ཨབ་གྷན་སི་ཐན་གྱི་བུད་མེད་དགེ་རྒན་ཞིག་ལ་ནན་ཟུན་སྐྱབས་འཆོལ་མི་སེར་གཟེངས་རྟགས་ཐོབ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-17



  མཉམ་འབྲེལ་རྒྱལ་ཚོགས་སྐྱབས་འཆོལ་མི་སེར་བཀོད་འདོམས་པུའུ་ནས་ཚེས་15ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཚོགས་པ་འདིའི་ལོ་རེར་ཐེངས་རེ་སྤྲོད་བཞིན་པའི་2015ལོའི་ནན་ཟུན་སྐྱབས་འཆོལ་མི་སེར་གཟེངས་རྟགས་དེ་ཨབ་གྷན་སི་ཐན་གྱི་སྐྱབས་འཆོལ་མི་སེར་གྱི་བུད་མེད་དགེ་རྒན་ཨེ་ཅེ་ལཱ་ཨ་སི་ཧྥེ་(Aqeela Asifi)ལ་ཐོབ། གཟེངས་རྟགས་འདི་ནི་ཁོ་མོས་ཨབ་གྷན་སི་ཐན་གྱི་སྐྱབས་འཆོལ་མི་སེར་གྱི་བུད་མེད་སློབ་གསོའི་འཕེལ་རྒྱས་ལ་བཞག་པའི་མཛད་རྗེས་ལ་ཁས་ལེན་དང་གདེང་འཇོག་བྱས་པ་རེད།

  མཉམ་འབྲེལ་རྒྱལ་ཚོགས་སྐྱབས་འཆོལ་མི་སེར་བཀོད་འདོམས་པུའུ་ཡི་འགན་འཛིན་པ་ཧྥོ་ལེ་མིན་གྱིས་ཨ་སི་ཧྥེ་ནི་ཨབ་གྷན་སི་ཐན་གྱི་སྐྱབས་འཆོལ་མི་སེར་ཡུལ་མི་ཞིག་ཡིན་པའི་ཆ་ནས་ཁོ་མོས་བློ་སྤོབས་ཆེན་པོས་ཨབ་གྷན་སི་ཐན་གྱི་ལོ་ན་གཞོན་པའི་བུད་མེད་ཀྱི་སློབ་གསོའི་འཕེལ་རྒྱས་ལ་མཛད་རྗེས་ཆེན་པོ་བཞག ཁོ་མོས་རོགས་འདེགས་འོག་ལོ་ན་གཞོན་པའི་བུད་མེད་1000ལྷག་ལ་སློབ་ཆུང་རིམ་པའི་སློབ་གསོ་མྱོང་བའི་སྐལ་བ་ཐོབ་པ་རེད་ཅེས་བཤད། 

  མཉམ་འབྲེལ་རྒྱལ་ཚོགས་སྐྱབས་འཆོལ་མི་སེར་བཀོད་འདོམས་པུའུ་ཡིས་ཨབ་གྷན་སི་ཐན་གྱིས་འཛམ་གླིང་གི་གཞི་རྒྱ་ཆེས་ཆེ་ཞིང་རྒྱུན་བསྲིངས་ཆེས་རིང་བའི་སྐྱབས་འཆོལ་མི་སེར་གྱི་ཉེན་ཁ་བརྒྱུད་བཞིན་འདུག་ལ། ད་ལྟ་འཁྱམ་ཉུལ་བྱེད་བཞིན་པའི་ཨབ་གྷན་སི་ཐན་གྱི་སྐྱབས་འཆོལ་མི་སེར་ཁྲི་260ལྷག་ལས་མང་ཆེ་བ་བྱིས་པ་རེད། སློབ་གསོ་མྱོང་དུ་འཇུག་པ་ནི་འཁྱམ་ཉུལ་བྱེད་བཞིན་པའི་སྐྱབས་འཆོལ་མི་སེར་དག་ཕྱིར་ཕ་ཡུལ་དུ་ལོག་པ་དང་ཕ་ཡུལ་བསྐྱར་བསྐྲུན་བྱེད་པར་ཆེས་མཁོ་གལ་ཆེ་བའི་ཐབས་ལམ་ཞིག་ཡིན་ལ། བསྡོམས་རྩིས་བྱས་པ་ལྟར་ན། འཛམ་གླིང་གི་སྐྱབས་འཆོལ་བྱིས་པའི་མི་གྲངས་ཕྱེད་ཀས་སློབ་ཆུང་རིམ་པའི་སློབ་གསོ་མྱོང་ཐུབ་བཞིན་ཡོད་པ་དང་བཞི་ཆའི་གཅིག་གིས་སློབ་འབྲིང་རིམ་པའི་སློབ་གསོ་མྱོང་ཐུབ་བཞིན་འདུག ཡིན་ན་ཡང་ཨབ་གྷན་སི་ཐན་གྱི་སྐྱབས་འཆོལ་མི་སེར་ལས་བརྒྱ་ཆའི་བརྒྱད་བཅུ་ཡི་བྱིས་པས་སློབ་གསོ་མྱོང་ཐུབ་བཞིན་མེད་ཅེས་བསྟན།

  ལོ་རེར་ཐེངས་རེ་སྤྲོད་བཞིན་པའི་ནན་ཟུན་སྐྱབས་འཆོལ་མི་སེར་གཟེངས་རྟགས་ནི་སྤྱི་ལོ་1954ལོར་རྒྱལ་སྤྱིའི་ཐེངས་དང་པོར་སྐྱབས་འཆོལ་མི་སེར་ལས་ཀའི་འགན་བཞེས་པའི་ཧྥོ་ལེ་ཏི་ཡུའུ་ཧྥོ་ནན་སིན་(Fridtjof Nansen)གྱི་མིང་ཐོག་ནས་གསར་དུ་བཙུགས་པ་ཡིན་ལ། གཟེངས་རྟགས་འདི་སྤྲད་པའི་དམིགས་ཡུལ་གཙོ་བོ་ནི་མི་ཚང་མས་སྐྱབས་འཆོལ་མི་སེར་གྱི་ལས་དབང་ལ་དོ་སྣང་དང་རོགས་འདེགས་བྱེད་པར་སྐུལ་བ་དང་། ཁ་གཏད་ཡུལ་གཙོ་བོ་ནི་སྐྱབས་འཆོལ་མི་སེར་གྱི་ལས་ཀ་ལ་དམིགས་བསལ་གྱི་བྱས་རྗེས་བཞག་མྱངས་མཁན་གྱི་རྩ་འཛུགས་དང་མི་སྒེར་དག་ཡིན། །





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1