2015ལོའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་འགྲེམས་སྟོན་ཚོགས་འདུ་འཚོགས་འགོ་ཚུགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-11


 
       2015ལོའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་འགྲེམས་སྟོན་ཚོགས་འདུ་ཚེས་10ཉིན་ཉིང་ཞ་རུ་འཚོགས་འགོ་ཚུགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་བཏང་ཞིང་། ཚོགས་འདུ་འདི་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། ཚོགས་འདུར་ཞུགས་མཁན་རྒྱལ་ཁབ་ཁག་གི་འགོ་ཁྲིད་དང་སྐུ་མགྲོན་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་ཞུས་པ་རེད། 
         ཞི་ཅིན་ཕིང་གིས་འཕྲིན་ཡིག་ནང་དུ་གསུང་དོན། སྐབས་འདིའི་འགྲེམས་སྟོན་ཚོགས་འདུར་དར་གོས་ལམ་བུའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཀྲུང་གོ་དང་ཨ་རབ་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་བརྗོད་བྱ་གཙོ་བོར་བྱས་ཤིང་། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་འཛམ་གླིང་གི་ས་ཁུལ་གཞན་དག་གི་རྒྱལ་ཁབ་དང་འབྲེལ་འདྲིས་དང་མཉམ་ལས་ཕྱོགས་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་གཉིས་ཀའི་མི་དམངས་དབར་གྱི་མཛའ་བརྩེ་གཏིང་ཟབ་ཏུ་སྤེལ་བ་དང་། དོན་དངོས་ཐོག་ནས་མཉམ་ལས་བྱེད་པའི་འབྲེལ་བའི་ཆུ་ཚད་ཇེ་མཐོ་རུ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་པ།
         ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཁག་ནི་ཕན་ཚུན་ཡིད་ཆེས་ཡོད་པའི་གྲོགས་པོ་བཟང་པོ་ཡིན་ལ། ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ལམ་བུའི་ཐོག་མཉམ་དུ་ལག་གདང་སྦྲེལ་ནས་འགྲོ་བའི་སྤུན་ཟླ་བཟང་པོ་ཡིན། ན་ནིང་། ཀྲུང་ཨ་མཉམ་ལས་གླེང་སྟེགས་སྐབས་དྲུག་པའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་འགོ་ཚུགས་མཛད་སྒོའི་ཐོག  ཕྲན་གྱིས་ཀྲུང་གོ་དང་ཨ་རབ་ཀྱིས་མཉམ་ལས་ཐུན་མོང་ཐོག་ཁུལ་གཅིག་ལམ་གཅིག་སྐྲུན་རྒྱུའི་གྲོས་འགོད་བཏོན་པ་ཡིན་ལ། ཨ་རབ་རྒྱལ་ཁབ་ཀྱིས་དེའི་ཐད་ནས་ཧུར་ཐག་གི་ལན་སློག་པ་རེད། འབྲེལ་ཡོད་ཁྱབ་ཁོངས་ཁག་གི་མཉམ་ལས་གང་མགྱོགས་སྒོས་སྤེལ་བཞིན་ཡོད།
         ཞི་ཅིན་ཕིང་གིས། ཀྲུང་གོས་ཞི་བདེ་མཉམ་ལས་དང་། སྒོ་འབྱེད་ཁོང་ཡངས། ཕན་ཚུན་སློབ་སྦྱོང་། གཉིས་ཕན་རྒྱལ་ཁ་བཅས་ཀྱི་དར་གོས་ལམ་བུའི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་འདོད་ལ། ཨ་རབ་རྒྱལ་ཁབ་ཚུད་པའི་འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཉམ་དུ་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དང་། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་འབད་བརྩོན་བྱེད་དགོས། 
         རྒྱལ་དོན་ཨུ་ཡོན་ཀུའོ་ཧྲིན་ཁུན་གྱིས་ཀྲུང་གོའི་སྲིད་གཞུང་གི་ཚབ་བྱས་ནས་འགྲེམས་སྟོན་ཚོགས་འདུའི་འགོ་ཚུགས་ཚོགས་ཆེན་ལ་ཞུགས་པ་དང་གཙོ་དོན་གཏམ་བཤད་གནང་། 
         ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་འགྲེམས་སྟོན་ཚོགས་འདུ་ནི་ཚོང་དོན་པུའུ་དང་། ཚོང་སྐུལ་ཚོགས་པ། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཅས་ཀྱིས་ཐུན་མོང་ཐོག་གཙོར་གཉེར་གནང་ཞིང་། ཀྲུང་གོ་དང་ཨ་རབ་ཀྱིས་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བའི་འཐབ་ཇུས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཡིན་ནོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1