ཞི་ཅིན་ཕིང་གིས་ཨ་རིའི་སྲིད་འཛིན་ཨོ་པཱ་མ་དང་གྲོས་མོལ་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-28



  སྤྱི་ཟླ་9་པའི་ཚེས་25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝ་ཧྲིང་ཐོན་དུ་ཨ་རིའི་སྲིད་འཛིན་ཨོ་པཱ་མ་དང་གྲོས་མོལ་གནང་། ཞི་ཅིན་ཕིང་གིས་དུས་མཚམས་རྗེས་མར་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་གཏང་རྒྱུའི་སྐོར་ལ་གྲོས་གཞི་གལ་ཆེན་བཏོན་ནས་ཀྲུང་ཨའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་ལམ་སྲོལ་ཡང་དག་པ་བརྒྱུད་ནས་མདུན་ཕྱོགས་སུ་འཕེལ་རྒྱས་གཏང་དགོས་པའི་སྐོར་ནན་བཤད་གནང་། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་འབད་བརྩོན་བྱས་ནས་ཀྲུང་ཨ་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་འཛུགས་རྒྱུར་མོས་མཐུན་གནང་།


  ཞི་ཅིན་ཕིང་གིས་ཀྲུང་ཨའི་འབྲེལ་བ་ནི་འཛམ་གླིང་ཐོག་གི་ཕྱོགས་གཉིས་འབྲེལ་བའི་གལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་36ཡི་རིང་། ཀྲུང་ཨའི་འབྲེལ་བ་ཆར་རླུང་མང་པོར་འཕྲད་ཀྱང་སྔར་ནས་ད་བར་དུ་མདུན་ཕྱོགས་སུ་འཕེལ་རྒྱས་ཕྱིན་ནས་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད། 2013ལོའི་ཟླ་བ་6པར། ང་དང་སྲིད་འཛིན་ཨོ་པཱ་མ་ཨན་ན་པོ་ཀེ་གཞིས་ཀར་ཐུག་འཕྲད་བྱས་ནས་ཀྲུང་ཨའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་ཧུར་ཐག་འཛུགས་རྒྱུའི་སྐོར་ལ་ཐུན་མོང་གི་ལྟ་ཚུལ་བྱུང་ཡོད། ལོ་གཉིས་ལྷག་ཙམ་གྱི་རིང་ཀྲུང་ཨའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་བྱུང་ནས་རྒྱལ་ཁབ་གཉིས་ཀྱིས་མི་དམངས་དང་འཛམ་གླིང་མི་དམངས་ལ་བདེ་སྐྱིད་མང་པོ་བསྐྲུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་དང་མཉམ་དུ་གདོང་ཐུག་མི་ཡོང་བ་དང་ཁ་གཏད་དུ་མི་ལངས་པ་དང་། ཕན་ཚུན་བརྩི་འཇོག མཉམ་ལས་གཉིས་ཕན་བཅས་མཐའ་འཁྱོངས་བྱེད་པ་དང་། ཕྱོགས་གཉིས་དང་། ས་ཁུལ། གོ་ལ་ཧྲིལ་པོ་བཅས་རིམ་ངོས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ། དགེ་མཚན་ལྡན་པའི་བྱེད་ཐབས་ཐོག་ནས་མི་མཐུན་ས་དང་ཚོར་བ་སྐྱེན་པོའི་གནད་དོན་དོ་དམ་ཚོད་འཛིན་བཅས་བྱས་ཏེ་ཀྲུང་ཨའི་འབྲེལ་བ་སྔ་ཕྱི་བར་གསུམ་དུ་ཡང་དག་པའི་ལམ་སྲོལ་བརྒྱུད་ནས་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏང་འདོད་ཅེས་གསུངས།

  ཨོ་པཱ་མས་ཨ་ཀྲུང་རྒྱལ་ཁབ་གཉིས་ལ་གནད་དོན་ཧ་ཅང་མང་པོའི་ཐད་ཐུན་མོང་གི་ཁེ་ཕན་ཡོད་པ་དང་། ཁྱབ་ཁོངས་མང་པོ་ཞིག་གི་མཉམ་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། དབྱི་རན་གྱི་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་མཐུན་འཇོག་རྒྱུར་སྐུལ་མ་གཏང་བ་དང་། བྱང་ཁོ་རེ་ཡ་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་བྱ་རྒྱུ། ཨབ་གྷན་སི་ཐན་བསྐྱར་འཛུགས་སོགས་ཀྱི་ཐད་ལ་ཀྲུང་གོས་བཏོན་པའི་ནུས་པ་གལ་ཆེན་ལ་ཨ་རི་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་འབྲེལ་ཡོད་གནད་དོན་ཐད་ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་དམ་ཟབ་མཐའ་འཁྱོངས་བྱེད་འདོད་ཡོད། ཕྱོགས་གཉིས་པོས་ད་དུང་གནམ་གཤིས་འགྱུར་ལྡོག་དང་། སྨན་བཅོས་འཕྲོད་བསྟེན། བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་ལྐོག་ཚོང་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏང་རྒྱུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱ་དགོས་ཞེས་བསྟན།

