མཐར་གེ་སར་རྒྱལ་པོ་སྐུ་དངོས་གཡུལ་འཁྲུག་ཏུ་ཞུགས་ཏེ་ཁ་ཆེའི་ཡུལ་དུ་ཕེབས་ནས་ཁྲི་བརྟན་རྒྱལ་པོ་དུམ་བུར་གཤགས། སླ་གླིང་ལ་མགོ་བཏགས་རྗེས་གེ་སར་རྒྱལ་པོས་ལྷ་མདའ་འཕངས་ཏེ་ཁ་ཆེ་གཡུ་རྫོང་གི་གཏེར་སྒོ་ཕྱེས་ཤིང་། གཡུ་རིགས་སྣ་ཚོགས་བླངས་ནས་མི་དམངས་ལ་གཡུ་འགྱེད་བཏང་རྗེས་ཡར་རང་ཡུལ་དུ་ཕེབས་པ་རེད།

རྒྱ་ཚ་ཞལ་དཀར་རྫོང་།

སི་ཁྲོན་ཞིང་ཆེན་སྡེ་དགེ་རྫོང་གི་ལྕགས་ར་ས་ཆ་ལྕགས་ར་ཁོངས་ཁམས་བོད་གཞུང་ལམ་འགྲམ་རོལ་གྱི་རི་ངོགས་ནས་ལྕགས་ར་བསམ་འགྲུབ་རྩེའི་དགོན་པར་རྒྱ་ཚའི་རྫོང་ཆགས་ཡོད། ད་ལྟའི་བར་དུ་གནའ་རབས་ཀྱི་རྫོང་ཞིག་རལ་དུ་གྱུར་པ་ལྔ་ཡོད་པར་ས་དེ་གས་རྒྱ་ཚ་ཞལ་དཀར་གྱི་རྫོང་ཞེས་འབོད། བཤད་རྒྱུན་ལ་རྫོང་འདི་ནི་གླིང་གི་དཔའ་རྟུལ་རྒྱལ་ཚ་ཞལ་དཀར་གྱིས་ཕྱི་ནས་འོང་བའི་བཙན་འཛུལ་བ་འགོག་རྒྱུར་འཛུགས་བསྐྲུན་བྱས། རྫོང་དེའི་ཉེ་འདབས་ན་ལྷ་ཁང་ཞིག་བཞེངས་ཡོད་པར་སྒོམ་པ་མོ་ལྔ་བཞུགས་ཤིང་དུས་རྟག་ཏུ་གེ་སར་དང་རྒྱ་ཚ་སྒོམ་གྱིན་ཡོད་སྐད།

གེ་སར་རྒྱལ་པོའི་བསང་ཁྲི།

མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གྱི་རྟ་བོའི་ཉེ་འགྲམ་ཨ་མྱེས་རྨ་ཆེན་གངས་རིའི་ཉེ་འདེབས་ཀྱི་རྟ་བོ་ཤང་དང་སྡོམ་ཁོག་ཤང་གི་ས་མཚམས་ན་བསང་གི་ཁ་ཟེར་བའི་ཉག་ཁ་ཞིག་ཡོད། ཉག་ཁ་དེར་རྡོ་ཕ་བོང་མང་པོ་ལས་བརྩིགས་པའི་བསང་ཁྲི་གྲུ་བཞི་མ་ཁང་མིག་གཅིག་གི་ཆེ་ཆུང་དང་མཉམ་པ་ཞིག་ཡོད། བཤད་སྲོལ་ལ་གླིང་ལ་འཐབ་འཁྲུག་དང་གནོད་འཚེ་བྱུང་བའམ། དུས་ཆེན་དག་གི་སྐབས་སུ་གེ་སར་སྐྱེས་བུ་ཆེན་པོས་བསང་ཁྲི་འདིའི་སྟེང་ལ་བསང་མཆོད་ཕུལ་ནས་ལྷ་དང་བླ་མ་མཆོད་དེ། གླིང་ལ་བདེ་འཇགས་འོང་བ་དང་འཚེ་བ་ཞི་བ་དང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་རྒྱུའི་སྐྱབས་འཇུག་ཞུ་བ་རེད། ས་འདིའི་མི་རྣམས་ཀྱིས་དེང་སང་ཡང་ས་མིང་ལ་བསང་ཁྲི་ཁ་ཞེས་འབོད། བསང་ཁྲིའི་འགྲམ་དུ་བཞུར་བའི་ཆུའི་མིང་ལ་བསང་ཆུ་དང་ལུང་བའི་མིང་ལ་བསང་ཁོག་ཅེས་འབོད་པ་རེད།

