༄༅། །ཕག་པའི་གཉན་རིམས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-01



            སྤྱི་ལོ་ 2009ལོའི་ཕྱི་ཟླ་ 4པའི་ཚེས་ 29ཉིན་ནས་བཟུང་ལྷོ་ཨ་མེ་རི་ཀའི་མེག་སི་ཀོ་གྲོང་ཁྱེར་ནང་ཕག་པ་ལས་བྱུང་བའི་གཉན་རིམས་ཀྱིས་ཡུལ་མི་ 152 ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། མི་གྲངས་ 6000ལྷག་ལ་གཉན་རིམས་གདུག་རྩུབ་ཅན་དེ་ཕོག་ཡོད་པའི་གནས་ཚུལ་ཐོན་པ་དང་། ཉིན་ཤས་རིང་མགྱོགས་མྱུར་སྒོས་ཡམས་ཁྱབ་ཏུ་ཕྱིན་ཏེ་མེག་སི་ཀོ་ལས་གཞན་པའི་རྒྱལ་ཁབ་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་མི་ 45དང་། ཁ་ལེ་ཧྥོ་ནི་ཡའི་ནང་མི་ 11 ལྷག ཊ་ཀི་ས་སི་ནང་མི་ 6 ལྷག་བཅས་ཁྱོན་མི་ 66 ལ་ནད་ཡམས་འདི་ཕོག་ཡོད་ཚུལ་བརྗོད་འདུག་ལ། གཞན་ཁེ་ན་ཌའི་ནང་མི་ 13དང་། ནེའུ་ཛི་ལན་ཌིའི་ནང་མི་ 14 དབྱིན་ལན་ནང་མི་ 2 སི་པན་དུ་མི་ 2 ཨི་སི་རེལ་ནང་མི་ 2 ཧོང་ཀོང་ནང་མི་1 རྒྱ་ནག་ཧྲན་ཞི་ཞིང་ཆེན་གྱི་སློབ་གྲྭ་ཞིག་གི་དགེ་སློབ་ 60ལྷག་ལ་གཉན་རིམས་འདི་ཕོག་ཡོད་པའི་གནས་ཚུལ་ཐོན་ཡོད་པར་མ་ཟད། ད་དུང་གཉན་རིམས་འདི་འགོས་ཁྱབ་ཕྱིན་པའི་ས་ཁུལ་དང་མི་གྲངས་ཉིན་རེ་བཞིན་མགྱོགས་མྱུར་གྱིས་འགོས་འཕེལ་བཞིན་ཡོད་པ་རེད།

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ད་ལྟའི་ཆར་ཨོ་སི་ཊོ་ལི་ཡ་དང་། བྷར་ཛིལ། ཧྥ་རན་སི། ཆི་ལི། ཌེན་མག སུད་སི། ཨོ་སི་ཌི་རི་ཡ། ཀོ་ལིམ་བྷི་ཡ། འཇར་མན། ནོར་ཝེ། ཀོ་རི་ཡ། རྒྱ་གར། རྒྱ་ནག་སོགས་ནི་གཉན་རིམས་འདིའི་ཉེན་ཚབས་ཅན་གྱི་རྒྱལ་ཁབ་ཏུ་ངོས་འཛིན་བྱེད་བཞིན་ཡོད།

དཔྱད་གཞིའི་ཡིག་རིགས་ཁག་ནང་གསལ་བ་ལྟར་ན། ཕག་པའི་གཉན་རིམས་འདི་བཞིན་ཕྱི་ལོ་1918 ལོར་ཡོ་རོབ་ཀྱི་སི་པན་རྒྱལ་ཁབ་ནང་བྱུང་སྟེ་རིམ་གྱིས་འཛམ་གླིང་ནང་དར་ཁྱབ་ཀྱིས་མི་གྲངས་བྱེ་བ་གཉིས་ལྷག་རྐྱེན་འདས་སུ་ཕྱིན་པ་དང་། ཕྱི་ལོ་1968 ལོར་ཧོང་ཀོང་ནང་བྱུང་བ་དང་། སྐབས་དེར་འཛམ་གླིང་གི་མི་གྲངས་ས་ཡ་གཅིག་ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་རེད། གཉན་རིམས་འདིའི་རིགས་ཀྱིས་ལོ་རེར་འཛམ་གླིང་སྟེང་མི་གྲངས་ས་ཡ་གཉིས་ནས་བྱེ་བ་ལྔ་བར་གྱི་ཚེ་སྲོག་འཕྲོག་གིན་ཡོད་པས། རྒྱལ་སྤྱིའི་སྟེང་ཉེན་ཚབས་ཅན་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

