ཞི་ཅིན་ཕིང་གིས་སྐོར་བདུན་པའི་ཀྲུང་གོ་དང་ཨ་རིའི་བཟོ་ཚོང་གཙོ་འཛིན་དང་མཐོ་རིམ་དཔོན་རིགས་སྔོན་མའི་བཀའ་མོལ་ཚོགས་འདུར་ཞུགས་པའི་ཨ་རིའི་འཐུས་ཚབ་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-19


         ཚེས་17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་ནང་དུ་སྐོར་བདུན་པའི་ཀྲུང་གོ་དང་ཨ་རིའི་བཟོ་ཚོང་གཙོ་འཛིན་དང་མཐོ་རིམ་དཔོན་རིགས་སྔོན་མའི་བཀའ་མོལ་ཚོགས་འདུར་ཞུགས་པའི་ཨ་རིའི་འཐུས་ཚབ་ལ་མཇལ་འཕྲད་གནང་། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ངོ་བོ་ནི་གཉིས་ཕན་མཉམ་རྒྱལ་ཡིན་ཏེ། ཀྲུང་གོ་དང་ཨ་རིས་ཕྱོགས་གཉིས་དང་། ས་ཁུལ། གོ་ལའི་རིམ་ངོས་ནས་ཁྱོན་ཡོངས་སུ་གཉིས་ཕན་མཉམ་ལས་སྤེལ་ཏེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་ཆེན་པོ་དང་། ས་ཁུལ། མ་ཟད་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་ཁེ་ཕན་བསྐྲུན་ཡོད། །

ཞི་ཅིན་ཕིང་གིས་ནན་གྱིས་གསུང་དོན། ཀྲུང་གོ་དང་ཨ་རི་ཡིས་ཕྱི་འབྲེལ་བཙུགས་ནས་ལོ་འཁོར་36གི་རིང་། ཕྱོགས་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་འཕེལ་རྒྱས་ཀྱིས་རྒྱལ་ཁབ་གཉིས་པོའི་ཁེ་ལས་ལ་གྲུབ་འབྲས་དང་ཁེ་ཕན་བཟང་པོ་ཐོབ་ཡོད་ཅིང་། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་པ་ལས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱུང་ཡོད། འབྱུང་འགྱུར་གྱི་མ་འོངས་པར་ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་ཀས་སྤྱི་ཁོག་དཔལ་འབྱོར་གྱི་སྲིད་ཇུས་སྙོམས་སྒྲིག་བྱེད་པར་ཤུགས་སྣོན་བྱས་ནས་མཉམ་དུ་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་བྱ་དགོས། ཀྲུང་གོ་དང་ཨ་རི་གཉིས་འཛམ་གླིང་སྟེང་ཆེས་ཆེ་བའི་དཔལ་འབྱོར་སྒྲིག་གཞི་ཡིན་རྐྱེན། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་དང་། རྒྱ་སྤྱིའི་དངུལ་རྩའི་བརྟན་བརླིང་ལ་སྲུང་སྐྱོབ། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་བསྒྱུར་བཅོས་ལ་སྐུལ་འདེད། འཛམ་གླིང་དཔལ་འབྱོར་ཡུན་རིང་འཕར་བའི་ནུས་ཤུགས་ཇེ་དྲག་ཏུ་གཏོང་བའི་འགན་འཁྲི་ཆེན་པོ་ཡོད། ང་ཚོས་ཧུར་བརྩོན་གྱིས་ཕྱོགས་གཉིས་ཀའི་ཉོ་ཚོང་དང་དངུལ་གཏོང་སྟབས་བདེ་ཅན་འགྱུར་བར་སྐུལ་འདེད་བྱ་དགོས། ཀྲུང་གོས་བཅོས་བསྒྱུར་སྒོ་འབྱེད་ཀྱི་རྒྱལ་ཇུས་ལ་རྒྱུན་འཁྱོངས་བྱ་རྒྱུ་ཡིན། ཨ་རིའི་བཟོ་ཚོང་ལས་རིགས་ནི་ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་ཀྱིས་ཐད་ཀར་ཕན་པ་ཐོབ་མཁན་ཡིན་ཏེ། ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་ལ་སྔར་ལས་ལྷག་པས་སྒོ་ནས་རྒྱབ་སྐྱོར་བྱེད་པར་ཞུ།