      ཁྲོ་ཐུང་རྫོང་།

སི་ཁྲོན་ཞིང་ཆེན་སྡེ་དགེ་རྫོང་གི་ཡིད་ལྷུང་ཁོག་ན་ཡོད། བཤད་སྲོལ་ལྟར་ན་ཡིད་ལྷུང་ས་ཆ་ནི་སྟག་རོང་ཁྲོ་ཐུང་གི་ཡུལ་བ་ཡིན་ཞིང་། ཁྲོ་ཐུང་ནས་གེ་སར་གྱིས་གླིང་གི་རྒྱལ་ས་མ་བཟུང་བའི་སྔོན་ལ། རང་ཉིད་ཀྱི་སྟོབས་ཤུགས་རྒྱ་བསྐྱེད་བྱེད་པའི་ཆེད་དུ་ག་ས་ག་ལ་རྫོང་མཁར་བརྩིགས་ནས་དམག་དཔུང་བསྡད་དེ་རང་ཉིད་ཀྱིས་གླིང་གི་རྒྱལ་ས་འཕྲོག་རྒྱུར་གྲ་སྒྲིག་བྱས། སི་ཁྲོན་ཞིང་ཆེན་ཙམ་དུ་མ་ཟད། བོད་ལྗོངས་ཀྱི་ཆབ་མདོ་རྫོང་། མཚོ་སྔོན་ཞིང་ཆེན་གྱི་དགའ་བདེ་རྫོང་གི་མཁོ་མདོ་ནའང་ཁྲོ་ཐུང་གི་རྫོང་ཟེར་བ་ཞིག་ཡོད། བཤད་སྲོལ་ལ་མཚོ་སྔོན་ཞིང་ཆེན་དགའ་བདེ་རྫོང་གི་ཁྲོ་ཐུང་རྫོང་བརྒྱུད་ནས་རྨ་ཆུའི་བརྒྱུད་དུ་ཡར་ས་ལེ་བར་བཅུ་ཙམ་སོང་ན་རྨ་ཆུར་རབ་ཁ་ཞིག་ཡོད། རབ་ཁ་དེ་ན་གནའ་སྔ་མོར་དབྱིབས་དང་རྣམ་པ་ངོ་མཚར་བའི་ཤིང་གྲུ་ཞིག་ཡོད། དེ་ནི་ཁྲོ་ཐུང་གིས་རྨ་ཆུ་བརྒལ་བྱེད་ཀྱི་གྲུ་བོ་ཡོན་པར་གྲགས།

    ཞང་ཞུང་མུ་ཏིག་རྫོང་།

ཁྲོ་ཐུང་གིས་ཞང་ཞུང་གི་ཚོང་བའི་དངོས་རྫས་མང་བོ་འཕྲོག་ཞང་ཞུང་རྒྱལ་པོས་ཀྱང་ཁྲོ་ཐུང་གི་ནོར་ལུག་རྣམས་དེད། དེའི་རྐྱེན་གྱིས་རྒྱལ་ཁབ་གཉིས་ཀྱི་བར་ལ་འཐབ་འཁྲུག་བྱུང་། ཁྲོ་ཐུང་དགྲས་བཟུང་རྗེས་སུ་གླིང་གི་ནང་གནས་རྣམས་དགྲ་ལ་བཤད་སྟབས། གླིང་དམག་རྣམས་ལ་ཅི་བྱ་འདི་བྱེད་མེད་པར་གྱུར་ནའང་མཐར་གེ་སར་རྒྱལ་པོས་ཞང་ཞུང་མུ་ཏིག་རྫོང་ལ་གླིང་དམག་དྲངས་པར་མ་ཟད། མདའ་འཕངས་ནས་ཞང་ཞུང་རྒྱལ་པོ་གཡུང་དྲུང་ལྷུན་གྲུབ་གྲགས་པ་བསད་པ་དང་། ཞང་ཞུང་མུ་ཏིག་རྫོང་ཕབ་པ་སོགས་ཀྱི་ལོ་རྒྱུས་རེད། སྒྲུང་ཡིག་འདི་ལ་ཚིགས་ལྷུགས་མ་བརྩིས་ན་ཚིགས་བཅད4356ཡོད།

སོག་པོ་ཁྲབ་རྫོང་།

གེ་སར་རྒྱལ་པོས་སོག་པོ་རྟ་རྫོང་ཕབ་རྗེས་སུ། སོག་པོ་ཁྲབ་རྫོང་ཕབ་པར་དམག་བསྐྱོད་བྱས། སོག་སྨད་མའི་རྒྱལ་སྲས་རིན་ཆེན་གྲགས་པས་རང་གི་མངའ་ཞིག་པ་རྣམས་ཁྲིད་ནས་རྒྱལ་པོ་གདན་དྲངས། རྒྱལ་པོས་འཐབ་འཁྲུག་བརྒྱབ་པས་མ་དོ་བར་གླིང་ལ་མགོ་བསྒུར་ཏེ། གོ་ཁྲབ་ཀྱི་མཛོད་སྒོ་ཕྱེས་ནས་དཔའ་བོ་རྣམས་ལ་གོ་ཁྲབ་དང་བུ་མོ་རྣམས་ལ་རྒྱན་ཆ་གནང་ནས་ཕྱིར་རང་ཡུལ་ལ་ཕེབས། དཔེ་ཆ་འདིའི་ཚིག་ལྷུགས་མ་བརྩིས་ན་ཚིགས་བཅད་8187ཡོད།

ཟི་ལིང་རྟ་རྫོང་།

གེ་སར་རྒྱལ་པོ་གླིང་གི་རྒྱལ་པོར་མ་བཞུགས་གོང་གི་དགུང་ལོ་བཅུ་གཅིག་གི་སྐབས་སུ། རྨ་སྨད་ལུང་མདོའི་རྩྭ་ཐང་གི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཆེད་དུ། ཟི་ལིང་དུ་ཕེབས་ནས་བདུད་དམ་ལ་བཏགས་པའི་གཏམ་རྒྱུད་སྒྲུང་དཔེ་ཅུང་ཟད་ཐུང་ངུ་ཞིག་རེད། ཚིགས་ལྷུགས་མ་བརྩིས་ན་ཚིགས་བཅད་1000མ་གཏོགས་མེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1