ཀྲུང་གོ་ཆུ་ཆེན་ཞང་ཞུང་བོན་ཆོས་རིག་གནས་བགྲོ་གླེང་ཚོགས་འདུ་ལྷོ་ནུབ་མི་རིགས་སློབ་ཆེན་དུ་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 06-29


         ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་དང་། ལྷོ་ནུབ་མི་རིགས་སློབ་ཆེན། སི་ཁྲོན་ཞིང་ཆེན་མི་རིགས་ཆོས་ལུགས་དོན་གཅོད་ཁང་གི་མི་རིགས་ཞིབ་འཇུག་ཁང་། རྔ་བ་ཁུལ་ཆུ་ཆེན་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་སྒྲུབ་བྱས་པའི་ཀྲུང་གོ་ཆུ་ཆེན་ཞང་ཞུང་དང་བོན་ཆོས་རིག་གནས་བགྲོ་གླེང་ཚོགས་འདུ་དེ་2015ལོའི་ཟླ་6པའི་ཚེས་26ཉིན་ལྷོ་ནུབ་མི་རིགས་སློབ་ཆེན་དུ་སྤེལ། པེ་ཅིང་དང་བོད་ལྗོངས། མཚོ་སྔོན། སི་ཁྲོན་སོགས་ས་ཁུལ་ནས་ཕེབས་པའི་བོད་རིག་པའི་ཞིབ་འཇུག་ཆེད་རམས་པ་50ལྷག་ཐེངས་འདིའི་ཚོགས་འདུར་ཞུགས།

     ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་གཙོ་དོན་ནི་བགྲང་ལོ་སྟོང་ནས་བརྒྱུད་པའི་ཁྱད་མཚར་བའི་ཞང་ཞུང་གི་དཔལ་ཡོན་འཚོལ་ཉུལ་བྱས་ཏེ། འགྲན་མེད་སྲིད་ན་ཁྱབ་པའི་བོན་ཆོས་རིག་གནས་དར་སྤེལ་གཏོང་ཞེས་པ་དེ་ཡིན་ལ། འགོ་ཚུགས་མཛད་སྒོ་འཚོགས་རྗེས་སུ་ཆེད་རམས་པ་ཡོངས་རྫོགས་ཆུ་ཆེན་རྗོང་དུ་ཕེབས་ཏེ་ཡུལ་དངོས་སུ་ཞང་ཞུང་དང་བོན་ཆོས་རིག་གནས་ཀྱི་རྗེས་ཤུལ་ལ་གཟིགས་ཞིབ་གནང་། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་སྤེལ་བའི་དམིགས་ཡུལ་གཙོ་བོ་ནི་ཆུ་ཆེན་གྱི་ཟབ་ཅིང་རྒྱུན་རིང་བའི་བོན་ཆོས་རིག་གནས་ཀྱི་ཐོན་ཁུངས་ལ་བརྟེན་ནས་གནའ་བོའི་ཞང་ཞུང་གི་དཔལ་ཡོན་དང་རྒྱལ་རོང་རིག་གནས་ཀྱི་འབྲེལ་བ་གསེད་བཀྲོལ་བགྱིས་ཏེ་ཆུ་ཆེན་གྱི་གནའ་བོའི་མོ་བཟའ་རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱི་བྱུང་རབས་ལ་ཞིབ་འཇུག་བྱས་ཏེ་གནའ་བོའི་ཞང་ཞུང་རིག་གནས་ཁྱབ་ཁོངས་ས་ཁུལ་གྱི་ཞིབ་འཇུག་ལས་ཀར་མི་མཐུད་དུ་ཤུགས་སྣོན་བྱ་བར་སྐུལ་སྤེལ་དང་། ཀྲུང་ཧྭ་མི་རིགས་གནའ་བོའི་རིག་གནས་ཀྱི་དགོངས་དོན་དེ་བས་ཕུན་སུམ་ཚོགས་པ། ཕུལ་དུ་བྱུང་བའི་ལོ་རྒྱུས་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏང་རྒྱུ་བཅས་རེད།


         མཛད་སྒོའི་ཐོག་ཏུ།  ལྷོ་ནུབ་མི་རིགས་སློབ་ཆེན་དང་ཆུ་ཆེན་རྗོང་གཉིས་ཀྱིས་སློབ་ཁུལ་མཉམ་འབྲེལ་གྲོས་མཐུན་ཡིག་ཆའི་སྟེང་དུ་མིང་རྟགས་འགོད་པ་དང་། སི་ཁྲོན་ཞིང་ཆེན་མི་རིགས་ཆོས་ལུགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་མི་རིགས་ཞིབ་འཇུག་ཁང་དང་ཆུ་ཆེན་རྫོང་གཉིས་ཀྱིས་རྗེས་ཕྱོགས་སུ་བོན་ཆོས་རིག་གནས་ཞིབ་འཇུག་རྟེན་གཞི་མཉམ་འབྲེལ་མཉམ་འཛུགས་བྱ་རྒྱུ་ཡིན་པར་མ་ཟད་སྒོ་བྱང་གནང་།

           རྒྱུས་ལོན་བྱུང་བ་ལྟར་ན། ཆུ་ཆེན་རྫོང་གི་ད་དུང་གོམ་གང་མདུན་སྤོས་ཀྱིས་ཞང་ཞུང་དང་བོན་ཆོས་རིག་གནས་ཀྱི་སྲུང་སྐྱོང་དང་རྒྱུན་འཛིན། དར་སྤེལ། བེད་སྤྱོད་བཅས་ལ་དམིགས་ཏེ་《ཆུ་ཆེན་གྱི་ཞང་ཞུང་དང་བོན་ཆོས་རིག་གནས་སྲུང་སྐྱོང་རྒྱུན་འཛིན་འཆར་འགོད།》གཏན་འབེབས་བྱ་རྒྱུ་དང་། རྒྱལ་ནང་དང་བོད་ཁུལ་དུ་གཞི་རིམ་གྱི་ཆེས་ཐོག་མའི་ཞང་ཞུང་དང་བོད་ཆོས་རིག་གནས་ལས་ཀར་སྐུལ་སྤེལ་གཏོང་བའི་སྲིད་གཞུང་གི་སྡེ་ཁག་བཙུགས་པ། ཞང་ཞུང་རིག་གནས་ཞིབ་འཇུག་རྟེན་གཞི་འཛུགས་སྐྲུན། མོ་བཟའ་རིག་གནས་དངོས་མང་བཤམ་སྟོན་ར་བ་བསྐྲུན་པ། བོན་ཆོས་རིག་གནས་ཀྱི་ཁྱད་ཆོད་ལྡན་པའི་མཛེས་ལྗོངས་ས་ཁུལ་གསར་སྤེལ། ཞང་ཞུང་དང་ཤར་ཕྱོགས་བུད་མེད་རྒྱལ་ཁབ་བརྗོད་བྱ་བྱས་པའི་3D གློག་བརྙན་《ཤར་ཕྱོགས་ཀྱི་བུད་མེད་རྒྱལ་ཁབ》ཅེས་པ་བསྟན་རྒྱུ། ཀྲུང་གོ་ཆུ་ཆེན་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྤེལ་བ་སོགས་གལ་ཆེ་བའི་བྱེད་སྟངས་རབ་དང་རིམ་པ་སྤེལ་རྒྱུ་རེད། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1