མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་མཐུན་ཚོགས་ཀྱིས་སྐྱབས་འཆོལ་བྱིས་པར་བྲེལ་མྱུར་གྱིས་སྲུང་སྐྱོབ་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-07


      ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་མཐུན་ཚོགས་ཀྱི་ལག་བསྟར་ཀྲུའུ་རེན་ཨན་ཏུང་ནེ་རའེ་ཁུ་ཡིས་ནེའུ་ཡོག་ཏུ་གསལ་བསྒྲགས་སྤེལ་ཏེ། འཛམ་གླིང་ཡོངས་ཀྱིས་བྱེད་ཐབས་སྤྱད་ནས། ཡོ་རོབ་གནས་སྤོས་ཡུལ་མི་དང་སྐྱབས་འཆོལ་ཉམས་ཉེན་ཁྲོད་ཀྱི་བྱིེས་པར་སྲུང་སྐྱོབ་བྱ་དགོས་པའི་འབོད་སྐུལ་བཏང་།

      གསལ་བསྒྲགས་ཁྲོད་དུ། ཡོ་རོབ་གནས་སྤོས་ཡུལ་མི་དང་སྐྱབས་འཆོལ་ཉམས་ཉེན་གྱི་གནད་དོན་ངན་འགྱུར་དང་བསྟུན་ནས། ད་དུང་དེ་ལས་མང་བའི་རྒྱ་མཚོ་འགྲམ་ཁའི་རྐྱེན་ལམ་དུ་ཤོར་བའི་བྱིས་པའི་བེམ་རོ་ལྟ་བུའི་འཛམ་གླིང་ཧྲིལ་པོར་སྔངས་སུ་འཇུག་པའི་གཟུགས་བརྙན་བརྙན་འཕྲིན་འཆར་ཤེལ་དང་སྤྱི་ཚོགས་འབྲེལ་བའི་འཕྲིན་སྦྱོར། ཚགས་པར་སོགས་ཀྱི་ངོས་སུ་བྱུང་ངེས་རེད། འོན་ཀྱང་། ང་ཚོས་དེར་ཧ་ལས་པ་ཙམ་གྱིས་ག་ལ་ཆོག ངེས་པར་དུ་མྱུར་སྐྱོབ་ལས་ཀ་ལག་བསྟར་བྱེད་དགོས་ཞེས་བསྟན། 

     གསལ་བསྒྲགས་ཀྱི་ནང་དོན་དུ། 

     གཅིག་ནས་དུས་ནམ་ཡིན་རུང་སྐྱབས་འཆོལ་བྱིས་པར་དགོས་མཁོ་ཆེ་བའི་གཞི་རྩའི་ཞབས་ཞུ་མཁོ་འདོན་བྱེད་དགོས་ཏེ། འཕྲོད་བསྟེན་དང་ལུས་ཁམས་བདེ་སྲུང་། བཟའ་བཅའ། སེམས་ཁམས་ཀྱི་རྒྱབ་སྐྱོར་དང་སློབ་གསོ་སོགས་འདུས་པ་དང་། གནས་སྤོས་ཡུལ་མི་དང་སྐྱབས་འཆོལ་པར་སྡོད་གནས་མཁོ་འདོན་བྱེད་དེ་བྱིས་པ་དེ་ཚོར་ཁྱིམ་མི་དང་ལྷན་དུ་འཚོ་ཐུབ་པར་བྱ་དགོས། 

    གཉིས་ནས་ཚད་ལས་ཀྱི་བྱང་ཚད་མཐོ་བའི་བྱིས་པའི་ཕན་བདེའི་ཆེད་མཁས་འདང་ངེས་ཤིག་མངགས་གཏོང་བྱེད་དེ། བྱིས་པ་དང་དེ་ཚོའི་ཁྱིམ་མིར་རོགས་སྐྱོར་འདོན་སྤྲོད་བྱེད་དགོས། 

    གསུམ་ནས་རྒྱ་མཚོའི་འགྲམ་ཁ་དང་། གནས་སྤོས་ཡུལ་མི་དང་སྐྱབས་འཆོལ་པ་རྒྱལ་ཁོངས་བརྒལ་མཚམས་ཀྱི་སྐམ་ས་བཅས་ཕྱོགས་སོ་སོ་ནས་འཚོལ་སྐྱོབ་བྱེད་དེ། ནུས་ཤུགས་གང་ཡོད་ཀྱིས་གནས་སྤོས་ཡུལ་མི་དང་སྐྱབས་འཆོལ་པའི་བྱིས་པར་བརྙས་བཅོས་དང་བཤུ་གཞོག་ཐེབས་པར་སྔོན་འགོག་བྱ་དགོས། 

    བཞི་ནས་ཉེན་གཡོལ་སོགས་བྱིས་པའི་གནད་དོན་ཐག་གཅོད་བྱེད་པའི་སྐབས་སུ། དམིགས་བསལ་གྱི་སྔོན་དུ་བྱིས་པའི་ཁེ་ཕན་ལ་བསམ་བློ་གཏང་དགོས། 

    གསལ་བསྒྲགས་དེ་ལས་ད་དུང་བསྟན་དོན། ཡོ་རོབ་ཏུ་ཉེན་གཡོལ་འཚོལ་བའི་མི་གྲངས་ཁྲོད་མ་མཐའ་ཡང་བཞི་ཆའི་གཅིག་ནི་བྱིས་པ་ཡིན། ད་ལོའི་ལོ་སྟོད་དུ།ཁྲི་10.6ལས་བརྒལ་བའི་བྱིས་པ་ཡོ་རོབ་ཏུ་ཉེན་གཡོལ་རེ་ཞུ་བྱེད་ཡོད་དེ། ཁྱིམ་ཚང་དེ་འདྲ་མང་པོས་ཡོ་རོབ་ཏུ་ཉེན་གཡོལ་འཚོལ་དགོས་པའི་རྒྱུ་རྐྱེན་ནི་ཚབ་ཆེ་བའི་ས་ཁུལ་འགལ་ཟླ་ལ་རག་ལས་ཏེ། དཔེར་ན་སི་རི་ཡ་རྒྱལ་ཁབ་ཏུ། བྱིས་པ་ཁྲི་200ལྷག་ས་ཁུལ་འགལ་ཟླའི་རྐྱེན་གྱིས་ཕྱི་རུ་མི་བྲོས་ཐབས་མེད་དུ་འགྱུར་ཡོད་པས། འགལ་ཟླ་དེ་དག་མེད་པར་མ་བཟོས་ན་ཁོ་ཚོས་མྱངས་བཞིན་པའི་སྡུག་བསྔལ་སེལ་ཐབས་མེད་དོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1