  རྒྱལ་ཁབ་གཉིས་པོའི་དབུ་གཙོའི་ཐུན་མོང་གི་གཟིགས་སྟངས་དང་གྲུབ་འབྲས་མང་པོ་བཞག་ཡོད། ཕྱོགས་གཉིས་པོས་ཨན་ན་པོ་ཀེ་གཞིས་ཀར་ཐུག་འཕྲད་བྱས་ཚུན་ཀྲུང་ཨའི་འབྲེལ་བར་ཐོབ་པའི་འཕེལ་རྒྱས་གལ་ཆེན་ལ་གདེང་འཇོག་ཧུར་ཐག་གནང་བ་དང་། ཕྱོགས་གཉིས་བར་གྲུབ་པའི་ཐུན་མོང་གི་གཟིགས་སྟངས་ལ་མུ་མཐུད་དུ་གཞིགས་ནས་ཕྱོགས་གཉིས་དང་། ས་ཁུལ། གོ་ལ་ཧྲིལ་པོ་བཅས་རིམ་ངོས་ཀྱི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་ཧུར་ཐག་གཏང་བ་དང་། དགེ་མཚན་ལྡན་པའི་བྱེད་ཐབས་ཐོག་ནས་མི་མཐུན་ས་དང་ཚོར་བ་སྐྱེན་པོའི་གནད་དོན་དོ་དམ་ཚོད་འཛིན་བཅས་བྱས་ཏེ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པ་བྱ་རྒྱུའི་མོས་མཐུན་གནང་།

  གྲོས་མོལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་ལས་དོན་བསྒྲུབས་ཚད་མགྱོགས་སུ་བཏང་ནས་གཉིས་ཁེ་གཉིས་ཕན་གྱི་ཆུ་ཚད་མཐོ་བའི་མ་འཇོག་གྲོས་ཆོད་གཅིག་འཇོག་དགོས་ཤིང་། ནུས་རྒྱུ་དང་། ཁོར་ཡུག་སྲུང་སྐྱོང་། ཚན་རྩལ། མཁའ་འགྲུལ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཞིང་ལས། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་རྒྱ་ཆེར་གཏོང་རྒྱུར་ཕྱོགས་གཉིས་པོས་མོས་མཐུན་བྱས། སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་བྱ་བ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཚད་དང་དངུལ་རྩ་བརྟན་བརླིང་ལ་ཐུན་མོང་ཐོག་སྐུལ་འདེད་གཏང་དགོས་པར་བརྟེན་ཀྲུང་ཨ་དཔལ་འབྱོར་ལས་ཀའི་དུས་བཅད་སྐད་ཆ་ཤོད་རེས་ཀྱི་ལམ་སྲོལ་འཛུགས་རྒྱུར་མོས་མཐུན་གནང་། ཕྱོགས་གཉིས་པོས་ད་དུང་རྒྱལ་ཁབ་ཉི་ཤུའི་ཚོགས་པ་དང་། འཛམ་གླིང་དངུལ་ཁང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་སོགས་ཕྱོགས་མང་ལམ་སྲོལ་ཁྲོད་དུ་མཉམ་ལས་ལ་ཤུགས་སྣོན་བྱ་རྒྱུ་རེད། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་འབྲེལ་ཡོད་ཚད་གཞི་སྒྲུབ་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་མི་དམངས་ཤོག་སྒོར་དེ་ཉིད་དེའི་དངུལ་ལེན་ཆོག་པའི་དམིགས་བསལ་དབང་ཆ་ཡོད་པའི་དངུལ་ལོར་གྱི་ཁོངས་སུ་འཇོག་རྒྱུར་ཨ་རི་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་དང་། 2010ལོའི་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་མཐོ་རིམ་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་སྐལ་གྲངས་དང་བཅོས་སྐྱོང་གྲུབ་ཆའི་སྒྱུར་བཅོས་ཀྱི་ཇུས་གཞི་གང་མགྱོགས་སྒོས་དོན་འཁྱོལ་བྱ་རྒྱུའི་ཁས་ལེན་བྱས།

  ཕྱོགས་གཉིས་པོས་2016ལོ་དེ་ཀྲུང་ཨའི་ཡུལ་སྐོར་སྤྲོ་འཆམ་ལོར་གཏན་འབེབས་བྱས། ཀྲུང་གོ་ཕྱོགས་ཀྱིས་འབྱུང་འགྱུར་ལོ་གསུམ་ནང་རྒྱལ་ཁབ་གཉིས་ཀྱི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མ་ཁྱོན་ཁྲི་5ཕ་རོལ་པོའི་རྒྱལ་ཁབ་ཏུ་སློབ་སྦྱོང་བྱེད་པར་འགྲོ་རྒྱུར་མ་དངུལ་རོགས་རམ་བྱ་རྒྱུ་ཡིན་ལ་ཨ་རི་ཕྱོགས་ཀྱིས་སྟོབས་ཆེ་ཁྲི་བཅུའི་འཆར་གཞི་དེ་ཨ་རིའི་སློབ་ཆེན་ནས་སློབ་གྲྭ་འབྲིང་ཆུང་དུ་རྒྱ་ཆེར་བཏང་ནས་2020ལོར་སླེབས་སྐབས་ཨ་རིའི་སློབ་མ་ཁྲི་100ཡིས་རྒྱའི་སྐད་ཡིག་སྦྱོང་བའི་དམིགས་ཚད་མངོན་འགྱུར་བྱེད་པའི་འཆར་གཞིར་དགའ་བསུ་ཡང་ཞུ་རྒྱུ་རེད།

  རྒྱལ་ཁབ་གཉིས་པོའི་དབུ་གཙོའི་ལྷོ་རྒྱ་མཚོ་དང་། དྲ་བའི་བདེ་འཇགས། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནད་དོན་སྐོར་དགོངས་འཆར་བརྗེ་རེས་གནང་བ་དང་། ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱི་རྩ་དོན་གྱི་ལངས་ཕྱོགས་རྒྱས་བཤད་གནང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1