མི་18སྡོད་ཡོད་པའི་བོད་ལྗོངས་ཀྱི་འགྲུལ་འཁོར་ཞིག་དཀར་མཛེས་ཁུལ་ཉག་ཆུ་རྫོང་ཁོངས་སུ་དོན་རྐྱེན་བྱུང་སྟེ་མི་7རྐྱེན་ལམ་དུ་ཤོར་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-17


འཚོལ་སྐྱོབ་བྱེད་བཞིན་པའི་ཡུལ་དངོས།

རི་འདབས་སུ་འཚོལ་སྐྱོབ་བྱེད་བཞིན་པ།

  སྤྱི་ཟླ་9པའི་ཚེས་16ཉིན། དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་བརྡ་བསྒྲགས་བྱེད་དོན། ཉིན་དེའི་སྔ་དྲོ་ཆུ་ཚོད་8དང་སྐར་མ་50ཡི་སྟེང་། འཁོར་རྟགས་ཨང་གྲངས་བོད་ GA5729 ཡིན་པའི་རྒྱང་རིང་འགྲུལ་འཁོར་ཞིག་ཁྲེན་ཏུའུ་ནས་བོད་ལྗོངས་ཉིང་ཁྲི་རུ་སྐྱོད་པའི་ལམ་བར་དུ་དཀར་མཛེས་ཁུལ་གྱི་ཉག་ཆུ་རྫོང་གི་ཀ་བཞི་ལ་བརྒྱུད་དུས་དོན་རྐྱེན་བྱུང་བ་དང་མི་6ཡུལ་དངོས་ནས་རྐྱེན་ལམ་དུ་ཤོར། མི་1དཀར་མཛེས་ཁུལ་མི་དམངས་སྨན་ཁང་དུ་སྐྱེལ་བའི་ལམ་བར་དུ་འདས་གྲོངས་སུ་གྱུར། མི་2ལ་རྨས་ཚབས་ཆེན་ཕོག་ཡོད་ཅིང་རྨས་མ་གཞན་པ་རྣམས་ལ་སྐྱོན་ཆེན་པོ་ཕོག་མེད།

  ཡུལ་དངོས་སུ་བརྟག་དཔྱད་རགས་ཙམ་བྱས་པར་བརྒྱུད། དོན་རྐྱེན་བྱུང་བའི་འགྲུལ་འཁོར་དེ་བོད་ལྗོངས་ཉིང་ཁྲི་ཐེན་ཁྲང་སྐྱེལ་འདྲེན་ཚད་ཡོད་སྤྱི་གཉེར་ཁང་གི་ཡིན་ཞིང་། འགྲུལ་འཁོར་དུ་མི་46སྡོད་ཆོག་ལ་དོན་རྐྱེན་བྱུང་སྐབས་མི་18སྡོད་ཡོད། 

  དོན་རྐྱེན་བྱུང་བའི་གནས་ཚུལ་སྙན་ཞུ་འབྱོར་རྗེས། དཀར་མཛེས་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་མྱུར་དུ་བདེ་འཇགས་ལྟ་སྐུལ་དང་འགྲིམ་འགྲུལ། སྤྱི་བདེའི་འགྲིམ་འགྲུལ་ཉེན་རྟོག སྨན་བཅོས་མི་སྣ་བཅས་མི་200ལྷག་དང་མྱུར་སྐྱོབ་རླངས་འཁོར་8རྩ་འཛུགས་བྱས་ཏེ་དོན་རྐྱེན་བྱུང་ཡུལ་དུ་ཆས་ཏེ་བབ་བསྟུན་མྱུར་སྐྱོབ་ཀྱི་ལས་ཀ་སྤེལ་ནས་ནུས་པ་ཅི་ཡོད་ཀྱིས་རྨས་མ་མྱུར་སྐྱོབ་དང་སེམས་གསོ་བྱས།

  མིག་སྔར། དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གིས་སྨན་བཅོས་ཀྱི་ནུས་པ་ཡོད་ཚད་གཅིག་ཏུ་བསྡུས་ཏེ་རྨས་མ་མྱུར་སྐྱོབ་བྱེད་བཞིན་ཡོད་ལ། བདེ་འཇགས་ལྟ་སྐུལ་དང་འགྲིམ་འགྲུལ། སྤྱི་བདེའི་འགྲིམ་འགྲུལ་ཉེན་རྟོག་སོགས་ལས་ཁུངས་ཁག་གིས་དོན་རྐྱེན་བྱུང་རྐྱེན་དང་ལས་མཇུག་གི་འབྲེལ་ཡོད་ལས་ཀ་ཁག་སྒྲུབ་བཞིན་ཡོད།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1