མཚོ་སྔོན་གྱི་སྐབས་དང་པོའི་དམངས་ཡོངས་ལུས་སྦྱོང་སྐོར་བྲོའི་འགྲན་སྡུར་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-24


        སྤྱི་ཟླ་9པའི་ཚེས་19ཉིན། ཀྲུང་གོ་ལུས་རྩལ་རྒྱན་བྱང་རྟགས་ཅན་གྱི་མཚོ་སྔོན་ཞིང་ཆེན་སྐབས་དང་པོའི་དམངས་ཡོངས་ལུས་སྦྱོང་སྐོར་བྲོའི་འགྲན་སྡུར་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ལུས་རྩལ་ཁང་དུ་སྤེལ། 

       རྒྱུས་ལོན་བྱུང་བ་ལྟར་ན། སྐབས་འདིའི་འགྲན་སྡུར་ནི་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་དང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་གཙོ་སྒྲུབ་དང། མཚོ་སྔོན་ཞིང་ཆེན་དམངས་ཡོངས་ལུས་སྦྱོང་ཞབས་བྲོའི་ལྷན་ཚོགས། མཚོ་སྔོན་དགེ་ཐོན་སློབ་ཆེན་ལུས་རྩལ་སློབ་གླིང་གིས་སྒྲུབ་འགན་ཁུར། ཀྲུང་གོའི་རྡོ་སྣུམ་མཚོ་སྔོན་ཡན་ལག་ཕྱིར་ཚོང་ལས་ཁུངས་ཀྱིས་རོགས་སྒྲུབ་བྱས། མགོ་ལོག་དང་ཡུལ་ཤུལ། མཚོ་བྱང་། མཚོ་ཤར། ཟི་ལིང་སོགས་ས་ཁུལ་གྱི་འགྲན་ཞུགས་རུ་ཁག་26ལས་བསྡོམས་པས་ཕོ་མོ་རྒན་གཞོན་མི་གྲངས་1200ལྷག་འགྲན་ཞུགས་བྱས་ཡོད། 

       འགྲན་སྡུར་གྱི་ཡུལ་དངོས་སུ། མི་རིགས་གྱོན་ཆས་སྤྲས་པའི་འགྲན་ཞུགས་པ་རྣམས་ཀྱིས་ཐུན་མིན་གྱི་མངོན་ཚུལ་དང་སྙན་འཇེབས་ཀྱི་དབྱངས་རྟ་ལས་ཁམས་པ་དང་། ཨ་མདོ་སོགས་ས་ཁོངས་མི་འདྲ་བ་དང་། ཉམས་འགྱུར་མི་འདྲ་བའི་སྐོར་བྲོ་ངོམས་ཡོད། 

       མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་སྐོར་གཟིགས་པ་གཞོན་པ་ཀྲང་ཧྲི་ཞིན་གྱིས་བཤད་དོན། ཐེངས་འདིའི་འགྲན་སྡུར་སྤེལ་བ་ལས། དེའི་དམིགས་ཡུལ་ནི་མཚོ་སྔོན་ཞིང་ཆེན་གྱི་སྐོར་བྲོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་གཅིག་བསྡུས་ཀྱིས་མཚོན་པ་དང་། འགྲན་ཞུགས་གར་སྟེགས་འདི་བརྒྱུད་ནས། ཕྱོགས་ཡོངས་ནས་མཚོ་སྔོན་ཞིང་ཆེན་གྱི་འཆམ་མཐུན་བརྟན་བརླིང་དང་། མི་རིགས་མཐུན་སྒྲིལ། བདེ་ཐང་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་པར་བྱས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1