སི་ཁྲོན་ཞིང་ཆེན་གྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-16


      

    ཝང་ཏུང་མིང་གིས་གསུང་བཤད་གནང་བ་དང་། ཝེ་ཧུང་དང་ཁོ་ཙུན་ཕིང་ཚོགས་འདུར་ཞུགས། དབྱིས་ལེ་ཡིས་ཚོགས་འདུར་གཙོ་སྐྱོང་གནང་།  

        སྤྱི་ཟླ་9བའི་ཚེས་15ཉིན་གྱི་སྔ་དྲོར། སི་ཁྲོན་ཞིང་ཆེན་གྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་དེ་ཁྲེན་ཏུའུ་རུ་འཚོགས། ཚོགས་འདུའི་ཐོག་ནན་ཁྲུང་གི་འདེམས་ཤོག་འཕེན་སྐུལ་དང་ལྐོག་རྔན་སྤྲོད་དེ་འདེམ་བསྐོ་བྱས་པའི་གྱོད་གཞིར་ཞིབ་བཤེར་བྱས་པའི་གནས་ཚུལ་བརྡ་བསྒྲགས་བྱས་པ་དང་། ཀྲུང་དབྱང་གི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། ཕྱོགས་བསྡོམས་དང་བསམ་ཞིབ་ནན་ཏན་སྒོ་ནས་བསླབ་བྱ་གཏིང་ཟབ་མོ་བླངས་ཐོག དེ་དཔྱད་གཞིར་བཟུང་ནས་གཅིག་ཤེས་ཀུན་གྲོལ་བྱས་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྒོ་ཀུན་ནས་ཏང་ནན་མོ་སྐྱོང་རྒྱུའི་སྐོར་གྱི་བཀོད་སྒྲིག་དང་བླང་བྱ་ཁག་བློ་བརྟན་འགྱུར་མེད་ཀྱིས་དོན་འཁྱོལ་བྱེད་པ་དང་། ཚད་གཞི་དང་སྤུས་ཚད་མཐོ་བའི་སྒོ་ནས་དྲང་གསུམ་ནན་གསུམ་གྱི་ཆེད་དོན་སློབ་གསོ་སྤེལ་བ། འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་གི་འཛུགས་སྐྲུན་ངེས་པ་དོན་གྱིས་དམ་འཛིན་བྱ་དགོས་པ་སོགས་ལ་རེ་བ་བཏོན་ནས། གོམ་གང་མདུན་སྤོས་ཀྱིས་སི་ཁྲོན་གྱི་མཆོང་བརྒལ་གཉིས་ཀྱི་སྟོབས་ཤུགས་ཆེན་པོ་སྔར་བས་གོང་བུ་གཅིག་ཏུ་སྒྲིལ་ནས་སྐུལ་འདེད་གཏོང་དགོས། 
        ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་གསུང་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཝེ་ཧུང་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙུན་ཕིང་ཚོགས་འདུར་ཞུགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དབྱིས་ལེ་ཡིས་ཚོགས་འདུར་གཙོ་སྐྱོང་གནང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཨུའི་ཧྲུའུ་ཅི་ཝང་ཡན་ཧྥེ་ཡིས་《ཀྲུང་གུང་ཀྲུང་དབྱང་གིས་སི་ཁྲོན་ནན་ཁྲུང་གི་འདེམས་ཤོག་འཕེན་སྐུལ་དང་ལྐོག་རྔན་སྤྲོད་དེ་འདེམ་བསྐོ་བྱས་པའི་གྱོད་གཞིར་ཞིབ་བཤེར་བྱས་པའི་གནས་ཚུལ་དང་དེའི་སྐོར་གྱི་བསླབ་བྱ་དང་ཉེན་བརྡའི་བརྡ་བསྒྲགས།》བསྒྲགས་ཀློག་བྱས། 
        ཝང་ཏུང་མིང་གིས་བསྟན་དོན། ནན་ཁྲུང་གི་འདེམས་ཤོག་འཕེན་སྐུལ་དང་ལྐོག་རྔན་སྤྲོད་དེ་འདེམ་བསྐོ་བྱས་པའི་གྱོད་གཞི་དེ་ནི་ཚབས་ཆེ་བའི་ཏང་གི་སྒྲིག་ལམ་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་བ་དང་། ཚབས་ཆེ་བའི་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་དང་འགལ་བ། ཚབས་ཆེ་བའི་རྩ་འཛུགས་དང་མི་དོན་གྱི་སྒྲིག་ཁྲིམས་དང་འགལ་བའི་གྱོད་དོན་ཆེན་པོ་ཞིག་ཡིན་པས་བསླབ་བྱ་ཆེན་པོ་ཐོབ་ཡོད། ཏང་ཀྲུང་དབྱང་གི་སྟོབས་ལྡན་གྱི་འགོ་ཁྲིད་དང་ཀྲུང་དབྱང་སྒྲིག་ཨུའི་ཐད་ཀའི་མཛུབ་ཁྲིད་འོག