 ཕག་པ་ལས་བྱུང་བའི་གཉན་རིམས་འདི་ནི་འགོས་ཁྱབ་སླ་བའི་ནད་ཡམས་སྡུག་ཤོས་ཀྱི་རིགས་ཤིག་ཡིན་པ་དང་། སྤྱིར་བཏང་གི་ནད་ཡམས་དང་མི་འདྲ་བའི་ནད་གཞི་ཞིག་རེད། འདི་མང་ཆེ་བ་བྱ་དེ་དང་ཕག་པ་སོགས་ཀྱི་སྟེང་ནས་ཚུར་མིའི་རིགས་ལ་འགོས་ཡོང་གི་ཡོད་པས། ང་ཚོས་སྲོག་ཆགས་འདིའི་རིགས་དང་འབྲེལ་གཏུགས་བྱ་མི་རུང་ཞིང་། གལ་སྲིད་བྱ་དེ་དང་ཕག་སོགས་ཀྱི་སྒང་ནས་ཐོན་པའི་གཉན་རིམས་འདིའི་ནད་དུག་མིའི་ལུས་སྟེང་ལ་ཕོག་ཚེ་དེས་མིའི་རིགས་ཀྱི་ཚེ་སྲོག་ལ་གནོད་པ་ཚབས་ཆེན་ཐེབས་བཞིན་ཡོད། ད་ལྟའི་ཆར་བོད་པའི་སྤྱི་ཚོགས་སུ་གཉན་རིམས་འདི་ཁྱབ་མེད་ནའང་རྒྱ་གར་དུ་ཁྱབ་ཟིན་པའི་གནས་ཚུལ་ཐོན་ཡོད་པར་མ་ཟད། བོད་མི་རྣམས་གང་སར་འགྲོ་འོང་དང་གནས་སྡོད་བྱེད་བཞིན་པའི་རྐྱེན་གྱིས། ང་ཚོར་ནད་ཡམས་འདི་ཕོག་མི་སྲིད་པ་དང་སླེབས་མི་སྲིད་པ་མིན་པས་ས་གནས་གཞན་ནས་འོངས་པའི་མི་ལ་དོགས་ཟོན་བྱ་རྒྱུ་གལ་ཆེན་དུ་མཐོང་ངོ་། །

 ནད་དུག་གམ་ནད་འབུ་ཕྲ་མོ།

 གཉན་རིམས་འདི་ནི་ནད་འབུ་ཕྲ་མོས་བསྐྱེད་ཅིང་། དེས་མིའི་ཁ་དང་སྣ། མགྲིན་པ། གློ་བ་སོགས་འཇུག་སྒོ་ཁག་བརྒྱུད་ནས་ལུས་ལ་གཉན་ཁ་རྒྱས་པ་དང་དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་སྲོག་ཉེན་ལ་འཕྲད་པའི་གནས་ཚུལ་ཐོན་བཞིན་ཡོད་ཅིང་། ད་ལྟའི་ཆར་ནད་གཞི་འདིར་གདེང་འཁེལ་བའི་སྨན་བཅོས་རྙེད་མེད་པར་མ་ཟད། སྔོན་འགོག་གི་ཁབ་ཀྱང་ཕག་པ་ལ་རྒྱག་པ་ལས་མི་ལ་སྔོན་འགོག་གི་སྨན་རྫས་རིགས་བཟོ་སྐྲུན་ཐུབ་མེད། གཉན་རིམས་འདིའི་ཁྱད་ཆོས་ཤིག་ནི་ནད་དུག་གམ་ནད་འབུ་ཕྲ་མོ་དེ་ཁ་དབུགས་བརྒྱུད་ནས་འགོས་ཁྱབ་འགྲོ་བཞིན་ཡོད་པས་ཚང་མས་ཡིད་གཟབ་བྱེད་དགོས་པ་དེ་ཡིན།

