བོད་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-20


    ཉིན་ཤས་ནང་། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་ཚོགས་ཆེན་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་ཀྱི་ལས་བྱེད་པ་དང་། མང་ཚོགས་ཁྲོད་གྲོས་བསྡུར་འཁྲུག་པོ་བྱས་ཤིང་། ཚང་མས་གསུང་བཤད་དེའི་ནང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བརྩེ་བ་ཟབ་མོ་བཅངས་ལུགས་གང་ལེགས་མཚོན་པས་ང་ཚོས་ཏང་ཀྲུང་དབྱང་གིས་བོད་དང་བོད་ཀྱི་མི་དམངས་ལ་ཐུགས་ཁུར་གནང་བའི་བཀའ་དྲིན་ཚོར་བས་གསུང་བཤད་ཀྱི་དགོངས་དོན་དེ་ལས་དོན་ཁག་ཡག་པོ་སྒྲུབ་པའི་དོན་དངོས་ཀྱི་བྱ་སྤྱོད་དུ་འགྱུར་བ་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བ་བྱ་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བཤད།

    ཚེས་14ཉིན་གྱི་ཕྱི་དྲོར་གཞིས་རྩེ་གྲོང་ཨུད་ཀྱིས་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་ནས་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་ཚོགས་ཆེན་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་མ་ཟད། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་གཞིས་རྩེ་གྲོང་ཁྱེར་ཏང་སྲིད་དམག་གི་ཚན་ཁག་གི་ཁོངས་མི་དང་ལས་རིགས་ཁག་གི་འཐུས་མིར་མཇལ་འཕྲད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཡང་བརྒྱུད་བསྒྲགས་བྱས་པའི་ཁར《〈འགན་འཁྲི་བདའ་འདེད་ནན་དུ་བཏང་ནས་ཏང་ནན་སྐྱོང་བྱ་རྒྱུ་དོན་ཐོག་འཁྱོལ་བ་བྱ་རྒྱུའི〉ཀྲུང་གུང་ཀྲུང་དབྱང་སྒྲིག་ཨུད་ཀྱི་བརྡ་ཁྱབ》བརྒྱུད་བསྒྲགས་དང་སློབ་སྦྱོང་ཡང་བྱས་ཤིང་། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་བསྟན་འཛིན་རྣམ་རྒྱལ་ཚོགས་འདུར་ཕེབས་ཡོད།
    གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་རྒྱལ་མཁར་གྲོང་རྡལ་ནས་ཡིན་པའི་ལས་འཁྱུར་ངལ་གསོ་བ་དེ་སྔའི་ཀྲེན་ཀྲང་ལྷ་རྒྱལ་གྱིས་རྒྱ་བསྐྱེད་བྱས་པའི་རང་ཁྱིམ་གྱི་ཁྱིམ་ཚང་མགྲོན་ཁང་ནང་བརྙན་འཕྲིན་ནས་བརྒྱུད་གཏོང་བྱས་པ་བལྟས་རྗེས་སེམས་འགུལ་ཆེན་པོ་ཐེབས། ཁོང་གིས་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་རྟེན་འབྲེལ་ཚོགས་ཆེན་ཐོག་དམངས་འཚོ་ལེགས་སུ་གཏོང་རྒྱུ་དམིགས་བཀར་དུ་འགན་ལེན་བྱས་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ལ་ཡོང་སྒོ་སྔར་ལས་མང་བ་དང་། སློབ་གསོ་དང་། སྨན་བཅོས། སྡོད་ཁང་གི་ཆ་རྐྱེན་དང་སྤྱི་ཚོགས་འགན་ལེན་སྔར་ལས་ཡག་པོ་ཡོང་བའི་ཐོག་ནས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་སྒྱུར་བཅོས་འཕེལ་རྒྱས་ལས་བྱུང་བའི་ཕན་པ་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད། བཀའ་མོལ་དེ་ནི་མི་རྣམས་ཀྱི་སེམས་ཀྱི་སྐད་ཆ་ཞིག་ཡིན་པས་གུང་ཁྲན་ཏང་གི་བཀའ་དྲིན་ཐམས་ཅད་ལས་ཆེ་བས་གུང་ཁྲན་ཏང་མེད་ཚེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་པ་དང་ང་ཚོའི་ད་ཆའི་བདེ་སྐྱིད་འཚོ་བའང་ཡོང་ཐབས་བྲལ་ཞེས་བཤད།
     རིན་སྤུངས་རྫོང་བྱམས་ཆེན་དགོན་གྱི་དགེ་འདུན་ཕུན་ཚོགས་བསྟན་བཟང་གིས་ང་རིན་སྤུངས་རྫོང་རྒྱལ་མཁར་གྲོང་ཚོའི་ཁྱིམ་ཚང་དབུལ་པོ་ཞིག་ནང་སྐྱེས་ཀྱང་། ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོར་བརྟེན་ནས་དབུལ་པོའི་གནས་ལས་གྲོལ་ཏེ་འཚོ་བའི་འཁོས་ཀ་འབྱོར་ཕྱུག་ལྡན་པར་གྱུར་ནས་ད་ཆ་ཐག་རིང་དགོན་པར་སྡོད་རིང་ནང་ལ་སེམས་ཁྲལ་གཏན་ནས་མི་འདུག་ཅེས་སྤོབས་པ་ཆེན་པོས་དེ་ལྟར་བཤད། དགེ་འདུན་པ་ཕུན་ཚོགས་བསྟན་བཟང་ཡང་གྲྭ་ཤག་གསར་པའི་ནང་སྤོས་ནས་སྔོན་མ་ལས་རྒྱ་ཆེ་ཞིང་བརྟན་པ་དང་། དཀར་ཆ་དོད་པ། མཐུན་རྐྱེན་འཛོམས་པ་ཡོད་ལ་སྤྱི་ཚོགས་འགན་ལེན་ཡང་ཡོད་པས་རྒས་དུས་སེམས་ཁྲལ་མེད་པར་གྱུར་ཞིང་། ཁོང་གིས་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་གསུང་བཤད་གལ་ཆེན་ལས་ང་ཚོ་དགོན་སྡེའི་གྲྭ་བཙུན་དང་ཁྱིམ་མི་རྣམས་ལ་ཏང་དང་རྒྱལ་ཁབ་ཀྱིས་དགོན་སྡེའི་གྲྭ་བཙུན་ལ་ཐུགས་ཁུར་གནང་བ་ཚོར་ལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཡང་གསལ་པོ་མཐོང་བྱུང་བས་ང་ཚོས་རྒྱལ་གཅེས་ཆོས་གཅེས་དང་། ཁྲིམས་ཤེས་པ་དང་སྲུང་བའི་ཐོག་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱུན་གཏན་སྒྲིག་སྲོལ་རང་རྟོགས་ངང་སྐྱོང་བ་དང་། དགོན་སྡེ་དོ་དམ་ཨུ་ལྷན་གྱི་དོ་དམ་ལ་རང་འགུལ་ངང་སྲུང་བརྩི། དགོན་སྡེའི་གཏན་འབེབས་ལམ་ལུགས་ཁག རང་རྟོགས་ངང་བརྩི་བའི་སྒོ་ནས་རྒྱལ་གཅེས་ཆོས་གཅེས་དང་། ཁྲིམས་ལུགས་ཤེས་པ་དང་སྲུང་བརྩི་ཞུ་བའི་དགེ་འདུན་པ་དང་སྤྱི་འབངས་ཡག་པོ་ཞིག་བྱ་རྒྱུ་ཡིན་ཞེས་བཤད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1