གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༨ཚེས་༠༥ཉིན།

ལྷ་ས་གྲོང་ཁྱེར་དུ་བོད་ཡིག་གནའ་གཞུང་ཉམས་གསོའི་ལྟེ་གནས་བཙུགས་པ།


       ཉེ་ཆར་བོད་རང་སྐྱོང་ལྗོངས་བོད་ཡིག་གནའ་གཞུང་ཉམས་གསོའི་ལྟེ་གནས་ལྷ་སར་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་ཤིང་། བོད་ལྗོངས་ཀྱིས་རྒྱལ་ཁབ་རིམ་པའི་བོད་ཡིག་གནའ་གཞུང་ཉམས་གསོའི་རྟེན་གཞི་འཛུགས་པའི་བྱ་ཐབས་གལ་ཆེན་གཞན་ཞིག་ཏུ་འགྱུར་བ་མ་ཟད། བོད་ཡིག་གི་གནའ་གཞུང་ཉམས་གསོའི་ནུས་པ་ཆེས་ཆེ་རུ་ཕྱིན་ནས། བོད་ཀྱི་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ལ་ཕན་པའི་རྩ་ཆེའི་ཚད་ལྡན་ཡིག་ཆ་འཇོག་རྒྱུ་ཡིན་པ་རེད།

       བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཐིང་ཀྲང་ཉི་མ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིག་ན། 2008ལོར་བོད་ལྗོངས་ཀྱིས་གནའ་གཞུང་སྲུང་སྐྱོང་ལས་དོན་དངོས་སུ་སྤེལ་འགོ་བཙུགས་ཏེ་བོད་རང་སྐྱོང་ལྗོངས་གནའ་གཞུང་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་རིགས་གཅིག་མཁས་ཅན་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་སྔ་རྗེས་སུ་ཆེད་དོན་མ་དངུལ་སྒོར་ཁྲི་500ལྷག་ཙམ་བཏང་བས། ཡོངས་ཁྱབ་ཞིབ་བཤེར་དང་སྲུང་སྐྱོང་ལས་ཀའི་དགོས་མཁོ་འགན་ལེན་ནུས་ལྡན་བྱུང་ཡོད་པ་རེད། རིག་དངོས་སྡེ་ཚན་གྱིས་ས་ཁུལ་ཁག་གི་གནའ་གཞུང་ཉར་ཚགས་ཚན་པའི་རྩ་ཆེའི་གནའ་གཞུང་ལ་ཡོངས་ཁྱབ་ཞིབ་བཤེར་བྱས་པ་ཕུད། ད་དུང་གཏོར་སྐྱོན་ཤོར་བའི་གནའ་གཞུང་འབོར་ཆེན་ཤེས་རྟོགས་བྱུང་བ་རེད། ལོ་རྒྱུས་དང་ཉར་ཚགས་ཆ་རྐྱེན་གྱིས་ཤུགས་རྐྱེན་ཐེབས་ནས་བོད་ཡིག་གནའ་གཞུང་དེ་དག་རལ་སྐྱོན་ཤོར་ཚད་མི་འདྲ་བས་མྱུར་སྐྱོབ་དང་སྲུང་སྐྱོབ་བྱ་རྒྱུའི་དགོས་མཁོ་ཆེན་པོ་ཡོད་པ་རེད།

     བོད་ཡིག་གི་གནའ་གཞུང་ནི་ལོ་ངོ་སྟོང་རིང་བོད་མི་དམངས་ཀྱི་ལས་ལ་བརྩོན་པ་དང་བློ་གྲོས་ཀྱི་མཚོན་རྟགས་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་རིག་གནས་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་དེ་བས་རེད་ཅེས་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་ཀོན་ཀྲང་གཞོན་པ་སྤེན་པ་ཚེ་རིང་གིས་བཤད་པ་དང་། ཁོང་གིས་དེ་སྔོན་ཉམས་གསོ་བྱེད་སྟངས་མ་ཤེས་པས་ཉར་ཚགས་ཚན་པས་གཙོ་བོ་སྐྱོ་མས་སྦྱར་བ་དང་ཚེམ་བུ་རྒྱག་པའི་དམངས་ཁྲོད་ཀྱི་ཐབས་ལ་བརྟེན་ནས་ཉམས་གསོ་བྱེད་ཀྱི་ཡོད་པས། གནའ་གཞུང་གི་ཚད་ལྡན་ཡིག་ཆར་རལ་སྐྱོན་ཐེངས་གཉིས་པ་ཤོར་སྲིད། བོད་ཡིག་གནའ་གཞུང་ཉམས་གསོ་ལྟེ་གནས་བཙུགས་པ་དེས་བོད་ཡིག་གནའ་གཞུང་ཉམས་གསོ་དང་སྲུང་སྐྱོང་བྱེད་པའི་ཆུ་ཚད་མཐོ་རུ་འགྲོ་རྒྱུ་རེད་ཅེས་བཤད་པ་རེད།

     གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་། ཉིན་དེར་བོད་རང་སྐྱོང་ལྗོངས་ཀྱི་སྐབས་དང་པོའི་བོད་ཡིག་གནའ་གཞུང་ཉམས་གསོ་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ་དང་། ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ། ར་ས་འཕྲུལ་སྣང་གཙུག་ལག་ཁང་། འབྲས་སྤུངས་དགོན། ས་ཁུལ་དང་གྲོང་ཁྱེར་ཁག་གི་རིག་དངོས་ཅུས་སོགས་འབྲེལ་ཡོད་སྡེ་ཁག་ནས་ཡོང་བའི་སློབ་མ་42དུས་ཡུན་ཉིན་བཅུའི་སློབ་སྦྱོང་ནང་ཞུགས་པ་རེད།



39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1