པ་ཀི་སི་ཐན་དུ་བསྟུད་མར་ཉིན་བཞིའི་རིང་ཚ་ཚད་ཆེན་པོ་འཕྱུར་ནས་མི་གྲངས་800ལྷག་རྐྱེན་ལམ་དུ་ཤོར་འདུག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-26



            སྤྱི་ཟླ་6པའི་ཚེས་25ཉིན། པ་ཀི་སི་ཐན་གྱི་དགེ་རྩ་ཚོགས་པ་ཞིག་གིས་གནས་ཚུལ་སྤེལ་བ་ལྟར་ན། པ་ཀི་སི་ཐན་གྱི་ལྷོ་ཕྱོགས་གྲོང་ཁྱེར་ཁ་ལ་ཆི་རུ་བསྟུད་མར་ཉིན་བཞིའི་རིང་ཚ་ཚད་ཆེན་པོ་འཕྱུར་ནས་ས་གནས་སྡོད་དམངས་780ལས་བརྒལ་བ་ཞིག་རྐྱེན་ལམ་དུ་ཤོར་ཡོད་ཅིང་། མི་གྲངས་1000ལྷག་སྨན་ཁང་དུ་སྐྱེལ་དགོས་བྱུང་ཡོད། ད་རེས་ཀྱི་ཚ་ཆེན་འདིའི་གནོད་སྐྱོན་ལས་གཡོལ་ཆེད། པ་ཀི་སི་ཐན་སྲིད་གཞུང་གིས་ཁ་ལ་ཆི་གྲོང་ཁྱེར་གྱི་ལས་ཁུངས་ཚང་མར་ངལ་གསོ་དགོས་པའི་བཀའ་རྒྱ་བཏང་ཞིང་། མི་ཚང་མ་རང་རང་གི་ཁྱིམ་དུ་བསྡད་ནས་ཚ་གཡོལ་བྱ་དགོས་པར་བསྒྲགས་འདུག

           གནས་ཚུལ་སྤེལ་བ་ལྟར་ན། ཁ་ལ་ཆི་གྲོང་ཁྱེར་ནི་པ་ཀི་སི་ཐན་གྱི་དངུལ་རྩའི་གྲོང་ཁྱེར་དང་གྲུ་ཁ་ཆེ་ཤོས་དེ་ཡིན་ལ། རྒྱལ་ཁབ་འདིའི་མ་རྐང་འཛིན་ཤོག་གི་ཁྲོམ་ར་གཙོ་བོ་དང་ཀྲུང་དབྱང་དངུལ་ཁང་གི་གནས་ཡུལ་བཅས་ཡིན་འདུག དེ་མིན་མི་གྲངས་ཁྲི་2000ལྷག་ཡོད་པའི་གྲོང་ཁྱེར་ཆེན་པོ་འདི་རུ་གཟའ་འཁོར་སྔོན་མ་ནས་བཟུང་དྲོ་ཚད་ལ་ཧྲའེ་ཧྲི་ཏུའུ་45ཡིན་པའི་ཚ་ཚད་ཆེན་པོ་བྱུང་ཞིང་། སྤྱིར་བཏང་མི་རྣམས་ཀྱིས་བཟོད་དཀའ་བའི་ཚད་པ་འདི་འདྲ་ཉིན་བཞིའི་རིང་མཚམས་མ་ཆད་པར་མ་ཟད། ས་གནས་གནམ་གཤིས་ཁང་གིས་སྔོན་དཔག་བྱས་པའི་ཆར་པའང་དུས་སུ་མ་བབས་པས་མི་རྣམས་ཚ་བས་ཉེན་པའི་གནས་སུ་བསྐྱལ་ཡོད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1