ལི་ཁེ་ཆང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་དང་ནོར་སྲིད་བློན་ཆེན་གྱི་འགན་གཅིག་ལྕོགས་བཞེས་པའི་ཨོ་སི་པིན་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-22


     སྤྱི་ཟླ་9པའི་ཚེས་21ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་ནན་ཧའེ་ཙེ་ཀུང་ཀི་ནས་ཀྲུང་གོར་སྐབས་བདུན་པའི་ཀྲུང་དབྱིན་དཔལ་འབྱོར་ནོར་སྲིད་གླེང་མོལ་ལ་ཞུགས་པར་འོངས་པའི་དབྱིན་ཇིའི་དབུ་བཞུགས་བློན་ཆེན་དང་ནོར་སྲིད་བློན་ཆེན་གྱི་འགན་གཅིག་ལྕོགས་བཞེས་པའི་ཨོ་སི་པིན་དང་མཇལ་འཕྲད་གནང་། 

     ལི་ཁེ་ཆང་གིས་ཀྲུང་གོ་དང་དབྱིན་ཇི་གཉིས་ནི་འཛམ་གླིང་གི་ཤུགས་རྐྱེན་ཆེས་ཆེ་བའི་རྒྱལ་ཁབ་གཉིས་ཡིན་ལ། མིག་སྔའི་གནས་བབ་འོག་སྤྱི་སྣང་སྲིད་ཇུས་ཀྱིས་སྙོམས་སྒྲིག་དང་དཔལ་འབྱོར་དངུལ་རྩའི་མཉམ་འབྲེལ་དེས་དངུལ་རྩའི་གཏན་འཇགས་ལ་འགན་སྲུང་དང་འཛམ་གླིང་དཔལ་འབྱོར་བསྐྱར་དར་གྱི་སྐུལ་འདེད་ལ་ཕན་ནུས་ཆེན་པོ་ཐོན་ཡོད།  ཀྲུང་གོ་དང་དབྱིན་ཇིས་སྒོ་འབྱེད་མཉམ་ཕན་དང་རྒྱ་བསྐྱེད་ཡར་ཐོན་རྒྱུན་འཛིན་བྱས་ཏེ་ཕྱོགས་གཉིས་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་བྱས་པའི་རྨང་གཞིའི་ཐོག་ཚོང་ར་ཕྱོགས་གསུམ་པ་རྒྱ་བསྐྱེད་དང་། རྒྱལ་ཁབ་གཉིས་མཉམ་དུ་ཡར་ཐོན་དང་འཕེལ་རྒྱས་སུ་འགྲོ་བའི་མཛའ་འབྲེལ་ལ་དོན་སྙིང་གསར་བ་སྣོན་དགོས་ཞེས་བསྟན།

     ལི་ཁེ་ཆང་གིས་སྐབས་སྔོན་མར་ཀྲུང་གོའི་མ་རྐང་ཚོང་རར་རྒྱུན་ལྡན་མིན་པའི་སྣང་ཚུལ་བྱུང་ཞིང་། ཀྲུང་གོའི་སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་དུས་ཐོག་ཏུ་ཚོང་ར་གཏན་འཇགས་ཀྱི་ཐབས་ཇུས་སྤྱད་དེ་ཕལ་ཆེར་འབྱུང་སྲིད་པའི་མ་ལག་རང་བཞིན་གྱི་ཉེན་ཁར་སྔོན་འགོག་བྱས། ཀྲུང་གོའི་དངུལ་རྩའི་ལས་རིགས་ཀྱི་བཅོས་བསྒྱུར་གསར་སྤེལ་གྱི་སྤྱིའི་ཁ་ཕྱོགས་འགྱུར་མི་སྲིད། ང་ཚོས་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་སྲིད་གཞུང་དང་ཚོང་རའི་འབྲེལ་བ་སྙོམས་སྒྲིག་བཟང་པོ་བྱ་ངེས། ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་དང་ལྟ་སྐུལ་ཕན་ཕྱོད་ལ་མཐོར་འདེགས་བྱས་ཏེ་ཡུན་རིང་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བའི་བདེ་ཐང་གི་དངུལ་རྩའི་ཚོང་ར་ཞིག་བསྐྲུན་པར་འབད་པ་བྱ་ངེས་ཞེས་བསྟན།

    ཨོ་སི་པིན་གྱིས་དབྱིན་ཇིའི་ཕྱོགས་ནས་རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་བྱེད་པའི་ཐུན་མོང་གི་ངོས་འཛིན་ལག་བསྟར་བྱས་པར་དགའ་སྤྲོ་སྐྱེས་བཞིན་ཡོད་ལ། གོམ་གང་མདུན་སྤོས་ཀྱིས་དངུལ་འཇོག་རྒྱ་བསྐྱེད་དང་ལས་གཞི་གལ་ཆེན་མཉམ་འབྲེལ་བྱས་ཏེ་དབྱིན་ཇི་རྒྱལ་ཁབ་ཀྲུང་གོའི་ནུབ་གླིང་གི་ཆེས་བཟང་བའི་གྲོགས་པོར་གྱུར་བའི་རེ་བ་ཡོད། དབྱིན་ཇིའི་ཐད་ནས་ཀྲུང་གོ་སྲིད་གཞུང་གི་བཅོས་བསྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་ཆེ་རུ་བཏང་བར་བསྟོད་བསྔགས་བྱེད་བཞིན་ཡོད་ལ་ཀྲུང་གོའི་མ་འོངས་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་ཡིད་ཆེད་བརྟན་པོ་ཡོད་ཅེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1