ཕེན་ལི་ཡོན་ཨ་རིའི་སྲིད་འཛིན་གྱི་ལྕམ་མོ་རྨི་ཞེའར་དང་ལྷན་དུ་ཨ་རིའི་རྒྱལ་ཁབ་སྲོག་ཆགས་གླིང་གའི་དོམ་ཁྲ་ཁང་དུ་གཟིགས་སྐོར་ཕེབས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-27



   

  ས་གནས་དེ་གའི་དུས་ཚོད་ཚེས་25ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ལྕམ་ཕེན་ལི་ཡོན་ཨ་རིའི་སྲིད་འཛིན་ཨཱོ་པ་མའི་ལྕམ་མོ་རྨི་ཞེའར་དང་ལྷན་དུ་ཨ་རིའི་ཝ་ཧྲིང་ཐོན་དུ་ཨ་རིའི་རྒྱལ་ཁབ་སྲོག་ཆགས་གླིང་གའི་དོམ་ཁྲ་ཁང་དུ་གཟིགས་སྐོར་ཕེབས་པ་རེད།ཕེན་ལི་ཡོན་དང་རྨི་ཞེའར་དེར་འབྱོར་རྗེས། སྲོག་ཆགས་གླིང་གའི་འགན་ཁུར་བ་དང་ཝ་ཧྲིང་ཐོན་མཁས་སྐྱོང་སློབ་གྲྭའི་བྱིས་པ་དག་གིས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། ཕེན་ལི་ཡོན་དང་རྨི་ཞེའར་གྱིས་ཕྲུ་གུ་ཚོའི་བྱིས་ཉམས་ཀྱིས་ཁེངས་པའི་འཁྲབ་སྟོན་ལ་གཟིགས་ཤིང་། དེ་རྗེས་ཕེང་ལི་ཡོན་དང་རྨི་ཞེའར་གྱིས་དོམ་ཁྲ་ཐེན་ཐེན་དང་གསར་དུ་སྐྱེས་པའི་དོམ་ཕྲུག་ལ་གཟིགས་སྐོར་བྱས་པ་དང་། ཐུན་མོང་ཐོག་དོམ་ཕྲུག་གི་མིང་ལ་པེ་པེ་ཞེས་མིང་བཏགས་ནས་མིང་འདོགས་མཛད་སྒོར་ཞུགས།

  རྨི་ཞེའར་གྱིས། ང་ཚོ་དེ་རིང་མཉམ་འཛོམས་བྱེད་པའི་དམིགས་ཡུལ་ནི། ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རིག་གནས་དང་སྐད་ཡིག་སྤེལ་རེས་བྱེད་པར་ཤུགས་སྣོན་བྱ་རྒྱུ་དེ་ཡིན། འདི་ནི་རྒྱལ་ཁབ་གཉིས་པོའི་གཙོ་བདག་ཞལ་འཛོམས་བྱེད་པའི་གྲོས་གཞི་གལ་ཆེན་གྱི་ནང་གསེས་ཤིག་ཀྱང་ཡིན། མི་རབས་རྗེས་མར་མི་དེ་བས་མང་བ་ཞིག་གིས་ཧུར་ཐག་སྒོས་ཨ་ཀྲུང་རིག་གནས་སྣང་ཚུལ་གྱི་བརྗེ་རེས་སྤེལ་རྒྱུའི་རེ་བ་ཡོད་ཅེས་བཤད།

  ཕེན་ལི་ཡོན་གྱིས། དོམ་ཁྲ་ནི་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་འབྲེལ་མཐུད་བྱེད་པའི་སྒྲོག་ཐག་ལྟ་བུ་ཡིན། ངས་དགའ་སྤྲོའི་ངང་ཤེས་བྱུང་བ་ནི། ཨ་རིའི་དམངས་ཚོགས་ཀྱིས་དོམ་ཁྲ་ལ་ཧ་ཅང་དགའ་པོ་བྱེད་བཞིན་ཡོད་པ་རེད། དོམ་ཁྲ་ཡིས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་དམངས་ཚོགས་དང་ལྷག་པར་དུ་ཕྲུ་གུ་ཚོར་དེ་བས་མང་བའི་སྤྲོ་སྣང་དང་མཛའ་བརྩེ་ཁྱེར་ཡོང་བའི་ཡིད་ཆེས་ཡོད་ཅེས་གསུངས།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1