ཝང་ཏུང་མིང་གིས་ཅེ་ཁེ་སྤྱི་མཐུན་རྒྱལ་ཁབ་ཀྲུང་ཅེ་ཁེའི་ཁུལ་གྱི་ཁུལ་དཔོན་ཕེ་ཐིའི་ལཱ་དང་ཙུང་ཐུང་བློ་འདོན་པ་ཁི་ཧའོ་ཐི་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-09



  སྤྱི་ཟླ་9པའི་ཚེས་7ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིན་གིས་ཁྲེན་ཏུའུ་ནས་ཅེ་ཁེའི་སྤྱི་མཐུན་རྒྱལ་ཁབ་ཀྲུང་ཅེ་ཁེའི་ཁུལ་གྱི་ཁུལ་དཔོན་ཕེ་ཐིའི་ལཱ་དང་ཙུང་ཐུང་བློ་འདོན་པ་ཁི་ཧའོ་ཐི་དང་མཇལ་འཕྲད་གནང་སྟེ་ཁོང་ཚོ་སི་ཁྲོན་ལ་གཟིགས་ཞིབ་ཏུ་ཕེབས་པར་དགའ་བསུ་ཞུས། དེ་མིན་ཀྲུང་ཅེ་ཁེའི་ཁུལ་དང་སི་ཁྲོན་ཞིང་ཆེན་གཉིས་ཀྱིས་མཛའ་འབྲེལ་ཞིང་ཁུལ་གྱི་གྲོས་གཞི་ལ་མིང་རྟགས་བཀོད་པར་རྟེན་འབྲེལ་ཞུས། 
  ཝང་ཏུང་མིང་གིས་ཕེ་ཐིའི་ལཱ་ཁུལ་དཔོན་དང་སྐུ་ཞབས་ཧའོ་ཐིའུ་གཉིས་ནི་སི་ཁྲོན་གྱི་གྲོགས་པོ་རྙིང་པ་ཡིན་ལ། སི་ཁྲོན་དང་ཅེ་ཁེ་གཉིས་ཀྱི་མཉམ་འབྲེལ་བྱ་བར་ལས་ཀ་མང་པོ་བསྒྲུབས། ལོ་སྔོན་མའི་ཟླ་10བའི་ནང་ཕེ་ཐིའུ་ལཱ་དང་ཧའོ་ཐིའུ་གཉིས་ཙུང་ཐུང་ཙེ་མན་དང་ལྷན་དུ་སི་ཁྲོན་དུ་ཕེབས་ནས་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་འགྲེམ་སྟོན་ཚོགས་འདུར་ཞུགས་ཏེ་ཚོང་ལས་དང་འབྲེལ་བའི་མཉམ་ལས་གྲོས་གཞི་མང་པོར་མིང་རྟགས་བཀོད། ཕྱོགས་གཉིས་ཀྱི་འབད་པའི་འོག་ཉེ་བའི་ལོ་འགའི་ནང་མཉམ་འབྲེལ་ལས་ཀ་འགའ་ཞིག་ལ་འབྲས་བུ་བཟང་པོ་ཐོབ་ཡོད་པ་རེད། ཁྲེན་ཏུའུ་རུ་བཅའ་སྡོད་བྱས་པའི་ཅེ་ཁེའི་དོན་གཅོད་ཁང་སང་ཉིན་དངོས་སུ་སྒོ་འབྱེད་རྒྱུ་ཡིན་ལ། ཅེ་ཁེ་ཡིས་སྐབས་གསུམ་པའི་ཀྲུང་གོ་(མེན་དབྱང)ཚན་རྩལ་གྲོང་རྡལ་གྱི་རྒྱལ་སྤྱིའི་ཚན་རྩལ་འགྲེམ་སྟོན་ཚོགས་པའི་སྐུ་མགྲོན་གཙོ་བོའི་འགན་ཁུར་དགོས་པར་མ་ཟད་འབྲེལ་ཡོད་བྱེད་སྒོ་སྣ་ཚོགས་སྤེལ་དགོས། སི་ཁྲོན་དང་ཅེ་ཁེ་གཉིས་ཀྱི་ཚོང་ལས་མཉམ་འབྲེལ་ལས་འཛིན་ལྷན་ཚོགས་འགོ་ཚུགས་པ་དང་ལྷན་དུ་དེའི་འབྲེལ་གྱི་ལས་ཀའི་འགོ་ཚུགས་པ་རེད། ཀྲུང་གོ་དང་ཅེ་ཁེ་གཉིས་ཀྱི་འབྲེལ་བ་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བཞིན་པའི་སྐབས་འདིར་ང་ཚོར་ཅེ་ཁེ་དང་ལྷན་དུ་ཕྱོགས་ཡོངས་ནས་སི་ཁྲོན་དང་ཅེ་ཁེ་གཉིས་ཀྱི་མཉམ་འབྲེལ་ལ་སྐུལ་འདེད་གཏང་བར་མོས་མཐུན་ཡོད་པ་དང་སློབ་གསོ་དང་ཚན་རྩལ། རིག་གནས། ཡུལ་སྐོར། འཕྲོད་བསྟེན་སོགས་ཀྱི་ཁྱབ་ཁོངས་ཀྱི་མཉམ་ལས་འབྲེལ་བར་ཤུགས་སྣོན་བྱ་ངེས་ཞེས་བསྟན།
  ཕེ་ཐིའི་ལཱ་ཡིས་ཐེངས་འདིར་ང་ཚོས་ཀྲུང་ཅེ་ཁེ་ཁུལ་གྱི་འཐུས་མི་ཚོགས་པ་ཁྲིད་དེ་སི་ཁྲོན་ལ་རྟོག་ཞིབ་ཏུ་ཡོང་བ་ནི་སི་ཁྲོན་དང་ཅེ་ཁེ་གཉིས་ཀྱི་མཛའ་འབྲེལ་སྔར་ལས་འཕེལ་རྒྱས་སུ་འགྲོ་བའི་ཆེད་དུ་ཡིན་ལ། ལོ་སྔོན་མར་མིང་རྟགས་བཀོད་པའི་མཉམ་འབྲེལ་ལས་གཞི་མང་པོར་གྲུབ་འབྲས་ཆེན་པོ་བླངས་ཡོད་ལ། འདི་ལས་ཀྲུང་ཅེ་ཁེ་ཁུལ་དང་སི་ཁྲོན་གཉིས་ཀྱི་བདེན་དངོས་ཀྱི་མཉམ་འབྲེལ་ལ་གྲུབ་འབྲས་བཟང་པོ་ཐོབ་པ་དང་ཕྱོགས་གཉིས་ཀྱི་མཉམ་ལས་འབྲེལ་བ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བ་ཤེས་ཐུབ། སོ་སོས་རང་རང་གི་ཁྱད་ཆོས་དམིགས་སུ་བཟུང་ནས་ཁེ་ལས་པ་ཕན་ཚུན་བར་ལ་མཉམ་ལས་ཀྱི་སྟེགས་བུ་ཞིག་བསྐྲུན་པར་སྐུལ་འདེད་དུ་གཏང་དགོས་ལ་རིག་གནས་ཡུལ་སྐོར་དང་སློབ་གསོ་ཚན་རྩལ། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ལ་གྲུབ་འབྲས་བཟང་བོར་ལེན་པར་འབད་པ་བྱ་དགོས་ཞེས་བསྟན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1