སྐབས་བདུན་པའི་གེ་སར་རྒྱལ་སྤྱིའི་རིག་གཞུང་དཔྱད་གླེང་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-13


      སྤྱི་ཟླ་9པའི་ཚེས་12ཉིན། སི་ཁྲོན་ཞིང་ཆེན་རིག་གནས་ཐིང་དང་། དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་། དཀར་མཛེས་ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་དཀར་མཛེས་ཁུལ་རིག་གནས་ལུས་རྩལ་རླུང་འཕྲིན་གསར་འགྱུར་དཔེ་སྐྲུན་ཅུས་ཀྱིས་མཉམ་དུ་གཉེར་བའི་སྐབས་བདུན་པའི་གེ་སར་རྒྱལ་སྤྱིའི་རིག་གཞུང་དཔྱད་གླེང་ཚོགས་འདུ་དེ་ཁྲེན་ཏུའུ་ནས་འཚོག་འགོ་ཚུགས་ཤིང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་རིག་གཞུང་ཚན་ཁག་གི་ཨུ་ཡོན། རྒྱལ་ཡོངས་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ། མི་རིགས་རྩོམ་རིག་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ངམ་ཞིབ་འཇུག་པ་ཚའོ་ཀུ་ཅིན། དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ། ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱམས་བློ་འགོ་ཚུགས་མཛད་སྒོར་ཞུགས་པ་དང་། སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གི་འབྲེལ་ཡོད་འགོ་ཁྲིད་དང་དེ་བཞིན་འཇར་མན་དང་ལྷོ་ཁོ་རེ་ཡ། ཡུག་རེན་སོགས་རྒྱལ་ཁབ་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་གྲགས་ཅན་བཅས་ཚོགས་འདུར་ཞུགས། རྒྱལ་ཡོངས་གེ་སར་ལས་ཀའི་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན། ཞིབ་འཇུག་པ་ཆེན་མོ་ནོར་བུ་དབང་ལྡན་གྱིས་འགོ་ཚུགས་མཛད་སྒོར་གཙོ་སྐྱོང་གནང་།

     ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཚོགས་འདུ་ནི་ད་ལོའི་ཟླ་བརྒྱད་པར་གཉེར་འགོ་ཚུགས་པའི་གེ་སར་གྱི་ཕ་ཡུལ་སི་ཁྲོན་དཀར་མཛེས་སུ་སྐྱོད་པའི་བྱེད་སྒོ་རབ་དང་རིམ་པའི་ས་ཚིགས་མཐའ་མ་དེ་དང་ཆེས་གལ་ཆེ་བའི་རྣམ་གྲངས་ཤིག་ཡིན་ལ། དེ་ནི་2006ལོར་ཀན་སུའུ་ཞིང་ཆེན་རྨ་ཆུ་རྫོང་ཨུས་གཉེར་བའི་སྐབས་དྲུག་པའི་གེ་སར་རིག་གཞུང་དཔྱད་གླེང་ཚོགས་འདུ་འཚོགས་པ་ནས་བཟུང་ལོ་དགུའི་རྗེས་སུ་གཉེར་བའི་གེ་སར་རྩོམ་རིག་ལོ་རྒྱུས་ཐོག་གི་ཚོགས་འདུ་གཟབ་རྒྱས་ཤིག་རེད།

