བོད་ཀྱི་གླུ་གར་ཆེན་མོ《གསེར་གྱི་ཉི་ཟླ།》མཚོ་ལྷོ་ཁུལ་དུ་འཁྲབ་སྟོན་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-20




          སྤྱི་ཟླ་8པའི་ཚེས་19ཉིན་གྱི་དགོང་མོར། བོད་ཀྱི་གླུ་གར་ཆེན་མོ《གསེར་གྱི་ཉི་ཟླ།》ཞེས་པ་མཚོ་ལྷོ་ཁུལ་གྱི་སྐབས་གཉིས་པའི་བོད་ཀྱི་རྒྱན་གོས་རིག་གནས་སྒྱུ་རྩལ་དུས་ཆེན་དུ་འཁྲབ་སྟོན་བྱས་ཏེ་གཟིགས་མོ་བ་ཀུན་གྱི་དགའ་བསུ་མི་དམན་པ་ཐོབ།

          བོད་ཀྱི་གླུ་གར་ཆེན་མོ《གསེར་གྱི་ཉི་ཟླ།》ཞེས་པའི་འཁྲབ་གཞུང་ནི་2012ལོ་ནས་བཟུང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རྩོམ་པ་པོ་ཆབ་འགག་རྡོ་རྗེ་ཚེ་རིང་གིས་དུས་ཡུན་ལོ་3ཀྱི་རིང་ལོ་རྒྱུས་ཀྱི་དཔྱད་ཡིག་བཀླགས་ཏེ་ཐང་བོད་གནའ་ལམ་དང་རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་པའི་མཚོ་ལྷོའི་ལོ་རྒྱུས་གཏམ་རྒྱུད་བརྗོད་གཞིར་བཟུང་སྟེ་སྦྱར་བ་ཞིག་ཡིན་ཞིང་། བོད་རྒྱ་གཉེན་སྡེབ་དང་མི་རིགས་མཐུན་སྒྲིལ། ཕུལ་དུ་བྱུང་བའི་མི་རིགས་ཀྱི་རིག་གནས་སྒྱུ་རྩལ། དམངས་སྲོལ། རང་བྱུང་མཛེས་རྣམ། ལོ་རྒྱུས་རིག་གནས་ཤུལ་བཞག་སོགས་འབུར་དུ་བཏོད་ཡོད། འཁྲབ་གཞུང་འདིས་རྒྱ་ནག་ཐང་ནས་ལྷ་སའི་པོ་ཏ་ལ་བར་དུ་བསྡོམས་པས་ལེའུ་དྲུག་ཏུ་བགར་ཏེ་ལོ་ངོ་1300ལྷག་གི་སྔོན་དུ་བོད་རྒྱ་གཉེན་དུ་སྡེབ་སྟེ་མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་འཕེལ་རྒྱས་ཀྱི་ལོ་རྒྱུས་བརྗོད་པ་ཡིན། 2014ལོའི་ལོ་མཇུག་ཏུ་འཁྲབ་གཞུང་འདིའི་ཐོག་མའི་དཔྱད་འབེབས་གནང་རྗེས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རྩོམ་པ་པོས་འཁྲབ་གཞུང་འདི་རྒྱ་ཡིག་ཏུ་བསྒྱུར་བ་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་དབྱངས་རྩོམ་མཁན་བཀྲ་ཤིས་དར་རྒྱས་ཀྱིས་འཁྲབ་གཞུང་འདིར་དབྱངས་བརྩམས་པ་ཡིན།

         《གསེར་གྱི་ཉི་ཟླ།》ནི་མཚོ་ལྷོ་ཁུལ་གླུ་གར་ཚོགས་པའི་ན་གཞོན་གསར་རྩོམ་རུ་ཁག་གིས་ཐོག་དང་པོར་འགན་བླངས་ཏེ་རང་སྒྲིག་རང་འཁྲབ་བྱས་པ་ཡིན་ལ། གཙོ་ཆེར་མདོ་དབུས་ཁམས་གསུམ་གྱི་དམངས་ཁྲོད་དམངས་སྲོལ་རྨང་གཞིར་བཟུང་ཐོག་ཅུང་ཁ་སྣོན་བྱས་པ་ཞིག་ཡིན། དཀའ་ཚགས་གང་མང་བརྒྱུད་དེ་ཉིན་50ཡི་ནང་འཁྲབ་སྦྱོང་གི་འོས་འགན་འགྲུབ་པ་མ་ཟད་ཟླ་5བའི་ནང་ཡར་ཞུའི་འཁྲབ་སྟོན་གནང་སྟེ་ལས་རིགས་ཁྱབ་ཁོངས་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་གདེང་འཇོག་དང་བསྟོད་བསྔགས་མི་དམན་པ་གནང་། རྒྱལ་ཡོངས་སུ་རྒྱ་བཟའ་ཀོང་ཇོ་བོད་དུ་བསུ་བའི་ལོ་རྒྱུས་ཀྱི་གཏམ་རྒྱུད་སྒྲིག་འཁྲབ་བྱས་པའི་པར་གཞི་7ཡོད་ནའང་། མཚོ་ལྷོ་ཁུལ་གླུ་གར་ཚོགས་པས་གསར་རྩོམ་གནང་བའི་བརྩམས་ཆོས་འདིར་རང་ཉིད་ཀྱི་ཐུན་མིན་ཁྱད་ཆོས་ཤིག་ཡོད་དེ། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་རོལ་མོ་དང་བྲོ་གར་ལ་སྦྱར་ཏེ་འཁྲབ་རྒྱ་ཆེ་ཞིང་གླུ་གར་གྱི་རྣམ་པ་དོད་པས་ཡུལ་དངོས་ཀྱི་གཟིགས་མོ་བས་ཁས་ལེན་དང་གདེང་འཇོག་ལེགས་པོ་བྱེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1