མི་ཉག་མགར་ཐར་དགོན་པས་དྲུག་པའི་དབྱར་ཆོས་ཆེན་མོ་འཚོགས་པ།

འཇིགས་མེད་བསམ་འགྲུབ་ཀྱིས་བྲིས། རྩོམ་སྒྲིག་པ།འཇིགས་མེད་བསམ་འགྲུབ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-29




         ཧོར་ཟླ་6པའི་ཚེས་1ཉིན་ནས་ཚེས་4ཉིན་བར། དཀར་མཛེས་ཁུལ་རྟའུ་རྫོང་གི་མི་ཉག་མགར་ཐར་དགོན་པར་སྲོལ་རྒྱུན་གྱི་ཆོས་ལུགས་དུས་སྟོན་ཏེ་དྲུག་པའི་དབྱར་ཆོས་ཆེན་མོ་འཚོགས་ཤིང་། ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་མཇལ་བ་ཁྲི་གཅིག་ལྷག་འདུས་ཡོད། 

     མི་ཉག་མགར་ཐར་བྱམས་པ་གླིང་གི་དབྱར་ཆོས་ཆེན་མོ་ནི་ཆོས་འཁོར་རྒྱལ་དང་ཐག་ཉེ་བའི་རྗེ་པདྨ་ཐང་ནས་བརྒྱུད་པའི་སྲོལ་རྒྱུན་ལྷ་འཆམ་ཞིག་ཡིན་ལ། དེ་ཡང་ལོ་གཅིག་གི་བགེགས་དང་བར་ཆད། རྐྱེན་ངན་སོགས་བཟློག་ཕྱིར་ཡི་དམ་རྡོ་རྗེ་འཇིགས་བྱེད་དང་མགོན་ཆོས་གཉིས་དང་ལྷ་མོ་ཞལ་བཞི། རྣམ་སྲས།  སྐུ་ལྔ་སོགས་ལ་བརྟེན་པའི་རིམ་གྲོའི་ཆོ་ག་ཞིག་ཡིན། བོད་ཟླ་5པའི་ཚེས་27ཉིན་ནས་འཆམ་རྩིས་ཉིན་གསུམ་གྱི་རིང་དང་། དངོས་གཞི་བོད་ཟླ་6པའི་ཚེས་1གི་ཉིན་དམར་འཆམ་ཡིན། ཚེས་2ཉིན་ལིང་ག་བསྒྲུབས་པའི་བསྒྲལ་ཆོས་དང་། ཚེས་3ཉིན་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་ཡུལ་ལྷ་འབུམ་རའི་གཞི་བདག་ལ་བསང་མཆོད་བྱེད་པ་དང་།   



   ཚེས་4ཡི་ཉིན་འབག་འཆམ་ཡིན་ལ་འཆམ་ཚན་བཅུ་དང་དེའི་རྗེས་རྒྱལ་པོ་སྐུ་ལྔས་འཆམ་དཔོན་བྱས་པའི་འཆམ་ཆུང་། གནས་ཆུང་རྡོ་རྗེ་གྲགས་ལྡན་དང་བསེ་ཁྲབ་གཉིས། འཆམ་ཆེན་ལ་དགོན་པ་འདིའི་རྡོ་རྗེ་སློབ་དཔོན་གྱིས་ལིང་ག་བསྒྲུབས་པའི་འཆམ་སྐོར་གཅིག དེའི་རྗེས་སྔགས་པ་ཞྭ་ནག་ཕུར་བུ་ཐོགས་པའི་འཆམ་པ་སུམ་ཅུ་ཐམ་པའི་འཆམ་སྐོར་གཅིག དེའི་རྗེས་དམ་ཅན་ཆོས་རྒྱལ་གྱིས་དབུ་བྱས་པའི་ཙམུཊི་དང་གཤིན་རྗེ་ཕོ་བརྒྱད་མོ་བརྒྱད། མ་གཅིག་དཔལ་ལྷ་གཙོ་འཁོར་གསུམ་སོགས་དང་ཤྭ་བ་བཅས་འཆམ་རྒྱུ་ཡོད།

  


   དེ་ནས་གཏོར་རྫོངས་དང་བཅས་དབྱར་ཆོས་ཆེན་མོ་མཇུག་རྫོགས་རྗེས་སྲོལ་རྒྱུན་ལྟར་མི་ཉག་མགར་ཐར་ཡུལ་སྲོལ་རྟ་རྒྱུག་དུས་ཆེན་རོལ་འགོ་བརྩམས་པ་རེད། །  




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1