ནད་རྟགས།

 ནད་གཞི་འདི་ཕོག་རྗེས་གློ་སྐམ་རྒྱག་པ་དང་། ཚ་བ་འཕར་བ། མགོ་ན་བ། ཤ་རྒྱུས་ན་བ། མགྲིན་པ་སྐྲངས་པ། སྣ་འགག་པ། ལུས་ཉོབ་པ་དང་ཐང་ཆད་པ་སོགས་ནད་རྟགས་འབྱུང་བའི་སྟེང་། ད་དུང་ནད་རྟགས་གཞན་ཁག་ནི་མགོ་ཡུ་འཁོར་བ། ཐང་ཆད་པའི་སྣང་ཚུལ་འབྱུང་བ། ཟས་ཀྱི་དང་ག་འགག་པ། ལུས་མི་བདེ་བའི་ཚོར་སྣང་འབྱུང་བ། སྣ་ཆུ་འཛགས་པ། དབུགས་ཧལ་བ། རྔུལ་ནག་ཐོན་པ། ཞེ་མེར་ལངས་པ་སོགས་རྒྱུན་ལྡན་ཆམ་པའི་ནད་རྟགས་རྣམས་འབྱུང་བ་ཡིན།

ཕག་པའི་གཉན་རིམས་དེ་གློ་བུར་དུ་ཇི་ལྟར་བྱུང་བ།

སྲོག་ཆགས་རིགས་སྣ་ཚོགས་ཀྱིས་ཆམ་རིམས་ཀྱི་གཉན་སྲིན་རིགས་འདྲ་མིན་བསྐྱེད་ཚུལ།

 སྤྱིར་ཆམ་རིམས་ཀྱི་གཉན་སྲིན་ནི་དུས་ནས་དུས་སུ་འགྱུར་བ་ཕྱིན་ཏེ་མིའི་ལུས་པོའི་སྟེང་གནས་པའི་སྤྲི་དཀར་གཉན་འཇོམས་ཕྲ་གཟུགས་སྐྱེས་རྫས་ (Antigen) ཞེས་པ་དེར་འགྱུར་བ་གཏོང་གི་ཡོད། གཉན་སྲིན་གང་ཞིག་གལ་ཏེ་གཟུགས་པོའི་སྔོན་འགོག་མ་ལག་གིས་ཤེས་ཚོར་བྱུང་ཡོད་ཚེ་དེར་འགོག་སྲུང་བྱེད་པའི་ནུས་པ་ཅུང་ཟད་ལྡན་ཡོད། ཡིན་ཡང་གལ་ཏེ་གཉན་འཇོམས་ཕྲ་གཟུགས་སྐྱེད་རྫས་དེ་སྔོན་འགོག་མ་ལག་ནང་གསར་པ་ཡིན་ན་སྔོན་འགོག་གི་ནུས་པ་དེ་ཆེས་ཞན་དུ་འགྲོ་གི་རེད།

གཉན་སྲིན་ལ་འགྱུར་ལྡོག་འབྱུང་ཚུལ།

 ཆམ་རིམས་ཀ་པའི་གཉེན་སྲིན་དེ་རྒྱུ་ལམ་འདྲ་མིན་གཉིས་བརྒྱུད་ནས་འགྱུར་བ་ཐེབས་ཀྱི་ཡོད།

1. Antigenic drift ཞེས་གཉན་འཇོམས་ཕྲ་གཟུགས་སྐྱེད་རྫས་རང་ལ་འགྱུར་བ་ཆུང་ངུ་ཕྱིན་པ།2.Antigenic shift ཞེས་གཉན་སྲིན་གྱི་རིགས་མི་འདྲ་བ་གཉིས་སམ་དེ་ལས་མང་བ་ཕན་ཚུན་འདྲེས་པ་ལས་གཉན་སྲིན་རིགས་གསར་པ་ཞིག་འབྱུང་བ།

