སི་རི་ཡའི་སྐྱབས་འཆོལ་པ་མི་གྲངས་ཆིག་ཁྲི་ཙམ་ཨོ་སི་ཐྲི་ཡ་ནས་འཇར་མན་དུ་ཕྱིན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-08



སྤྱི་ཟླ་9པའི་ཚེས་5ཉིན།ལྷག་བསམ་ཅན་གྱི་མང་ཚོགས་ཀྱིས་འཇར་མན་ཧྥ་རན་ཁུ་ཧྥུ་མེ་འཁོར་ས་ཚུགས་སུ་སྟར་སྒྲིག་ནས་སྐྱབས་འཆོལ་པ་བསུ་བཞིན་ཡོད།



      རྒྱལ་སྤྱི་དང་རྒྱལ་ནང་གླེང་ཕྱོགས་ཀྱི་གནོན་ཤུགས་དང་མི་ཆོས་རིང་ལུགས་ཀྱི་འབོད་སྐུལ་དབང་གིས། ཚེས་5ཉིན་འཇར་མན་དང་ཨོ་སི་ཐྲི་ཡས་ཧང་གྷ་རིར་ཁེགས་ལུས་ཡོད་པའི་སྐྱབས་འཆོལ་པ་སྟོང་ཕྲག་ཁ་ཤས་ལ་མཐའ་ཁུལ་བཀག་སྡོམ་གློད་པ་ཐག་བཅད། ཧང་གྷ་རིའི་སྲིད་གཞུང་གིས་སྤྱི་འཁོར་བརྒྱ་ལྷག་རྩ་འཛུགས་བྱས་ཏེ་སྐྱབས་འཆོལ་པ་རྣམས་ཧང་གྷ་རི་དང་ཨོ་སི་ཐྲི་ཡའི་མཐའ་འཚམ་དུ་བསྐྱལ། ཁོ་ཚོའི་ཁྲོད་ཀྱི་ཕལ་ཆེ་བས་ཨོ་སི་ཐྲི་ཡ་བརྒྱུད་འཇར་མན་དུ་སྐྱོད་པར་བདམས་ ཡོད། ཨོ་སི་ཐྲི་ཡའི་ནང་སྲིད་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཚེས་5ཉིན་ཨོ་སི་ཐྲི་ཡར་སླེབས་པའི་སྐྱབས་འཆོལ་པ་ཕལ་ཆེར་9000ལྷག་ཡོད། ཕྱི་དྲོར་ཨོ་སི་ཐྲི་ཡ་ནས་ཉེན་གཡོལ་རེ་ཞུ་བྱེད་པའི་སྐྱབས་འཆོལ་པ་20ལྷག་མ་གཏོགས་མི་འདུག འཇར་མན་ཕྱོགས་ཀྱི་གླེང་བ་ལྟར་ན། བསྡུ་ལེན་གྲ་སྒྲིག་བྱས་ཡོད་པའི་སྐྱབས་འཆོལ་བ་ཆིག་ཁྲི་ལྷག་ཉིན་དེར་འཇར་མན་དུ་འབྱོར་ཡོད། འོན་ཀྱང་ཐེངས་དེའི་བཀག་གློད་ནི་གནས་སྐབས་ཀྱི་མྱུར་སྐྱོབ་ཡིན། 
       ཚེས་5ཉིན་འཇར་མན་གྱི་ཕྱི་འབྲེལ་པུའུ་ཀྲང་ཧྲུའུ་ཐའེ་དབྱིན་མའེ་ཨར་གྱིས་ནན་བཤད་ལྟར་ན། ཐེངས་འདི་འཇར་མན་གྱིས་སྐྱབས་འཆོལ་པ་མང་པོ་རྒྱལ་ཁོངས་སུ་འཛུལ་ཏུ་འཇུག་པ་དེ་ནི་གནས་སྐབས་ཀྱི་མྱུར་སྐྱོབ་ཅིག་ཡིན་པས། མ་འོངས་ཉིན་ཤས་ནང་བཀའ་སྒྲུབ་བྱེད་མི་ཐུབ། འཇར་མན་པྰ་ཧྥ་ལི་ཡ་ཁུལ་གྱི་ནང་སྲིད་པུའུ་ཀྲང་ཧོར་མན་གྱིས་ཙུང་ལི་མའོ་ཁེར་གྱིས་ཁུལ་སོ་སོའི་ཁུལ་དཔོན་དང་གྲོས་མ་བྱས་པར་སྐྱབས་འཆོལ་པ་རྒྱལ་ཁོངས་སུ་འཛུལ་ཏུ་བཅུག་པའི་གནས་སྐབས་ཐག་གཅོད་ལ་བློ་མི་ཁེངས་ཤིང་། དོན་དེས་ཡོ་རོབ་ཏུ་ནོར་འཁྲུལ་གྱི་བརྡ་རྟགས་ཤིག་བཏང་ཡོད་ཅེས་བཤད། འཇར་མན་གྱི་སྲིད་འཛིན་ཏང་སོ་སོའི་དབུ་ཁྲིད་པས་སྐྱབས་འཆོལ་པ་བཀོད་སྒྲིག་གནད་དོན་ཐད་བྲེལ་མྱུར་གྱི་ཚོགས་འདུ་འཚོགས། 
       འཇར་མན་གཞུང་ཕྱོགས་ཀྱི་སྔོན་དཔག་ལྟར་ན། ད་ལོར་འཇར་མན་དུ་འཛུལ་བའི་སྐྱབས་འཆོལ་པའི་སྤྱིའི་སྡོམ་གྲངས་ཕལ་ཆེར་ཁྲི་80རུ་ཐོན་ངེས། ཚེས་5ཉིན་ཧྥུ་རན་ཁེ་ཧྥུ་ཚགས་པར་གྱིས་ཚོད་རྩིས་བྱས་ཏེ། ད་ལོར་འཇར་མན་གྱིས་སྐྱབས་འཆོལ་པ་བཀོད་སྒྲིག་ཐད་གཏང་པའི་འགྲོ་གྲོན་བསྡོམས་པས་ཡོ་སྒོར་དུང་ཕྱུར་100ལས་བརྒལ་ངེས། །



      







དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1