༄༅། །ཁམས་མི་ཉག་ཡུལ་གྱི་གནས་མཆོག

མི་གསལ། རྩོམ་སྒྲིག་པ། དབང་ཆེན།ཡོང་ཁུངས། ཁམས་པའི་འཛུམ་རིས། སྤེལ་དུས། 06-25




     གནས་མཆོག་དེ་ནི་ཨོ་རྒྱན་རྗེས་འབངས་ཉེར་ལྔའི་ནང་མཚན་བྲག་རི་ཐོག་མེད་ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་པོ་གླང་དར་མ་བགྲོངས་ནས་མདོ་ཁམས་ཕྱོགས་སུ་བྱོན་དུས་གནས་དེར་བཞུགས་ནས་གནས་སྒོ་ཐོག་མར་ཕྱེས་པས་ཕྱི་ལྟར་རྒྱལ་བ་རིག་གསུམ་མགོན་པོའི་གནས་དང་། ནང་ལྟར་རྡོ་རྗེ་ཕག་མོ། གསང་བ་རྒྱལ་བ་རིགས་ལྔའི་གནས་སུ་ངོས་བཟུང་ནས་གནས་སྒོ་ཕྱེས་ཏེ། དམ་སྲི་ཕོ་མོ་སོགས་བཏུལ་ནས་ངོ་མཚར་ཅན་གྱི་གྲུབ་རྟགས་ཡ་མ་ཟུང་མང་དུ་བསྟན་པ་ད་ལྟའང་མངོན་སུམ་མིག་གི་སྤྱོད་ལམ་དུ་མཐོང་རྒྱུ་ཡོད། ལྷ་ལུང་དཔལ་གྱི་རྡོ་རྗེས་མི་ཉག་སྟོད་སྨད་ནས་གནས་སྒོ་ཕྱེས་པའི་གནས་ཡུལ་མང་ཙམ་བཞུགས་ཀྱང་མཐར་ལྔ་བརྩེགས་གནས་ནས་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་པས་སྐུ་གདུང་དེར་བཞུགས་ཀྱང་རྗེས་སུ་བོད་སྡེ་པ་གཞུང་ནས་བོད་ལ་གདན་འདྲེན་བྱེད་སྐབས་ཁམས་མདོ་སྨད་ཡུལ་ནས་ཡར་མ་བསྐུར་བར་འདྲ་སྟོད་བྲག་ཐོག་དཔོན་གྱི་ཉེ་ཞབས་ཤེའུ་ཆུའི་འགྲམ་དུ་བཞུགས་པས་དུས་འགྱུར་ཟིང་ལོང་གི་སྐབས་ཤེའུ་ཆུའི་ནང་དུ་གཤེགས་པར་གྲགས་ཀྱང་ངེས་པ་མེད་པས་བརྟག་པར་བྱའོ།།
     གནས་རི་དེའི་གནས་ཤིང་རྣམས་བོད་ཀྱི་ཙན་དན་དཀར་པོ་ཞེས་སྨན་སྣ་ཡི་རྫས་སུ་ལེན་སྲོལ་ཡོད། གནས་དེར་ཁྲོ་ཟུར་དྷརྨ་བཛྲ་དང་ཉག་རོང་མཁན་པོ། བྱ་བྲལ་པད་མ་ནོར་བུ། བླ་མ་ཨ་པད། བླ་མ་ཀུན་བཟང་ཆོས་གྲགས་སོགས་སྐྱེས་ཆེན་དམ་པ་མང་པོ་བྱོན་མྱོང་ལ་བྱ་བྲལ་པད་མ་ནོར་བུ་དང་བླ་མ་ཨ་པད་གཉིས་ཕྱག་ནག་རྡོ་རྗེའི་གནས་རིར་བཞུགས་སྐབས་ལྷ་འདྲེས་ཆོ་འཕྲུལ་བརྩམས་པ་བླ་སློབ་གཉིས་ཀས་བཟློག་པ་དང་། སྒྲུབ་གནས་དེར་གྲུབ་རྟགས་བྲག་ལ་ཕུར་པ་བཏབ་པ་དང་གྲུབ་ཆུ་བྱུང་བ་ཤིང་ལ་ཕྱག་མདུད་མཛད་པ། གནས་མདུན་ལ་ལྷ་ཁང་བཞེངས་པ་སོགས་ཀྱི་མཛད་རྗེས་ད་ལྟའང་ཡོད།
     བོད་རབ་བྱུང་བཅུ་དྲུག་པའི་མེ་མོ་ལུག་ལོའི་བོད་ཟླ5བའི་ཚེས9ཉིན་གྱི་དུས་ཚོད་8ཐོག་གཞི་རི་བྲག་དཀར་ཞེས་པའི་རི་དེ་ཞིག་ནས་ཉག་ཆུ་ཉིན་ཞག་བདུན་ལྷག(ཉིན་ཞག་བཅོ་བརྒྱད་ཀྱང་ཟེར་སྲོལ་འདུག)བཀག་སྟེ། ཕོ་བྲང་ལྔ་བརྩེགས་ཀྱི་རྩེག་འོག་མའི་སྒྲུབ་ཕུག་དང་རང་བྱོན་རྣམས་དང་། ལྷ་ལུང་དཔལ་གྱི་རྡོ་རྗེའི་བཞུགས་གནས། བསྐལ་བ་མར་མེའི་མཆོད་རྟེན་སོགས་ཕལ་ཆེར་ཆུ་འོག་ཏུ་ནུབ། དེའི་རྗེས་སུ་བཀའ་དྲིན་གཞལ་ཐབས་མེད་པའི་མཆོག་སྤྲུལ་ལུང་རྟོགས་དང་བླ་མ་མཁས་གྲུབ། བླ་མ་བསོད་ནམས་བཟང་པོ་སོགས་ཀྱི་དྲིན་ལ་བརྟེན་ནས་སྐུ་གསུང་ཐུགས་རྟེན་ལེགས་པར་གྲུབ་བོ།།
     གནས་མཆོག་ཕོ་བྲང་ལྔ་བརྩེགས་ཀྱི་གནས་འདུས་ནི་སྦྲུལ་ལོ་ནམ་ཤར་དང་སྦྲུལ་ཟླ་ནམ་ཚེས་ཀྱི་དུས་ཡིན་ལ་ཕན་ཡོན་ནི་ཕྱག་སྐོར་བྱས་ཚད་ངན་སོང་སྐྱེ་སྒོ་གཅོད།། བཀུར་སྟི་བྱས་ཚད་མཐོ་རིས་གནས་སུ་སྐྱེས།། ཚོགས་འཁོར་ལན་གཅིག་བསོད་ནམས་ཚོགས་ཆེན་རྫོགས།། ཚོགས་འཁོར་ལན་གཉིས་ལས་ཀྱི་རྣམ་སྨིན་བྱང་།། ཚོགས་འཁོར་ལན་གསུམ་ཨོ་རྒྱན་པད་མ་བདག ། དངོས་ཉམས་རྨི་ལམ་བརྡ་ཡི་ཚུལ་དུ་མཇལ།། ཚོགས་འཁོར་བརྒྱ་རྩས་མཁའ་སྤྱོད་གནས་སུ་སྐྱེ།། མཆོག་ཐོབ་འདོད་ན་རྩེ་གཅིག་སྒྲུབ་པས་འགྲུབ།། འབྲེལ་ཚད་དོན་ལྡན་གནས་མཆོག་ཨེ་མ་ཧོ།། ཞེས་གསུངས་པ་ལྟར་རོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1