གཙོ་ངོས།>> རྩོམ་རིག>>ལྷུག་རྩོམ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༨ཚེས་༡༧ཉིན།

༄༅། །མི་ཚེའི་དྲན་སྣང་།

    གལ་ཏེ་ང་རང་ཆར་བ་བབས་རྗེས་ཀྱི་མཁའ་མཐའི་ཆུ་འཛིན་ཞིག་ཡིན་ཚེ།  ངས་སྔོ་བསང་གི་མཁའ་དབྱིངས་ནས་མཛེས་སྡུག་གི་གར་སྟབས་བསྒྱུར་བཞིན་མི་ཡུལ་གྱི་ངོ་མཚར་བའི་མཛེས་ལྗོངས་ལ་ལང་ཚོའི་ཁ་དོག་ཅིག་བསྐྱར་དུ་མནན་ཆོག་མོད། འོན་ཀྱང་དེ་ནི་འཕྲུལ་སྣང་གི་རྨི་ལམ་ཙམ་ལས་མངོན་སུམ་གྱི་མྱོང་སྣང་ཞིག་ཏུ་ག་ལ་འགྱུར་སྲིད་ཨང་། གལ་སྲིད་ང་རང་ནེའུ་གསེང་གཡུ་ལོ་ཐགས་སུ་བཀྲ་བའི་སྤང་ལྗོངས་སྟེང་གི་ཀྱ་ཀྱུ་བཞུར་བའི་ཆུ་ཕྲན་ཞིག་ཡིན་ཚེ།  ངས་དྲི་ཞིམ་རོ་བརྒྱ་ལྡན་པའི་ཆབ་རྒྱུན་གྱིས་འགྲོ་བའི་ཚ་གདུང་སེལ་འདོད་མོད། འོན་ཀྱང་དེ་ནི་ཕུགས་བསམ་གྱི་མཛེས་སྡུག་ཙམ་ལས་དངོས་ཡོད་ཀྱི་ལག་རྗེས་ཤིག་ཏུ་ཅིས་ཀྱང་འགྱུར་དཀའ་འང་། མི་ལོ་ཉི་ཤུའི་ཀྱ་ཀྱོག་གི་གོམ་སྟབས་ཡང་མོ་ཐོད་ཀྱིས་བརྒལ་ནས་སུམ་ཅུའི་འཕྲང་སྒོ་མྱུར་བར་ཐོན་དུས་སེམས་དང་བསམ་པའི་ཀློང་དུ་ཉར་བའི་ཕུགས་བསམ་དང་འཆར་སྣང་ཐ་དག་ཤོག་སྐྱ་རླུང་གིས་ཁུར་བ་བཞིན་ག་སོང་ཆ་མེད་དུ་ཡལ་འགྲོ་ལ། དེ་དང་བསྟུན་ནས་འཆར་ཡན་དང་དུང་ཞེན་གྱིས་ཁེངས་པའི་སེམས་ཀྱི་འདོད་འདུན་མཐའ་དག་ཉི་མ་སྤྲིན་གྱི་སྒྲིབ་པ་བཞིན་ནག་འཐོམ་མེར་བུད་འགྲོ།   སྤྱི་ཚོགས་ཀྱི་ཁོག་ཡུག་ཟེར་ནའང་ཆོག་མི་དང་མིའི་བར་གྱི་འབྲེལ་འདྲིས་ཟེར་ནའང་ཆོག  རྒྱུ་ཆེན་དང་ངོ་ཆེན་རྣམས་སྤྱི་ཚོགས་ཀྱི་གྲུ་ཟུར་གང་རུང་ནས་འགྲེང་ཏེ་གནས་ལུགས་ལ་དགའ་བའི་མི་རྣམས་ལ་སྡིག་འཛུགས་སྣ་ཚོགས་བསྟན་ཏེ་ཁོང་ཚོ་འཛུལ་སའི་ཁུང་བུ་མི་རྙེད་པའི་ཚོད་ལ་སླེབས་པའི་དུས་སྐབས་འདིར།  རིགས་པ་སྨྲ་བ་ཚོར་འཐོབ་འོས་པའི་གོ་མིང་དང་སྤྱི་ཚོགས་ཀྱི་གདེང་འཇོག་མེད་པ་ནི་དེ་འདྲའི་ཧ་ལས་དགོས་པའི་དོན་ཞིག་མ་ཡིན་ནའང་།  