Antigenic drift ཞེས་པ་དེ་ཡིས་ལོ་ནས་ལོ་བར་ཆམ་རིམས་ལ་འགྱུར་ལྡོག་བཏང་བ་དེར་མིའི་སྔོན་འགོག་གི་ནུས་པས་ཆ་ཕྱེད་ཀ་ཙམ་སྔོན་འགོག་བྱེད་ཐུབ། དེ་ལས་ལྡོག་ཏེ་གཉན་སྲིན་རིགས་གསར་པ་ཨེ་ཆེ་ཝན་ཨེན་ཝན་ H1N1 ཞེས་པ་དེ་མེག་སི་ཀན་ (Mexican) གྱི་ཕག་པའི་ནང་ Antigenic shift བརྒྱུད་ནས་བྱུང་བ་ཞིག་ཏུ་ངོས་འཛིན་བྱས་ཡོད།

 ནད་ཡམས་འདིའི་མིང་ལ་ཕག་པའི་གཉན་རིམས་ཞེས་པ་ནི་ཕྲན་བུའི་ནོར་འཁྲུལ་དུ་སྣང༌། གང་ཡིན་ཟེར་ན་ཕག་པ་དང་བྱ། མི་བཅས་ཀྱི་རིགས་རྫས་ཀྱི་ཆ་ལས་བྱུང་བའི་ཆམ་རིམས་ཀྱི་སྲིན་འབུའི་རིགས་དུ་མ་ཕན་ཚུན་འདྲེས་སའི་ཁོག་མ་ལྟ་བུ་ནི་ཕག་པ་ཡིན་པར་ཡིད་ཆེས་བྱེད་ཀྱིན་ཡོད་པ་ལས་ནད་གཞི་འདི་ཕག་པ་ཁོ་ན་ལས་བྱུང་བ་ཞིག་མིན། མི་རྣམས་ཀྱི་གཟུགས་པོའི་ནང་གཉན་སྲིན་རིགས་གསར་པ་འདི་དང་འབྲེལ་བའི་གཉན་འཇོམས་ཕྲ་གཟུགས་སྐྱེད་རྫས་འགའ་ཡིས་གཉན་སྲིན་གསར་པ་དེར་རྒྱུས་མངའ་མེད་པར་བརྟེན་རིམས་ནད་འདི་ཡོངས་ཁྱབ་ཏུ་འགྲོ་བའི་ཉེན་ཚབས་ཆེན་པོ་ཡོད།

གཉན་སྲིན་འདི་མིར་འགོས་སྟངས།

གཉན་སྲིན་དེ་བཞིན་ཐོག་མར་ཕག་པ་ནས་མིར་འགོས་པ་དང་མི་ནས་མིའི་བར་ཡང་འགོས་ཁྱབ་ཏུ་འགྲོ་བའི་ནུས་པ་ལྡན་ཡོད་པར་བརྟེནའཕྲོད་བསྟེན་དང་འབྲེལ་བའི་ཚན་པ་ཁག་ནས་འདིར་དོ་སྣང་ཤུགས་ཆེར་གནང་བཞིན་ཡོད། གཉན་སྲིན་འདི་མི་ནས་མིར་འགོས་པའི་རྒྱུ་ལམ་ནི་ཆམ་རིམས་གཞན་དང་འདྲ་བར་གློ་རྒྱབ་པ་དང་སྦྲིད་པ་བྱུང་བ། གཉན་སྲིན་འགོས་ཁྱབ་སོང་ཟིན་པའི་གནས་ཇི་འདྲ་ཞིག་ལ་ཡང་རེག་པའི་རྐྱེན་གྱིས་འབྱུང༌། འོན་ཀྱང་གཉན་སྲིན་དེས་མིའི་གཟུགས་པོའི་ནང་ཇི་ལྟར་ལས་བྱེད་པ་སོགས་ནི་ད་ལྟའི་ཆར་བརྟག་དཔྱད་བྱེད་བཞིན་པ་ལས་ད་དུང་གསལ་པོ་ཆགས་མེད་པ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1