བྲག་འགོ་རྫོང་གིས་དམར་དམག་རྒྱང་བསྐྱོད་ལོ་འཁོར་བརྒྱད་ཅུ་ལོན་པའི་བྱ་འགུལ་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-25


         ཟླ7པའི་ཚེས་25ཉིན་གྱི་འཕྲིན་གསར། སྤྱི་ཟླ་7པའི་ཚེས་25ཉིན་དཀར་མཛེས་ཁུལ་བྲག་འགོ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་བྲག་འགོ་རྫོང་ཨུ་དྲིལ་བསྒྲགས་པུའུ་དང་རྫོང་རིག་གནས་ཡུལ་སྐོར་རྒྱང་བསྒྲགས་བརྙན་འཕྲིན་ལུས་རྩལ་ཅུས་གཉིས་ཀྱིས་འགན་དུ་བླངས་པའི་དམར་དམག་རྒྱང་བསྐྱོད་ལོ་འཁོར་80ལོན་པའི་རིག་རྩལ་བྱ་འགུལ་ཤ་ར་ཐང་གྲོང་རྡལ་ཉིན་མོ་སྡེ་བར་སྤེལ། ཐེངས་འདིའི་སྤྲོ་ཚོགས་སྟེང་སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་འགོ་གཙོ་ཧི་ཧྲི་ཕིན་དང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ་ཤེས་རབ་ཉི་མ། སི་ཁྲོན་སློབ་ཆེན་གྱི་ཆེད་མཁས་པ་ཧྲི་ཧྲོ་དང་ཧོ་ཝུས། བོད་རིག་པའི་ཆེད་མཁས་པ་ཏོའོ་ཡོན་པིན། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་དགེ་ལེགས་སོགས་རྒྱལ་ནང་གི་ཆེད་མཁས་པ་དང་དཀར་མཛེས་ཁུལ་དང་བྲག་འགོ་རྫོང་གི་འབྲེལ་ཡོད་འགོ་ཁྲིད། ཤ་ར་ཐང་སྡེ་བའི་སྡེ་མི་དང་ཕྱོགས་གཞན་ནས་ཕེབས་པའི་ལྟད་མོ་བ་སྟོང་ཕྲག་ལྷག་ཞུགས། ཐོག་མར་བྲག་འགོ་རྫོང་གི་རྫོང་དཔོན་དཔལ་ལྡན་གྱིས་ཐེངས་འདིའི་སྤྲོ་ཚོགས་སྟེང་ཕེབས་པའི་ཆེད་མཁས་པ་དང་འབྲེལ་ཡོད་འགོ་ཁྲིད་རེ་རེ་མཚམས་སྦྱོར་བྱས་ཤིང་བྲག་འགོ་རྫོང་རྫོང་ཨུ་ཧྲུའུ་ཅི་ཚེ་རིང་དབང་ལྡན་གྱིས་ཤིས་ཚིག་ཕུལ། 

     རིག་རྩལ་སྤྲོ་ཚོགས་ཀྱི་ཡུལ་དངོས། 

       ཐེངས་འདིའི་སྤྲོ་ཚོགས་སྟེང་དམར་དམག་རྒྱང་བསྐྱོད་བྲག་འགོ་བརྒྱུད་སྐབས་ཀྱི་འདྲ་པར་དང་བྲག་འགོའི་རང་བྱུང་མཛེས་ལྗོངས་མཚོན་པའི་འདྲ་པར་སོགས་འགྲེམ་སྟོན་བྱས། 

       སྤྱི་ལོ་1936ལོའི་ཟླ་3པའི་ཚེས་5ཉིན་ཀྲུང་གོ་བཟོ་ཞིང་དམར་དམག་ཕྱོགས་ཁག་བཞི་བ་དཀར་མཛེས་ཁུལ་བྲག་འགོ་རྫོང་དུ་ཐོན་ནས་གནས་ལོ་ཕྱེད་ཙམ་ལ་ངལ་གསོ་བྱས་པ་རེད། དུས་ཡུན་ལོ་ཕྱེད་ཀྱི་རིང་ལ་དམར་དམག་དང་ས་གནས་འདིའི་བོད་མི་རིགས་ཀྱི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་གསར་བ་ཞིག་བསྐྲུན་པ་རེད། 

 རིག་རྩལ་སྤྲོ་ཚོགས་ཀྱི་ཡུལ་དངོས། 

       དབྱར་ཟླ་དྲུག་པའི་ལྗང་མྱུག་གི་རླབས་ཕྲེང་དང་གཙང་ཆུ་སྔོན་མོའི་འགྱུར་ཁུགས་ཀྱི་སྙན་འཇེབས་དང་བསྡོངས་ཏེ་ཐེངས་འདིའི་རིག་རྩལ་བྱ་འགུལ་འཆམ་མཐུན་དང་འཕེལ་རྒྱས་མཚོན་པའི་ཞབས་བྲོ་ཞིག་གི་སྟངས་སྟབས་དང་འགྲོགས་ཏེ་དངོས་སུ་འགོ་བརྩམས་ཤིང་།  མི་རིགས་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་དམངས་གླུ་དང་གླུ་དབྱངས། བོད་མི་རིགས་ཀྱི་བློ་སྤོབས་མཚོན་པའི་དམངས་ཁྲོད་ཞབས་བྲོ།  གཞན་ད་དུང་སྙན་ངག་གྱེར་འདོན་དང་ན་ཆུང་བྱིས་པའི་རིག་རྩལ་འཁྲབ་སྟོན་གྱིས་རྒྱ་ཆེ་བའི་ལྟད་མོ་བའི་མིག་དབང་ཅིག་ཅར་འཕྲོག 

   རིག་རྩལ་སྤྲོ་ཚོགས་ཀྱི་ཡུལ་དངོས། 

       སྙན་མོ་ངག་གི་འགྱུར་ཁུགས་དང་བཀྲ་ཤིས་ཁ་གཡང་གི་སྨོན་འདུན་ཁྲོད་ཐེངས་འདིའི་སྤྲོ་ཚོགས་འཇུག་རྫོགས་རྗེས་གནས་འདིའི་མི་རྣམས་ལྷན་དུ་འཛོམས་ཏེ་ལྷོད་གཡེང་ངང་ཤ་མར་དང་ཇ་ཆང་གི་དཔལ་ལ་རོལ་བཞིན་མཆིས། འདི་ནི་གནས་འདིའི་རོང་འབྲོག་དམངས་ཚོགས་རྣམས་ཀྱི་ངལ་རྩོལ་གྱི་བར་གསེང་ནས་ངལ་གསོ་ཐེངས་གཅིག་བྱེད་པའི་སྲོལ་ཅིག་ཏུ་ཆགས་འདུག 







དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1