ཞི་ཅིན་ཕིང་གིས་བསྟན་དོན། ཉིན་འགའ་རྗེས་ནས་ང་རང་སྲིད་འཛིན་ཨོ་པཱ་མཱས་གདན་ཞུ་ལྟར་ཨ་རིར་རྒྱལ་དོན་འཚམ་འདྲི་བྱེད་པར་འགྲོ་རྒྱུ་ཡིན། ངས་སྲིད་འཛིན་ཨོ་པཱ་མཱ་དང་མཉམ་གཅིག་ཏུ་ཕྱོགས་གཉིས་ཀས་དོ་སྣང་བྱེད་བཞིན་པའི་གནད་དོན་གལ་ཆེན་ལ་དམིགས་ནས་བསམ་འཆར་བརྗེ་རེས་དང་།ཨ་རིའི་སྤྱི་ཚོགས་ལས་རིགས་ཁག་སོ་སོ་དང་འབྲེལ་གཏུགས་རྒྱ་ཆེར་བྱེད་དེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་འཕེལ་རྒྱས་ཀྱི་ཇུས་འགོད་ཆེན་མོར་གྲོས་བསྡུར་བྱ་རྒྱུ་ཡིན། ངའི་རེ་བ་ནི་ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་ཀས་འབད་བརྩོན་བརྒྱུད། ཐེངས་འདིའི་རྒྱལ་དོན་འཚམ་འདྲི་ཡིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་མཐུན་འབྲེལ་བ་ཇེ་ཟབ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་དོན་མཉམ་ལས་རྒྱ་བསྐྱེད་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཆེས་ཆེར་བྱུང་བར་སྐུལ་འདེད་གཏོང་ཐུབ་དགོས། 

ཨ་རིའི་རྒྱལ་ཡོངས་ཚོང་ལས་ཚོགས་པའི་ཚོགས་གཙོ་ཏོ་ནོ་ཧའོ་དང་ཧྲུའུ་ནི་ཙའེ་ངར་ལྕགས་ལས་ཁུངས་ཀྱི་འགོ་གཙོ་ལུན་ཏའེ་གེ་ལུན། ཚོང་དོན་པུའུ་ཀྲང་སྔོན་མ་ཀུའུ་ཐའེ་ལེ་སུའུ། པུའུ་ལུའུ་ཅིན་སིའུ་སློབ་ཚོགས་ཀྱི་ཀྲུའུ་ཞི་སང་ཏུན་སོགས་ཨ་རིའི་འཐུས་ཚབ་པས་སྔ་གཞུག་ཏུ་གསུང་བཤད་གནང་སྟེ། ཁོ་ཚོས་བསྟན་དོན། ཨ་རིའི་ལས་རིགས་ཁག་སོ་སོས་ཞི་ཅིན་ཕིང་རྒྱལ་དོན་འཚམ་འདྲིར་ཕེབས་པར་དགའ་བསུ་ཆེན་པོ་ཡོད། ཐེངས་འདིའི་འཚམ་འདྲི་ལས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྔར་ལས་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཐེབས་ངེས། ཨ་རི་དང་ཀྲུང་གོ་ནི་འཛམ་གླིང་གི་ཆེས་ཆེ་བའི་དཔལ་འབྱོར་སྒྲིག་གཞི་གཉིས་ཡིན་ཏེ། མིག་སྔར་གྱི་དུས་བབ་འོག་གོ་སྐབས་དང་འགྲན་སློང་མང་པོ་ཡོད་པས་ཕན་ཚུན་གཅིག་བརྟེན་གཅིག་འབྲེལ་ཡིན། ང་ཚོས་འཛམ་གླིང་ལ་གསལ་བསྒྲགས་བྱེད་དགོས་པ་ནི་ཨ་རི་དང་ཀྲུང་གོ་གཉིས་ཀས་སྟོབས་དང་ལྡན་པའི་མཉམ་ལས་འབྲེལ་བ་འཛུགས་བཞིན་ཡོད། ཨ་རིའི་བཟོ་ཚོང་ལས་རིགས་ནི་ཨ་རི་དང་ཀྲུང་གོའི་འབྲེལ་བར་རྒྱབ་སྐྱོར་བྱེད་པའི་སྟོབས་ཤུགས་བརྟན་པོ་ཡིན་ཏེ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་ལས་རིགས་ཀྱི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་ནས། ཕྱོགས་གཉིས་ཀའི་དངུལ་གཏོང་གྲོས་ཆོད་མགྱོགས་མྱུར་ངང་འགྲུབ་པར་འབད་བཞིན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1