ན་ཚོད་སྨིན་ནས་འཇིག་རྟེན་ལེགས་ཉེས་ཀྱི་བྱ་བ་རྣམས་ཆུ་ཤེལ་ལས་རྡོ་མཐོང་བ་ཇི་བཞིན་གསལ་བོ་རྟོགས་འོས་པའི་ཚེ་ན། ཚོད་ཚོད་ལ་མི་དྲན་དགུ་དྲན་གྱི་བྱ་བ་དགོད་སྤྲོ་བ་སྣ་ཚོགས་ཤིག་དྲན་འཛིན་གྱི་ཡོལ་བའི་ངོས་སུ་འཚང་ཀ་ཤིག་ཤིག་ངང་ཤར་འོང་ཞིང་། རང་ཉིད་ད་དུང་ཡང་བྱིས་དུས་ཀྱི་རྨི་ལམ་ཁྲོད་ནས་འཕྲུལ་སྣང་གི་འཇིག་རྟེན་འགྲིམས་པའི་བྲ་ཚགས་གི་གཤིས་སྤྱོད་མཚར་བོ་དེ་འདོར་མ་ཐུབ་པ་འདྲ་ལ།   སྐབས་སྐབས་སུ་ཀུ་རེ་དང་རྩེད་མཚར་ཁྲོད་ནས་དུས་ཚོད་ཀྱི་ཐག་སྒྲ་ཙམ་ཡང་མི་ཚོར་བའི་ངང་ཚུལ་དག་དྲན་འོང་དུས་ཚོད་ཚོད་ལ་ལུས་སེམས་གཉིས་ཀར་འདུ་འཛིའི་གྲོང་ལ་སླེབས་པ་བཞིན་གནས་གཅིག་ཏུ་སྡོད་མི་ཚུགས་པ་ལྟབུའི་འཚུབ་ཆ་རེར་སྐྱེས་འོང་ཤིང་།  ཚོར་བ་དེས་ནམ་ཡང་ལུས་སེམས་གཉིས་ཀར་མི་ཁོམ་པའི་གནས་སུ་བསྐྱལ་བ་དང་། རང་ཉིད་འཚར་ལོངས་འབྱུང་བའི་གོ་རིམ་ཁྲོད་ནས་རྒོད་པོ་སྲབ་མེད་བཞིན་འཕྱོ་བའི་སེམས་པ་འདིས་མི་ཚེའི་བགྲོད་ལམ་དང་བསམ་གཞིག་གི་ངོ་བོ་ལ་ནག་ནོག་གི་དྲི་མ་ག་ཙམ་བགོས་པ་འཆད་དཀའ་ནའང་།  མི་གཤིས་རྣལ་མ་ཞེས་པའི་བདེན་ལུགས་ཀྱི་ཐ་སྙད་བརྗིད་པོ་དག་དྲན་ཡུལ་དུ་ཤར་ཐེངས་རེར་འཇིག་རྟེན་དཀར་ནག་གཉིས་ཀྱི་དབྱེ་མཚམས་སུ་འགྲེངས་ཏེ་རྒྱུ་འབྲས་ཀྱི་གནས་ལུགས་རྣམས་མིག་འབྲས་བཞིན་དུ་སྲུང་བསམ་མོད། འཇིག་རྟེན་འགྱུར་ལྡོག་གི་ཆུ་གཏེར་ཀློང་ནས་རླུང་གཡུགས་རླབས་འཕྱུར་ལྟབུའི་འཚོ་བའི་རྙོག་འཛིང་གི་གོ་རིམ་རེ་རེར་འུ་ཚུད་ཀྱིས་བརྒལ་རྗེས་ད་གཟོད་མི་གཤིས་དང་གནས་ལུགས་ཀྱི་བར་དུ་ནམ་ཡང་འདྲེས་མི་ཐུབ་པའི་བར་ཐག་ཞིག་ཡོད་པ་ར་སྤྲོད་གསལ་བོ་བྱས།

