རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《རིམ་དབྱེའི་སྨན་བཅོས་ལམ་ལུགས་ འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་ འཆར་》པར་འགྲེམས་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-13


         ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《རིམ་དབྱེའི་སྨན་བཅོས་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》(གཤམ་དུ་བསྡུས་མིང་ལ་《བསམ་འཆར་》ཞེས་བརྗོད་རྒྱུ)པར་འགྲེམས་བྱས་ནས་རིམ་དབྱེའི་སྨན་བཅོས་ལམ་ལུགས་འཛུགས་སྐྱོང་ལ་གང་མགྱོགས་སྐུལ་འདེད་བཏང་སྟེ་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་ངང་སྨན་པ་བསྟེན་པའི་རྣམ་པ་ཞིག་གྲུབ་ནས་མི་དམངས་ཀྱི་གཟུགས་གཞི་བདེ་ཐང་གི་ཆུ་ཚད་མཐོ་རུ་དང་དམངས་འཚོ་འགན་ལེན་དང་སྔར་བས་ལེགས་སུ་གཏོང་རྒྱུའི་བཀོད་སྒྲིག་བྱས་པ་རེད།
         《བསམ་འཆར་》ནང་2017ལོར་སླེབས་སྐབས་རིམ་དབྱེའི་སྨན་བཅོས་སྲིད་ཇུས་མ་ལག་རིམ་བཞིན་འཐུས་ཚང་དུ་གཏོང་བ་དང་། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ལས་བགོས་རོགས་རེས་ཀྱི་ལམ་སྲོལ་གཞི་རྩའི་ཆ་ནས་ཆགས་པ། ཕུལ་བྱུང་སྨན་བཅོས་ཐོན་ཁུངས་གོ་རིམ་ལྡན་ལ་ནུས་ལྡན་ངང་གཞི་རིམ་དུ་ཁྱབ་པ། མཁོ་ཆོད་སྨན་པ་གཙོ་གནད་དུ་བྱས་པའི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ནུས་ལྡན་རྒྱག་པ། སྨན་བཅོས་ཐོན་ཁུངས་བེད་སྤྱོད་བྱེད་ཚད་དང་སྤྱི་ཡོངས་ཀྱི་ཕན་འབྲས་སྔར་བས་ཆེ་རུ་གཏོང་བ། གཞི་རིམ་གྱི་སྨན་བཅོས་སྒྲིག་གཞིའི་སྨན་བཅོས་བྱེད་ཚད་ཀྱིས་སྨན་བཅོས་བྱེད་ཚད་ཁྱོན་ཡོངས་ཀྱི་བསྡུར་གྲངས་བཟུང་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་བ། སྨན་པ་བསྟེན་པའི་སྒྲིག་གཞི་སྔར་བས་ལུགས་མཐུན་དང་ཚད་ལྡན་ཡོང་བ་བཅས་བྱེད་དགོས། 2020ལོར་སླེབས་སྐབས་རིམ་དབྱེའི་སྨན་བཅོས་ཞབས་ཞུའི་ནུས་པ་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་། འགན་ལེན་ལམ་སྲོལ་རིམ་བཞིན་འཐུས་ཚང་དུ་གཏོང་བ། བཀོད་སྒྲིག་ལུགས་མཐུན་དང་། གཞི་ཁྱོན་འོས་འཚམ། རིམ་ལྡན་ལེགས་འགྱུར། འགན་འཁྲི་ཁ་གསལ། ནུས་པ་འཐུས་ཚང་། ལས་ཕྱོད་ཆེ་བ་བཅས་ཀྱི་སྨན་བཅོས་ཞབས་ཞུའི་མ་ལག་ཅིག་གཞི་རྩའི་ཆ་ནས་ཆགས་པ་བཅས་བྱས་ཏེ་གཞི་རིམ་དུ་སྨན་བཅོས་ཐོག་མ་བྱེད་པ་དང་། གཉིས་སྒྱུར་སྨན་བཅོས་བྱེད་པ། དོས་དྲག་དང་རྒྱུན་ནད་ལོགས་དབྱེ་སྨན་བཅོས་བྱེད་པ། གོང་འོག་མཉམ་འགུལ་བཅས་ཀྱི་རིམ་དབྱེའི་སྨན་བཅོས་བྱ་ཐབས་ཤིག་རིམ་གྱིས་ཆགས་པ་དང་གཞི་རྩའི་ཆ་ནས་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་རིམ་དབྱེའི་སྨན་བཅོས་ལམ་ལུཌ་ཤིག་འཛུཌ་སྐྱོང་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
         《བསམ་འཆར་》ནང་ཕྱོགས་ཆེན་པོ་གཉིས་ཐད་ཀྱི་ལས་ཀའི་བྱེད་ཐབས་གསལ་སྟོན་བྱས་ཡོད་པ་སྟེ། ཕྱོགས་གཅིག་ནས་གཞི་རིམ་སྟོབས་ཆེར་གཏོང་རྒྱུ་དེ་ཉིད་གཙོ་གནད་དུ་བྱས་ནས་རིམ་དབྱེའི་སྨན་བཅོས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ་དང་། ཕྱོགས་གཞན་ཞིག་ནས་རིམ་དབྱེའི་སྨན་བཅོས་འགན་ལེན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་པ་དེ་རེད།
          རིམ་དབྱེའི་སྨན་བཅོས་ལམ་ལུགས་འཛུགས་རྒྱུ་དེ་ནི་ལུགས་མཐུན་ངང་སྨན་བཅོས་ཐོན་ཁུངས་བཀོད་སྒྲིག་དང་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དོ་སྙོམས་ཅན་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་བྱེད་ཐབས་ཤིག་ཡིན་ལ་སྨན་བཅོས་སྒྲིག་གཞི་སྒྱུར་བཅོས་བྱེད་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་འཛུགས་པའི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན། 2009ལོ་ཚུན་དུ་ས་གནས་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་རིམ་དབྱེའི་སྨན་བཅོས་འཚོལ་ཞིབ་ལས་དོན་སྤེལ་བ་དང་མིག་སྔར་ཞིང་ཆེན་16དང་། ས་ཁུལ་དང་གྲོང་ཁྱེར་173 རྫོང་688བཅས་སུ་ཚོད་ལྟ་བྱེད་འགོ་བཙུགས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་དེ་བས་གོ་རིམ་ལྡན་ལ་ནུས་ལྡན་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ཞིག་མཁོ་འདོན་བྱེད་བཞིན་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1