༄༅། །རང་རྒྱལ་གྱི་བཅའ་ཁྲིམས་ཀྱིས་མི་རིགས་ས་ཁུལ་གྱི་སློབ་གསོའི་ལས་དོན་དར་སྤེལ་གཏོང་བར་གཏན་འབེབས་གང་དག་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-30


    《མི་རིགས་མངའ་ཁོངས་རང་སྐྱོང་བཅའ་ཁྲིམས།》ཀྱི་དོན་ཚན་71པའི་གཏན་འབེབས་ལྟར།  རྒྱལ་ཁབ་ཀྱིས་མི་རིགས་རང་སྐྱོང་ས་གནས་ཀྱི་སློབ་གསོའི་གཏོང་སྒོ་ཆེ་རུ་གཏོང་བ་མ་ཟད།  ད་དུང་དམིགས་བསལ་གྱི་བྱེད་ཐབས་ལག་བསྟར་བྱས་ནས་མི་རིགས་རང་སྐྱོང་ས་གནས་ལ་ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་དང་སློབ་གསོའི་ལས་དོན་གཞན་དག་མགྱོགས་པོར་སྤེལ་རོགས་བྱས་ཏེ།  མི་རིགས་ཁག་གི་མི་དམངས་ཀྱི་ཚན་རིག་རིག་གནས་མཐོ་རུ་གཏོང་བ།

    རྒྱལ་ཁབ་ཀྱིས་མི་རིགས་མཐོ་རིམ་སློབ་གྲྭ་འཛུགས་ཤིང་།  མཐོ་རིམ་སློབ་གྲྭར་མི་རིགས་འཛིན་གྲྭ་དང་།  མི་རིགས་གྲ་སྒྲིག་འཛིན་གྲྭ།  ཆེད་དམིགས་སམ་གཙོ་བོ་གྲངས་ཉུང་མི་རིགས་ཀྱི་སློབ་མ་བསྡུ་ལེན་བྱེད་པ་མ་ཟད།  ད་དུང་དམིགས་འཛུགས་ཀྱིས་སློབ་མ་བསྡུ་བ་དང་དམིགས་འཛུགས་ཀྱིས་ལས་བགོའི་བྱེད་ཐབས་ལག་བསྟར་བྱེད་ཆོག  མཐོ་རིམ་སློབ་གྲྭ་དང་འབྲིང་རིམ་ཆེད་ལས་སློབ་གྲྭས་སློབ་མ་གསར་བ་བསྡུ་ལེན་བྱེད་སྐབས།  གྲངས་ཉུང་མི་རིགས་ཀྱི་རྒྱུགས་སྤྲོད་སློབ་གྲྭ་བ་བསྡུ་ལེན་དམིགས་ཚད་དང་ཆ་རྐྱེན་ཅུང་ཙམ་ལྷོད་དུ་གཏོང་བ།  མི་གྲངས་ཧ་ཅང་ཉུང་བའི་མི་རིགས་ཀྱི་རྒྱུགས་སྤྲོད་སློབ་གྲྭ་བ་ལ་དམིགས་བསལ་གྱི་ལྟ་རྟོག་གནང་བ།  རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་སློབ་གྲྭས་བྱེད་ཐབས་སྣ་མང་སྤྱད་ནས་ཁྱིམ་ཚང་དཔལ་འབྱོར་དཀའ་ངལ་ཅན་གྱི་གྲངས་ཉུང་མི་རིགས་ཀྱི་སློབ་མར་སྦྱོང་ཚན་འགྲུབ་རོགས་བྱེད་དགོས།

    རྒྱལ་ཁབ་ཀྱིས་མི་རིགས་རང་སྐྱོང་ས་གནས་སུ་མི་རིགས་ཁག་གི་དགེ་རྒན་གསོ་སྐྱོང་དང་སྦྱོང་བརྡར་བྱེད་རོགས་བྱེད་པ།  རྒྱལ་ཁབ་ཀྱིས་མི་རིགས་ཁག་གི་མི་རིགས་དགེ་རྒན་དང་འགན་བཞེས་ཆ་རྐྱེན་འཛོམ་པའི་མི་རིགས་ཁག་གི་མཐར་ཕྱིན་སློབ་མ་དག་མི་རིགས་རང་སྐྱོང་ས་གནས་སུ་སློབ་གསོའི་ལས་དོན་སྒྲུབ་པར་རྩ་འཛུགས་དང་སྐུལ་སློང་གཏོང་བ་མ་ཟད།  ད་དུང་ཁོ་ཚོར་དེ་དང་མཐུན་པའི་དམིགས་བསལ་ལྟ་སྐྱོང་སྟེར་བ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1