ཞིང་ཆེན་ཏང་ཨུས་འགན་གཙོ་བོ་ཁུར་ནས་སྒྲིག་འཛུགས་ཞིབ་ཚགས་ཅན་དང་བཀོད་སྒྲིག་ཞིབ་ཚགས་ཅན་རྒྱུན་འཁྱོངས་བྱས་ཏེ། གྱོད་གཞི་འདི་ཞིབ་རྩད་ཐག་གཅོད་བྱེད་པ་དེ་ཏང་གིས་ཏང་སྐྱོང་བ་དང་། ནན་མོ་སྒོས་ཏང་སྐྱོང་བའི་གཞི་ཁྱོན་ཆེན་པོའི་ནང་དུབཞག་སྟེ་འཛིན་པ་དང་། དངོས་ཐོག་བདེན་འཚོལ་དེ་རྨང་གཞིར་བཟུང་ནས་རྒྱུན་འཁྱོངས་བྱེད་པ་དང་། སྒྲིག་ཁྲིམས་སྔོན་ལ་བསྐྱོད་ཐུབ་པ་རྒྱུན་འཁྱོངས་དང་། བཅའ་ཁྲིམས་ཚད་གཞིར་འཛིན་པ་རྒྱུན་འཁྱོངས་བྱེད་པ། བསམ་བློའི་ཆབ་སྲིད་ཀྱི་ལས་ཀ་མགོ་མཇུག་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས། སྒྲིག་ཁྲིམས་དང་བཅའ་ཁྲིམས་ལྟར་ནན་ཁྲུང་གི་འདེམས་ཤོག་འཕེན་སྐུལ་དང་ལྐོག་རྔན་སྤྲོད་དེ་འདེམ་བསྐོ་བྱས་པའི་གྱོད་གཞི་ལ་བརྟག་དཔྱད་དང་ཐག་གཅོད་བྱས་པ་རེད། དོན་དངོས་ཀྱིས་ར་སྤྲོད་བྱས་པ་ནི། ཏང་ཀྲུང་དབྱང་གིས་ནན་ཁྲུང་གི་འདེམས་ཤོག་འཕེན་སྐུལ་དང་ལྐོག་རྔན་སྤྲོད་དེ་འདེམ་བསྐོ་བྱས་པའི་གྱོད་གཞི་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པའི་ཐབས་ཇུས་དང་བཀོད་སྒྲིག་ནི་ཡང་དག་ཡིན་པ་དང་། ང་ཚོའི་ཏང་གིས་ཁྱོན་ཡོངས་ནས་ཏང་ནན་སྐྱོང་གི་ཆོད་སེམས་བརྟན་པོ་མངོན་པར་མཚོན་པ་དང་། ང་ཚོའི་ཏང་གིས་རུལ་སུངས་ཀྱི་སྣང་ཚུལ་དང་མི་ལེགས་པའི་དར་སྲོལ་ལ་བཟོད་སྒོམ་གཏན་ནས་མེད་པའི་རྣམ་འགྱུར་གསལ་པོ་བསྟན་ཡོད། ཏང་གི་སྒྲིག་ལམ་དང་རྒྱལ་ཁྲིམས་ཀྱི་དབང་གྲགས་དང་ཟིལ་ཤུགས་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད་པ་དང་། རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་ལྷག་བསམ་རྣམ་དག་གིས་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་ཡོད།
         ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་བྱེད་ཐབས་བེད་སྤྱད་ནས་འཚོག་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་དམངས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི། ཞིང་ཆེན་མི་དམངས་ཁྲིམས་ཁང་གི་འགོ་གཙོ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི། དྲག་ཆས་ཉེན་རྟོག་སི་ཁྲོན་སྤྱི་ཁྱབ་རུ་ཁག་གི་དམག་སྤྱི་དང་ཆབ་སྲིད་ཨུ་ཡོན། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། ཞིང་ཆེན་སྒྲིག་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་དོན་གྲོས་ཚོགས་ཀྱི་ཁོངས་མི། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་གཞུང་ལས་ཁང་གི་ཀྲུའུ་རེན། ཞིང་ཆེན་ཐད་གཏོགས་སྡེ་ཚན་ཁག( ཚན་པ་ཁག ) ཀྲུང་དབྱང་གི་སི་ཁྲོན་ན་སྡོད་ཡོད་པའི་ལས་ཁུངས་ཀྱི་ཏང་གི་རྩ་འཛུགས།(ཏང་ཨུ།) ཚན་རིག་ཞིབ་འཇུག་གི་ལས་ཁུངས་ཁག་ཁ་ཤས། མཐོ་རིམ་སློབ་གྲྭ། རྒྱལ་དབང་ཁེ་ལས་ཆེ་གྲས་ཀྱི་ཏང་གི་རྩ་འཛུགས་(ཏང་ཨུ)ཀྱི་འགན་ཁུར་བློ་མཐུན་གཙོ་བོ་སོགས་ཚོགས་ར་གཙོ་བོ་རུ་ཚོགས་འདུར་ཞུགས། གྲོང་ཁྱེར་(ཁུལ)དང་། རྫོང་(གྲོང་ཁྱེར་དང་ཆུས)གི་ཚན་ཁག་གི་ལས་ཁུངས་བཞིའི་ཁོངས་མི་སོགས་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1