ཞི་ཅིན་ཕིང་གིས་མོ་རི་ཐ་ཉི་ཡའི་ཙུང་ཐུང་ཨཱ་ཆི་ཙུའུ་དང་གྲོས་མོལ་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-15


        ཚེས་14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་རུ་མོ་རི་ཐ་ཉི་ཡའི་ཙུང་ཐུང་ཨཱ་ཆི་ཙུའུ་དང་ལྷན་འཛོམས་གྲོས་མོལ་གནང་། རྒྱལ་ཁབ་གཉིས་པོའི་དབུ་ཁྲིད་ཀྱིས་མཉམ་དུ་ཕྱོགས་གཉིས་ཀྱི་མ་འོངས་པའི་འབྲེལ་བར་འཆར་འགོད་བྱ་རྒྱུར་མོས་མཐུན་བྱུང་སྟེ། ཀྲུང་གོ་དང་མོ་རི་ཐ་ཉི་ཡའི་མཛའ་མཐུན་མཉམ་ལས་ལ་སྒུལ་ཤུགས་གསར་པ་བསྐྲུན།  

        ཞི་ཅིན་ཕིང་གིས་ཨཱ་ཆི་ཙུའུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་དང་2015ལོའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དངོས་མང་བཤམ་ཚོགས་ཀྱི་སྒོ་འབྱེད་མཛད་སྒོར་ཕེབས་པར་དགའ་བསུ་ཞུས། ཞི་ཅིན་ཕིང་གིས་ཀྲུང་གོ་དང་མོ་རི་ཐ་ཉི་ཡ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བཙུགས་པའི་དུས་རབས་ཕྱེད་ཀའི་ནང་། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བློ་འཁེལ་བའི་མཉམ་ལས་ཀྱི་གྲོགས་པོ་བཟང་པོ་ཡིན། ཀྲུང་གོ་དང་མོ་རི་ཐ་ཉི་ཡའི་རྒྱལ་དོན་མི་འདྲ་མོད། འོན་ཀྱང་ཐུན་མོང་གི་འཕེལ་རྒྱས་ཀྱི་རེ་འབོད་ཡོད་དེ། གཅིག་མཚུངས་ཀྱི་འགྲན་སློང་ཀྱང་འཕྲད་ཡོད། དེ་བཞིན་ཕྱོགས་གཉིས་ཀས་མུ་མཐུད་དུ་མཉམ་ལས་དམ་ཟབ་བྱེད་དགོས། ཀྲུང་གོས་མོ་རི་ཐ་ཉི་ཡས་ཀྲུང་གོའི་སྲོག་ཤིང་གི་ཁེ་ཕན་གཙོ་ཆེའི་གནད་དོན་ཐད་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པར་བཀའ་དྲིན་ཞུས། ང་ཚོས་ཀྱང་མུ་མཐུད་དུ་མོ་རི་ཐ་ཉི་ཡའི་བརྟན་འཇགས་སྲུང་སྐྱོབ་དང་། འཕེལ་རྒྱས་བརྩོན་ལེན་ལ་རྒྱབ་སྐྱོར་བྱེད་ངེས་ཡིན། ཀྲུང་གོས་མོ་རི་ཐ་ཉི་ཡ་དང་མཉམ་དུ་ཕྱོགས་གཉིས་ཀྱི་སྲིད་གཞུང་དང་སྲིད་ཏང་། གྲོས་ཚོགས་ཀྱི་མཛའ་མཐུན་འགྲོ་འོང་ལ་དམ་ཟབ་བྱེད་དེ། རིག་གནས་དང་གསར་འགྱུར། སློབ་གསོ། ན་གཞོན་སོགས་སྤྱི་ཚོགས་རིག་གནས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་རྒྱ་ཆེར་གཏང་མོས་ཡོད། ང་ཚོས་མུ་མཐུད་དུ་མོ་རི་ཐ་ཉི་ཡ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་། གཏེར་ལས་རིགས། ཉ་ལས་རིགས་སོགས་སྲོལ་རྒྱུན་ལས་རིགས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏང་བ་དང་། ཞིང་ལས་དང་ཆུ་གློག འཕྲོད་བསྟེན་ནུས་ཁོངས་སོགས་གསར་དར་ལས་རིགས་ཀྱི་མཉམ་ལས་རྒྱ་བསྐྱེད་བྱས་ནས་།   མོ་རི་ཐ་ཉི་ཡར་དཔལ་འབྱོར་དམིགས་བསལ་ཁུལ་དང་བཟོ་ལས་སྡེ་ཁུལ་གྱི་འཛུགས་སྐྲུན་སོགས་ཐད་ཀྱི་ཉམས་མྱོང་མཉམ་སྤྱོད་བྱ་རྒྱུ་ཡིན། ཀྲུང་གོས་མུ་མཐུད་དུ་སྨན་བཅོས་རུ་ཁག་མངགས་ཏེ་སྨན་བཅོས་དངོས་ཟོག་སོགས་ཀྱི་བྱ་ཐབས་བརྒྱུད། མོ་རི་ཐ་ཉི་ཡའི་སྨན་བཅོས་ལས་རིགས་འཕེལ་རྒྱལ་ལ་སྐུལ་འདེད་གཏང་རྒྱུ་ཡིན། ཕྱོགས་གཉིས་ཀས་མུ་མཐུད་དུ་གལ་ཆེའི་རྒྱལ་སྤྱི་དང་ས་གནས་གནད་དོན་ཐད་འབྲེལ་གཏུག་དང་མཐུན་སྦྱོར་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དེ། རྒྱལ་ཁབ་གཉིས་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱ་དགོས་ཞེས་གསུངས། 

      གྲོས་ཚོགས་མཇུག་སྒྲིལ་རྗེས། རྒྱལ་ཁབ་གཉིས་པོའི་དབུ་ཁྲིད་ཀྱིས་མཉམ་དུ་དཔལ་འབྱོར་ལག་རྩལ་མཉམ་ལས་དང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། སྨན་བཅོས་འཕྲོད་བསྟེན་སོགས་ལས་རིགས་ཀྱི་ཕྱོགས་གཉིས་ཀའི་མཉམ་ལས་ཡིག་ཆར་ཐོ་འགོད་གནང་། 

      གྲོས་ཚོགས་སྔོན་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་ནས་ཨཱ་ཆི་ཙུའུ་ལ་དགའ་བསུའི་མཛད་སྒོ་སྤེལ་བ་དང་། སྐུ་ལྕམ་ཕེན་ལི་ཡོན་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུའི་ཨུ་ཡོན་ཀྲང་གཞོན་པ་བྱམས་པ་ཕུན་ཚོགས། རྒྱལ་དོན་ཨུ་ཡོན་དབྱང་ཅེ་ཁྲི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་པིའོ་སོགས་མཛད་སྒོར་ཞུགས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1