2015ལོའི་གེ་སར་གྱི་ཕ་སར་སྐྱོད་པའི་མུ་འབྲེལ་རིག་གནས་བྱེད་སྒོ་གསེར་རྟ་ནས་མུ་མཐུད་དུ་སྤེལ།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།ངེད་དྲ་བ སྤེལ་དུས། 08-12


         སྤྱི་ཟླ་8པའི་ཚེས་11ཉིན་གྱི་སྔར་དྲོར། རྒྱལ་ཡོངས་གེ་སར་རིག་གནས་གཞུང་ལས་ཁང་དང་སི་ཁྲོན་ཞིང་ཆེན་རིག་གནས་ཐེང་། དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་གེ་སར་གྱི་ཕ་སར་སྐྱོད་པ__  རྩྭ་ཐང་གི་སྙན་དབྱངས་ཞེས་པའི་མུ་འབྲེལ་རིག་གནས་བྱེད་སྒོ་དེ་ཧུང་ཡོན་རྫོང་ནས་འགོ་བཙུགས་རྗེས་དཀར་མཛེས་ཁུལ་གསེར་རྟ་རྫོང་ནས་མུ་མཐུད་དུ་སྤེལ།

        གསེར་རྟ་རྫོང་ནི་གེ་སར་རིག་གནས་སྒྱུ་རྩལ་གྱི་ཕ་ས་ཡིན་ཏེ། གེ་སར་རྣམ་ཐར་དང་ཚོན་ལྡན་རྡོ་བརྐོས་རི་མོ། བབ་སྒྲུང་དང་གཏེར་སྒྲུང་། གནའ་ཤུལ་སོགས་གེ་སར་རིག་གནས་ཀྱི་འདེགས་སྐྱོར་མ་ལག་ཆ་ཚང་ཞིང་། རྒྱུད་འཛིན་སྒྲིག་གཞི་འཐུས་ཚང་ཡིན། ཀྲུང་གོའི་གེ་སར་རྣམ་ཐར་སྒྱུ་རྩལ་གྱི་ཕ་སའི་བརྗོད་བྱ་གཙོ་བོར་བརྒྱུད། 1980ལོར་གསེར་རྟ་གེ་སར་རྣམ་ཐར་ཚོགས་པ་གསར་འཛུགས་བྱས་པ་ནས་བཟུང་། རྫོང་ཨུ་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོའི་འོག་སྲོལ་རྒྱུན་ཟློས་གར་ཆེན་མོ་བརྒྱད་དང་གེ་སར་ཟློས་གར་རྒྱུད་འཛིན་བརྒྱུད། བོད་ཀྱི་ཟློས་གར་ཐོན་རྫས་དར་སྤེལ་ལ་འབད་བཞིན། སྲོལ་རྒྱུན་ཟློས་གར་ཆེན་མོ་བརྒྱད་ཀྱི་ཚད་ལྡན་འཁྲབ་སྟོན་མ་ལག་ཞིག་དང་མང་ཚོགས་ཁྲོད་དུ་དགའ་བསུ་ཆེན་པོ་ཐོབ་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་གསར་སྤེལ་བྱས་ཡོད་དེ། རྒྱལ་ཁབ་རིམ་པའི་བྱ་དགའ་མང་པོ་ཐོབ།

       ཉིན་དེའི་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་དུ། ཚན་བཤུས་ཟློས་གར་རྟ་རྒྱུག་རྒྱལ་འཇོག་དང་། རྒྱལ་ཁབ་རིམ་པའི་སྒྲུང་མཁན་སྡེ་དགེ་ཨ་ནེའུ། ཡུལ་ཤུལ་ཟླ་བ་གྲགས་པ། ནག་ཆུའི་ཚེ་རིང་དགྲ་འདུལ་སོགས་ཀྱིས་སྒྲུང་བཤད་དེ་བརྗོད་བྱ་འབུར་ཏུ་ཐོན་པའི་འཁྲབ་སྟོན་བྱས་ཡོད།

       ཕྱི་དྲོར་གེ་སར་རིག་གནས་བགྲོ་གླེང་ཚོགས་འདུ་འཚོགས་ཏེ། རྒྱལ་ཡོངས་གེ་སར་རིག་གནས་གཞུང་ལས་ཁང་གི་ཀྲུའུ་རེན་ནོར་བུ་དབང་ལྡན་དང་ཞིང་ཆེན་རིག་གནས་ཐིང་འགོ་གཙོ་གཞོན་པ་ཚེ་པོ། གསེར་རྟ་རྫོང་གེ་སར་རིག་གནས་ཆེད་མཁས་པ་སྐུ་ཞབས་ཞི་ཆུང་། མགོ་ལོག་བཀྲ་སྒྲུང་པ་ཚེ་སྒྲུབ། སི་ཁྲོན་མི་རིགས་སློབ་གླིང་གི་སློབ་དཔོན་ཆེན་མོ་ཀརྨ་རྒྱལ་མཚན་སོགས་ཀྱིས་གེ་སར་རིག་གནས་སྒྱུ་རྩལ་གོང་སྤེལ་སོགས་ཀྱི་ཐད་དགོངས་འཆར་དང་རེ་འདུན་བཏོན།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1