ཞི་ཅིན་ཕིང་ལི་ཡཱ་ཐོའོ་ལ་འབྱོར་ནས་ཨ་རིར་རྒྱལ་དོན་འཚམས་འདྲི་བྱེད་འགོ་ཚུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-23



                         

  སྤྱི་ཟླ་9པའི་ཚེས་22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་རིའི་ཝ་ཧྲིང་ཐོན་གྱི་ཆེས་ཆེ་བའི་གྲོང་ཁྱེར་ཞི་ཡཱ་ཐོའོ་ལ་འབྱོར་ནས་ཨ་རིར་རྒྱལ་དོན་འཚམས་འདྲི་བྱེད་འགོ་ཚུགས།

  ས་གནས་དེ་གའི་སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཡི་སྟེང་། ཞི་ཅིན་ཕིང་གི་ཆེད་གཏོང་གནམ་གྲུ་ཞི་ཡཱ་ཐོའོ་ཡི་ཕེ་དབྱིན་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་ཞིང་ཞི་ཅིན་ཕིང་དང་སྐུ་ལྕམ་ཕེང་ལི་ཡོན་གནམ་གྲུ་ལས་བབས། ཨ་རིའི་ཙུང་ཐུང་ཨོ་པཱ་མའི་འཐུས་ཚབ་དང་ཝ་ཧྲིང་ཐོན་ཀྲའུ་ཡི་འགོ་གཙོ་དབྱིན་སི་ལི་དང་ཁོང་གི་ལྕམ་མོ། རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་མཐོ་རིམ་སྲིད་འཛིན་པ་དང་ཞི་ཡཱ་ཐོན་གྲོང་ཁྱེར་གྱི་འགོ་བ་མོའོ་ལི་ཞིས་སོགས་ས་གནས་ཀྱི་འབྲེལ་ཡོད་འགན་འཛིན་པ་དང་ལས་རིགས་སོ་སོའི་གྲོགས་པོ་རྣམས་གནམ་གྲུ་ཐང་དུ་ཞི་ཅིན་ཕིང་དང་སྐུ་ལྕམ་ཕེང་ལི་ཡོན་གཉིས་ལ་དགའ་བསུ་ཞུས། ས་གནས་དེ་གའི་བྱིས་པས་ཞི་ཅིན་ཕིང་དང་སྐུ་ལྕམ་གཉིས་ལ་མེ་ཏོག་ཕུལ།

  ཞི་ཅིན་ཕིང་གིས་ཨ་རིའི་མི་དམངས་ལ་ལྷག་སེམས་རྣམ་དག་གིས་འཚམས་འདྲི་དང་སྨོན་འདུན་ཞུས། ཁོང་གིས་ཀྲུང་གོ་དང་ཨ་རི་གཉིས་ནི་རླབས་ཆེན་གྱི་རྒྱལ་ཁབ་གཉིས་ཡིན་ལ། ཀྲུང་གོའི་མི་དམངས་དང་ཨ་རིའི་མི་དམངས་ཀྱང་རླབས་ཆེན་གྱི་མི་དམངས་ཡིན། ཀྲུང་གོ་དང་ཨ་རི་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་36ལོན་པའི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་དཀའ་བ་ཁྱད་དུ་བསད་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འཛམ་གླིང་གི་མི་དམངས་ལ་བདེ་སྐྱིད་བསྐྲུན། མིག་སྔར་ཀྲུང་གོ་དང་ཨ་རིའི་ཁེ་ཕན་མཉམ་ལས་ཀྱི་འབྲེལ་བ་གཏིང་ཇེ་ཟབ་དང་མཉམ་འབྲེལ་གྱི་རྨང་གཞི་ཇེ་བརྟན་དུ་གྱུར་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་རྒྱལ་སྤྱི་དང་ས་ཁུལ་གཞན་དག་གི་ལས་ཀའི་ཁྲོད་ཀྱི་བབ་སྟུན་ཡང་ཇེ་མཐོར་འགྲོ་བཞིན་ཡོད། ཀྲུང་གོ་དང་ཨ་རི་གཉིས་ཀྱི་རྒྱལ་ཁབ་ཆེ་བའི་མཉམ་ལས་འབྲེལ་བ་བཙུགས་ཏེ་འགལ་འདུ་དང་ངོ་རྒོལ་མེད་པར། ཕན་ཚུན་བརྩི་འཇོག་དང་མཉམ་འབྲེལ་བྱེད་པ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་རེ་སྨོན་ཡིན་པར་མ་ཟད་དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་པའི་ཡང་དག་པའི་གདམ་གསེས་ཤིག་ཀྱང་རེད། ང་ད་ཐེངས་ཨ་རིར་རྒྱལ་དོན་འཚམས་འདྲིར་ཡོང་དོན་ནི་རྒྱལ་ཁབ་གཉིས་ཀྱི་མཛའ་འབྲེལ་སྔར་ལས་ཇེ་ཟབ་དང་ཕྱོགས་ཡོངས་ཀྱི་མཉམ་ལས་འབྲེལ་བ་སྔར་ལས་རྒྱ་བསྐྱེད། རྒྱལ་ཁབ་གཉིས་ཀྱི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་སྔར་ལས་འཕེལ་རྒྱས་སུ་འགྲོ་བའི་ཆེད་དུ་ཡིན་ལ། ངས་སྲིད་འཛིན་ཨོ་པཱ་མ་དང་ལྷན་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་དང་རྒྱལ་སྤྱིའི་གནས་བབ་ཐད་ནས་གཏིང་ཟབ་པའི་བསམ་ཚུལ་བརྗེ་རེས་དང་ལས་རིགས་སོ་སོའི་ཨ་རིའི་མི་སྣར་འབྲེལ་འདྲིས་བྱས་ཏེ་མཉམ་དུ་ཀྲུང་གོ་དང་ཨ་རིའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བའི་འཆར་ཇུས་བཟོ་བའི་རེ་འདུན་ཡོད་ཅེས་བསྟན། 

  ཞི་ཡཱ་ཐོའོ་ནི་ཞི་ཅིན་ཕིང་ཐེངས་འདིར་ཨ་རིར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་འབབ་ཚིགས་དང་པོ་ཡིན་ལ། དེའི་རྗེས་སུ་མུ་མཐུད་དུ་ཝ་ཧྲིང་ཐོན་གྲོང་ཁྱེར་ལ་རྒྱལ་དོན་འཚམས་འདྲིར་ཕེབས་རྒྱུ་ཡིན་པར་མ་ཟད་ཉིག་ཡོའོ་རུ་ཕེབས་ནས་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་འཁོར་70ལོན་པའི་མུ་འབྲེལ་གྲོས་ཚོགས་སུའང་ཞུགས་རྒྱུ་རེད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1