     འགོ་ཚུགས་མཛད་སྒོའི་ཐོག ཁྲོ་ཀུ་ཅིན་གྱིས་བསྟན་དོན། གླིང་སྒྲུང་ནི་རླབས་ཆེ་བའི་ལོ་རྒྱུས་སྙན་ངག་ཞིག་ཡིན་ལ། གླིང་སྒྲུང་གི་ཞིབ་འཇུག་ལ་ལོ་བཅུ་ཕྲག་སོང་ཡོད་པ་རེད། ད་ལྟའི་བར་དུ་ཐོབ་ཡོད་པའི་དཔྱད་གཞིའི་ཡིག་རིགས་ཀྱི་གྲུབ་འབྲས་དང་། རིག་གཞུང་ཞིབ་འཇུག་གི་གྲུབ་འབྲས། ཁྱབ་གདལ་ངོ་སྤྲོད་ཀྱི་གྲུབ་འབྲས་སོགས་མི་ཉུང་བ་ཞིག་བླངས་ཡོད་པ་རེད། སླད་ཕྱིན་གྱི་གེ་སར་ལས་དོན་སྔར་ལས་ལྷག་པའི་སྒོ་ནས་གཞུང་ལུགས་ཅན་དང་། ཨང་གྲངས་ཅན་དུ་གཏོང་དགོས། ད་ཆ་ནི་ལག་རྩལ་བྱ་འཕུར་བ་ལྟར་གོང་འཕེལ་འགྲོ་བའི་དུས་རབས་ཤིག་ཡིན། ན་གཞོན་ཚོས་དེ་བས་དྲ་སྦྲེལ་ལ་བརྟེན་བཞིན་ཡོད། སྤོ་འཔྲིན་གྱི་མཐའ་སྣེ་བརྒྱུད་དེ་དུས་དང་རྣམ་པ་ཀུན་ཏུ་ཆ་འཕྲིན་ལག་སོན་བྱུང་བ་ལས་དཔེ་དེབ་ཆེན་པོ་དེ་དག་ལག་ཏུ་བཟུང་ཡོད་པ་མ་རེད། མཐུག་ཅིང་ལྗིད་པའི་གེ་སར་ལོ་རྒྱུས་ཀྱི་དེབ་ཐེར་ནི་ཀློག་བདེ་པོ་ཞིག་མིན་པར་མ་ཟད། ལྟ་ཀློག་དང་ལག་ཏུ་ཁྱེར་བར་དེ་བས་ཀྱང་སྟབས་བདེ་པོ་མེད། དེས་ན་གཞོན་རྣམས་ཀྱི་དཔེ་ཆ་ལྟ་ཀློག་ལ་ཤུགས་རྐྱེན་ཐེབས་སྲིད། སྤྲོ་སེམས་དང་ངང་རྒྱུད་རིང་པོས་མགོ་ནས་མཇུག་བར་བལྟ་མཁན་དཀའ་མོ་རེད། དེར་བརྟེན་ང་ཚོས་མཐོང་ཐུབ་པ་ནི་ཨང་གྲངས་ཅན་དེ་གླིང་སྒྲུང་ཞིབ་འཇུག་དང་འབྲི་བ། ལྟ་ཀློག་བྱེད་པར་ཆེས་ལེགས་པའི་བྱེད་ཐབས་ཤིག་ཡིན་ལ། དེ་རྒྱུད་འཛིན་བྱེད་པའི་འགྲོ་ལམ་ཡང་ཡིན། མི་དེ་བས་མང་བ་ཞིག་གིས་གླིང་སྒྲུང་ཤེས་རྟོགས་བྱ་དགོས་ན། ངེས་པར་དུ་སྨྱན་མང་གཟུགས་ཀྱི་བྱེད་སྟངས་སྤྱོད་དགོས། དེ་དང་ཐང་ག རི་མོ། རྡོ་བརྐོས་སོགས་ཟུང་འབྲེལ་བྱ་ན། དེ་ལས་མང་བའི་ན་གཞོན་ཚོའི་ཡིད་དབང་འཕྲོག་ནས་དང་ལེན་དང་ཤེས་རྟོགས་བྱེད་ངེས།
      སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གི་གཟུགས་མེད་རིག་གནས་ཤུལ་བཞག་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཧོང་ཡུས་མེས་རིག་གནས་ཐིང་གི་ཐིང་ཀྲང་གཞོན་པ་ཚེ་པོའི་ཚབ་བྱས་ཏེ་གཏམ་བཤད་གནང་། ང་ཚོས་སྐབས་ལྔ་པའི་ཀྲུང་གོའི་ཁྲེན་ཏུའུ་རྒྱལ་སྤྱིའི་གཟུགས་མེད་རིག་གནས་ཤུལ་བཞག་དུས་ཆེན་དང་དུས་གཅིག་ཏུ་སྐབས་བདུན་པའི་གེ་སར་རྒྱལ་སྤྱིའི་གླེང་སྟེགས་ཚོགས་པའི་དམིགས་ཡུལ་ནི་ཁྲེན་ཏུའུ་ཡི་གཟུགས་མེད་རིག་གནས་ཤུལ་བཞག་དུས་ཆེན་ཞེས་པའི་རྒྱལ་སྤྱིའི་སྟེགས་བུ་ཆེན་པོ་འདི་བེད་སྤྱད་དེ། རྒྱལ་ཁབ་ཕྱི་ནང་གི་རྩེར་སོན་རིག་མཛོད་དང་རིགས་གཅིག་མཁས་ཅན