སྙན་ངག་པ་ཁ་བ་སྙིང་ལྕགས་གསེར་ཉ་སྲུང་སྐྱོབ་ཀྱི་ཆེད་དུ་མཚོ་སྔོན་པོའི་ཁ་ནས་རྐྱེན་ལམ་དུ་ཤོར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-29


 

   སྤྱི་ཟླ་6པའི་ཚེས་26ཉིན་གྱི་དགོང་མོའི་དུས་ཚོད་7དང་སྐར་མ་30ཡི་སྟེང་། བོད་ཀྱི་ན་གཞོན་རྩོམ་པ་པོ་ཁ་བ་སྙིང་ལྕགས་མཚོ་སྔོན་གུང་ཧོ་རྫོང་མཚོ་སྔོན་པོའི་ཅང་སི་སྟེ་ཁོའི་ཕ་ཡུལ་ནས་མཚོ་སྔོན་པོའི་ནང་དུ་ཉ་རྒྱ་ལེན་པར་བསྐྱོད་སྐབས་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར།

            ཤེས་གསལ་ལྟར་ན། ཁ་བ་སྙིང་ལྕགས་དང་ཁོའི་གྲོགས་པོ་དག་གིས་མཚོ་སྔོན་པོའི་ནང་གི་ཉ་འཛིན་མཁན་གཉིས་བཀག་འགོག་བྱས་པ་དང་། ཕྱིར་ལོག་སྐབས་ཁོས་མཚོ་ནང་དུ་ད་རུང་ཉ་རྒྱ་ཡོད་པ་མཐོང་ནས་གཅིག་པུར་ཉ་རྒྱ་ལེན་དུ་སོང་ཞིང་། བསམ་ཡུལ་ལས་འདས་པ་ཞིག་ལ་མཚོ་ནང་དུ་སྨི་20ཙམ་ལ་སོང་མ་ཐག་ཆུ་དོང་ནང་ལྷུང་ནས་རྐྱེན་ལམ་དུ་ཤོར། ཁོའི་གྲོགས་པོས་སྙིང་ལྕགས་ཆུ་དོང་ནང་ལྷུང་རྗེས། ཁོ་དང་ཉ་འཛིན་མཁན་བསྡོམས་པས་མི་དྲུག་ཆུ་ནང་དུ་མཆོང་ནས་མྱུར་སྐྱོབ་བྱས་མོད། ཡིན་ཡང་ཆུ་རྩལ་མི་ལེགས་པའི་རྐྱེན་གྱིས་ཐེངས་དུ་མར་མྱུར་སྐྱོར་བྱས་ཀྱང་ཕན་མ་ཐོགས་ཞེས་བཤད།

           ཁ་བ་སྙིང་ལྕགས་ནི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་པ་དང་། བརྩམས་དེབ་ལ་དེ་སྔ་《འབུ་མེ་ལྕེབས།》ཞེས་པའི་ལྷུག་རྩོམ་གྱི་དེབ་ཅིག་པར་དུ་བསྐྲུན་ཅིང་། ད་ལོར་《འབུ་མེ་ལྕེབས།》ཞེས་པའི་བྱིས་སྒྲུང་ཞིག་པར་དུ་བསྐྲུན་པ་ལ་ཀློག་མཁན་གྱིས་དགའ་གུས་ཆེན་པོ་བྱེད་ཀྱིན་ཡོད།

          རྒྱུས་ལོན་པ་ལྟར་ན། དོན་རྐྱེན་བྱུང་རྗེས། ས་དེའི་མང་ཚོགས་མང་པོ་མ་སྐུལ་དང་ལེན་གྱིས་ཁོར་འདས་མཆོད་སྒྲུབ་པའི་ལས་སུ་ཞུགས་པ་དང་། ཁོ་ཚོས་ད་དུང་ཉིན་དུ་མར་རྗེས་དྲན་བྱ་འགུལ་རབ་དང་རིམ་པ་སྤེལ་རྒྱུ་རེད།   མིག་སྔར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་འདིར་བརྟག་དཔྱད་བྱེད་བཞིན་པའི་སྒང་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1