མི་ཞེས་པ་འདི་ཉིད་ཡང་སྙིང་ཅི་ཞིག་ཡིན་འོས་སམ། རང་གིས་རང་ལ་བདེན་ཁ་རེར་སྟེར་བཞིན་འཇིག་རྟེན་གྱི་གནས་ལུགས་མང་བོ་ཞིག་རྐང་འོག་ཏུ་རྡོག་བརྫིས་བཏང་ནས་ས་ཆེན་གྱི་ཁྱོན་ན་རྒྱུ་འབྲས་མེད་ཚུལ་དང་མི་གཤིས་ཉམས་ཚུལ་གླེང་། ངོ་མ་བཤད་ན། ང་ཚོས་ནམ་ཡང་རང་ཉིད་ཀྱི་གྲིབ་གཟུགས་དང་རྐང་རྗེས་ལ་ཕྱིར་མིག་ཙམ་ཡང་སློག་མི་ཕོད་པར་མི་ཞིག་གི་ལུས་སྟེང་ནས་ཉེས་སྐྱོན་ཕྲ་མོ་ཙམ་ཡང་སྣ་ཟིན་སྤུ་ཟིན་གྱིས་རྙེད་ཅི་ཐུབ་ལ་འབད་ཅིང་། གཞན་སྐྱོན་ཤིག་འདྲ་བ་དེ་མི་མང་ཚོགས་སར་སྒྲོག་ཅི་ཐུབ་བྱས་ནས་རང་ཉིད་ཀྱི་ཆེ་བ་འདོན་པ་དང་། འཚོ་བའི་སྟེང་སྤྲོ་བ་སློང་བྱེད་ཀྱི་རྒྱུ་ཆ་གལ་ཆེན་ཞིག་ཏུ་བརྩི་བཞིན་མཆིས་མོད། ཞིབ་ཏུ་བསམ་བློ་རེར་བཏང་ཚེ། དེ་དག་ནི་མཐར་གཏུགས་ན་རང་ཉིད་ཀྱི་སེམས་ཁམས་ལ་དྲེག་ནག་བསྐུལ་བ་དང་མི་གཞི་ལ་སྨ་འབེབས་བྱེད་པ་ལས་མ་འདས། ཡིན་ལུགས་བརྒྱ་དང་མིན་ལུགས་སྟོང་གི་མཐའ་ནས་ཡིད་སེམས་ཨ་ཐང་ཆད་པའི་ཤུགས་རིང་ནར་ནར་འཐེན་བཞིན་ཆོས་ཉིད་ཅིག་གི་རྗེས་སུ་འགྲོ་ལྡོག་བྱེད་པ་ནི་མི་བུ་ཕལ་བ་ཞིག་གི་འགྲོ་ལུགས་ཙམ་ཞིག་རེད་ཅེས་བརྗོད་ཆོག་ལ། སྐབས་འགར་རེར་གནས་ལུགས་དང་ཆོས་ཉིད་བཙན་པོས་ཉམ་ཐག་འཁོས་ཆུང་གི་མི་ལ་ཀུ་རེ་རྩེད་པ་ལྟར་ལས་བསམ་སར་མི་འགྲོ་གསེག་སར་འགྲོ་བའི་སྐབས་ཀྱང་ཡོད་སྲིད། འོན་ཀྱང་འདི་དག་ནི་རང་ཉིད་མནར་སོན་པའི་གོ་རིམ་ཁྲོད་ནས་ངེས་པར་བརྒྱུད་འོས་པའི་བསམ་བློའི་ཚོར་འདུ་སྐྱེན་པོ་ཞིག་ཡིན་པ་ལས་བློ་ཡིད་ལས་འགོངས་པའི་སྤྱི་ཚོགས་ཀྱི་གནད་དོན་ཡ་མཚར་བ་ཞིག་ག་ལ་ཡིན་ཨང་སྙམ། དངོས་བོའི་གཤིས་ལུགས་དང་རྒྱུ་འབྲས་ཀྱི་གནས་ལུགས་རྣམས་འགྲོ་བ་མིའི་དྲང་ལྡོག་གི་བསམ་སྦྱོར་ལ་དམིགས་ནས་བཞག་པའི་བསམ་བློའི་གྲུབ་མཐའ་ཞིག་ཡིན་པའི་དབང་ཏུ་