་དང་མཁས་དབང་རྣམས་ལྷན་འཛོམས་བྱུང་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་མིང་གཞུང་དུ་ཚུད་པའི་རྣམ་གྲངས་ཏེ་གླིང་སྒྲུང་ལ་འོད་ཟེར་ལམ་ལམ་འཕྲོ་པར་བྱས་ནས། འཛམ་གླིང་སྐྱེ་བོ་ཀུན་གྱིས་དེ་བས་དོ་སྣང་བྱེད་པར་འགུག་ཐབས་བྱེད་པ་དེ་ཡིན། ཀྲུང་གོའི་ཁྲེན་ཏུའུ་རྒྱལ་སྤྱིའི་གཟུགས་མེད་རིག་གནས་ཤུལ་བཞག་དུས་ཆེན་ནི་རང་རྒྱལ་གྱི་རྒྱལ་སྤྱིའི་རང་བཞིན་དང་རྒྱལ་ཁབ་རིམ་པའི་རིག་གནས་སྤུས་རྟགས་དུས་ཆེན་བཞིའི་ནང་གསེས་གཅིག་ཡིན་ལ། གོ་ལ་ཧྲིལ་པོའི་ཆེས་ཐོག་མའམ་གཞི་ཁྱོན་ཆེ་ཤོས་དང་ཚད་གཞི་མཐོ་ཤོས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྗོད་བྱ་གཙོ་བོར་བྱེད་པའི་རིག་གནས་དུས་ཆེན་གྱི་བྱེད་སྒོ་ཞིག་ཀྱང་ཡིན། གེ་སར་རིག་གཞུང་བགྲོ་གླེང་གི་བྱེད་སྒོ་དེ་འདི་ལྟ་བུའི་དུས་ཆེན་དང་ཁོག་ཡུག་ནང་དུ་བཞག་པས། སྔར་ལས་ལྷག་པའི་སྒོ་ནས་གེ་སར་རིག་གནས་ཀྱི་རྒྱལ་སྤྱིའི་ཤུགས་རྐྱེན་རྒྱ་ཇེ་ཆེ་རུ་གཏོང་ཐུབ་པ་དང་། སྔར་བས་མངོན་གསལ་དོད་པོའི་སྒོ་ནས་གེ་སར་ལོ་རྒྱུས་སྙན་རྩོམ་གྱི་རིག་གཞུང་གི་རིན་ཐང་དང་རིག་གནས་ཀྱི་རིན་ཐང་མཚོན་ཐུབ།
         དུས་མཚུངས་སུ་ཧོང་ཡུས་མེས་ད་དུང་ཐེངས་འདིའི་གེ་སར་གྱི་ཕ་ཡུལ་དུ་སྐྱོད་པ་ཞེས་པའི་བྱེད་སྒོ་འདི་མདོ་དབུས་མཐོ་སྒང་གི་ལོ་རྒྱུས་སྙན་རྩོམ་དར་ཁྱབ་ཆེ་བའི་ས་ཁུལ་གྱི་ཐུན་མོང་གི་རིག་གནས་སྤུས་རྟགས་ཤིག་ཡིན་པའི་ཆ་ནས། ཐུན་མོང་ཐོག་བཟོ་སྒྲུབ་བྱེད་པ་དང་། ཐུན་མོང་ཐོག་སྲུང་སྐྱོང་བྱས་ནས། མཉམ་སྐྲུན་མཉམ་སྤྱོད་བྱ་དགོས་པའི་རེ་བ་བཏོན།
        དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱམས་བློས་ནན་གྱིས་བསྟན་དོན། གེ་སར་རིག་གནས་ནི་དམངས་ཁྲོད་དུ་བྱུང་བ་དང་། དམངས་ཁྲོད་དུ་དར་ཁྱབ་དང་གསར་གཏོད་བྱུང་བ་རེད། དེ་ནི་ཀྲུང་གོའི་བོད་རིགས་ས་ཁུལ་གྱི་ཕུལ་དུ་བྱུང་བའི་མི་རིགས་རིག་གནས་ཀྱི་གཅེས་ནོར་དང་མིའི་རིགས་ཡོངས་ཀྱི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན། དཀར་མཛེས་ཁུལ་ནི་གེ་སར་གྱི་འཁྲུངས་ཡུལ་ཡིན་པའི་ཆ་ནས། དཔའ་བོའི་ལོ་རྒྱུས་སྙན་རྩོམ་ལོ་ངོ་སྟོང་ལ་བརྒྱུད་ལེན་བྱས་པ་དང་། དགྲ་ལྷའི་ངག་རྒྱུན་ལ་མི་རབས་ནས་མི་རབས་བར་བསྟོད་བསྔགས་བྱས། མཛེས་སྡུག་རྣམ་པར་བཀྲ་བའི་རིག་གནས་ཀྱི་ཕུགས་ཟབ་ཅིང་ ་རྒྱུན་རིང་།  གེ་སར་བརྗོད་གཞི་གཙོ་བོར་བྱས་པའི་ཐང་ག་དང་། འདྲ་སྐུ། ལྡེབས་བྲིས། རྡོ་བརྐོས། ཟློས་གར་དང་གླུ་གཞས་སོགས་ཁུལ་ཡོངས་ཀྱི་ས་ཁུལ་མང་ཆེ་བར་ཁྱབ་ཡོད། ཉེ་བའི་ལོ་ཤས་རིང་། ང་ཚོས་ཐོག་མཐའ་བར་གསུམ་དུ་གེ་སར་རིག་གནས་སྲུང་སྐྱོབ་དང་རྒྱུད་འཛིན་བྱ་རྒྱུ་དེ་གཙོ་གནད་ལས་གཞི་དང་གལ་ཆེའི་འགན་འཁྲི་རུ་བཟུང་ནས། ཧུར་ཐག་སྒོས་གེ་སར་རིག་གནས་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་དང་མྱུར་སྐྱོབ་ལེགས་སྒྲིག་གི་ལས་ཀ་སྤེལ་ནས། སྔ་རྗེས་སུ་འགོ་ཁྲིད་ལས་ཁུངས་དང་སློབ་ཚོགས་རྩ་འཛུགས་བཙུགས་ཡོད། 《གེ་སར་གྱི་འཁྲུངས་ཡུལ།》ཞེས་པའི་རིག་གཞུང་གི་ནང་ཁུལ་དུས་དེབ་ཅིག་གསར་འདོན་བྱས་ཤིང་། གྲུབ་འབྲས་སྐོར་གྱི་དཔེ་དེབ་《ལོ་རྒྱུས་སྙན་རྩོམ་གྱི་ཁྱིམ་གཞིས།》ཞེས་པ་དཔེ་སྐྲུན་བྱས། བོད་ཁུལ་གྱི་རི་མོ་བ་བརྒྱ་ལྷག་རྩ་འཛུགས་བྱས་ཏེ་ལོ་འགའི་དུས་ཡུན་ནང་དུ་གེ་སར་ཐང་ག་1288བཞེངས་ཤིང་། ད་བར་དུ་འཛམ་གླིང་ཡོངས་ཀྱི་སྒྲུང་རྩོམ་གིས་བརྗོད་བྱ་གཙོ་བོར་བྱས་པའི་ཡིག་ཚོགས་ཆེས་མང་ཤིང་། ལས་གཞིའི་གཞི་ཁྱོན་ཆེས་ཆེ་བའི་ཐང་གའི་སྒྱུ་རྩལ་གྱི་ལས་གཞི་ལེགས་འགྲུབ་བྱུང་ཡོད་པར་མ་ཟད། 2002ལོ་དང་། 2012ལོ་སོ་སོར་ཀྲུང་གོའི་སི་ཁྲོན་དཀར་མཛེས་ཁུལ་གེ་སར་ཕ་ཡུལ་གྱི་ལྷན་འཛོམས་ཞེས་པའི་རིག་གཞུང་གླེང་སྟེགས་ཀྱི་བྱེད་སྒོ་སྐབས་གཉིས་འཚོགས་པ་རེད། ད་ལོར་ཡང་གོ་རིམ་ལྡན་པའི་ངང་ནས་གེ་སར་གྱི་ཕ་ཡུལ་དུ་སྐྱོད་པ་ཞེས་པའི་རིག་གནས་བྱེད་སྒོ་རབ་དང་རིམ་པ་སྤེལ་བཞིན་ཡོད། གེ་སར་ནི་འཛམ་གླིང་གི་གཟུགས་མེད་རིག་གནས་ཤུལ་བཞག་ཡིན་པའི་ཆ་ནས། དཀར་མཛེས་ཁུལ་གྱི་རིག་གནས་ཀྱི་མིང་བྱང་གསལ་པ་ཞིག་ཏུ་གྱུར་ཡོད།
       ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་དཔྱད་གླེང་ཚོགས་འདུ་འཚོགས་པའི་དམིགས་ཡུལ་ནི་སྔོན་རབས་པའི་རིག་གཞུང་གི་བློ་གྲོས་རྒྱུད་འཛིན་བྱེད་པ་དང་། མིག་སྔར་གྱི་མཁས་དབང་གིས་གཞོལ་བའི་གྲུབ་འབྲས་མཚོན་པ། མ་འོངས་པའི་རིག་གཞུང་གི་མདུན་ལམ་ལ་རྒྱང་ལྟ་བྱེད་པ་དེ་ཡིན། དེ་ནི་ལོ་9ཡི་རིང་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་ཞིབ་འཇུག་གི་གྲུབ་འབྲས་ཀྱི་གཟིགས་ཞིབ་ཆེན་པོ་ཐེངས་ཤིག་ཡིན་ནོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1