བཏང་ན། གྲུབ་མཐའ་འདིའི་ཁྱབ་ཁོངས་ལས་མི་འདའ་བའི་མི་བུ་ག་ཙམ་ཡོད་དམ། གནས་ལུགས་འདིའི་ངོ་གདོང་ལ་རྨ་ཤུལ་མི་གཏོད་པའི་སྐྱེས་བུ་ག་ཚོད་ཡོད་ཨང་། ངས་འདི་ལྟར་བསམ་བཞིན་རང་གིས་རང་ལ་ཞིབ་ལྟ་ཐེངས་ཤིག་བྱེད་དགོས་བྱུང་། ཐོབ་དང་གོ་ས། ཁེ་དང་གྲགས་པ། ནོར་དང་ལོངས་སྤྱོད་སོགས་བུད་མེད་མཛེས་མ་ཞིག་གི་ངོ་འཛུམ་བཞིན་ཁྱེད་ལ་བཅར་ཡོང་ཚེ། ཁྱེད་ཀྱིས་ཡང་སྙིང་ལམ་ཅི་ཞིག་འདེམས་ངེས་སམ།

འདི་ལྟར་བསམ་བློ་གཏོང་ཐེངས་རེར་རང་ཉིད་འཇིག་རྟེན་འདིར་གོམ་ཁ་ཐོག་མར་བསྒྱུར་བ་ནས་ད་ལྟའི་བར་སྤྱི་ཚོགས་ཀྱི་ངོ་བོ་དང་འདོད་ཡོན་གྱི་བསླུ་བྲིད་འོག་ནས་ཚུལ་འཆོས་ཀྱི་ངོ་གདོང་ག་ཙམ་བརྗེས་པ་དང་། རྒྱ་གྲམ་ལྟར་བསྣོལ་བའི་མིའི་འབྲེལ་བའི་རྙོག་འཛིང་གི་གོ་རིམ་འདིའི་ཁྲོད་ནས་མི་གཤིས་ཀྱི་ངོ་བོ་དང་བསམ་གཞིག་གི་ཁ་དོག་ལ་དྲི་མག་ཅི་ཙམ་བགོས་མྱོང་བ། ཕན་ཁེ་ཏིལ་ཙམ་གྱི་ཆེད་དུ་ཧམ་པ་རི་ཙམ་ཞིག་ལངས་ནས་མི་སེམས་ལ་མནར་གཅོད་དང་རྨ་ཁ་ག་ཙམ་བསླང་བ་སོགས་བཤད་དཀའ་ནའང་།  རྒྱུ་འབྲས་དང་རྣམ་སྨིན་ཅེས་པའི་མིང་ཚིག་དེ་དག་རི་བོ་ཉིལ་བའམ་ས་ཆེན་གཡོ་བའི་ཚུལ་དུ་མི་རྣམས་ཀྱི་ཤ་གསེང་རུས་གསེང་དུ་སྐྱི་གཡའ་བའི་འཇིག་སྐྲག་སློང་དུས། ད་གཟོད་འཇིག་རྟེན་གྱི་མི་རྣམས་བྱིས་པ་བསམ་མེད་ཞིག་གིས་སེམས་ཤེས་པ་བཞིན་རྒྱུ་འབྲས་ཀྱི་གནས་ལུགས་རྣམས་མིག་འབྲས་བཞིན་ཏུ་སྲུང་ངེས་ལ། སྤྱི་ཚོགས་ཅེས་པའི་ཚོགས་པ་འདིའི་དཀར་ནག་གི་ངོ་བོ་མཐའ་དག་ཡང་སྙིང་ཅི་ཞིག་ཡིན་འོས་པ་རབ་རིབ་ཙམ་ཞིག་རྟོགས་ངེས་ཤིང་། དེ་དང་བསྟུན་ནས་དཔལ་ཡོན་གྱི་སྤྱི་ཚོགས་ཤིག་ཉི་གཞོན་སྤྲིན་གསེབ་ནས་བུད་པ་བཞིན་གསེར་འོད་ལམ་ལམ་འཕྲོ་བར་ངེས། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1