འཚོ་བའི་གྲུ་ག་ཞིག་གི་ཟིན་ཐོ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-19



སློབ་གྲྭའི་ཚལ་ནས་དུས་ཚོད་ཆུད་ཟོས་བཏང་། །
དར་མདོ་གྲོང་ནས་མི་ཚེ་དོན་མེད་བརླགས། །
བསམ་ཞིང་བསམ་ན་འདི་ཡིན་དེ་ཡོད་ཀྱི། །
ལས་ཤིག་མི་འདུག་དུས་ཀྱི་མི་ངན་ང། །
དགོང་མོ་མ་ཉལ་ཇ་ཁང་ཆང་ཁང་འགྲིམ། །
ཞོགས་པར་མ་ལངས་གཏི་མུག་གཉིད་དུ་ལོག །
སྔོན་གྱི་ལས་ལ་ཕྱིར་མིག་ཅི་བལྟས་ཀྱང་། །
འགྱོད་པས་སེམས་པ་མནར་བ་ལན་གཅིག་མིན། །
གཡུ་མཁར་ཐང་ན་ལང་ཚོ་རླུང་ལ་སྤུར། །
རྟའུ་ཡུལ་དུ་སྒོར་མོ་གླེང་ནས་བསྡད། །
དཔལ་སྨད་ཁོག་ནས་རང་དོན་རྐྱང་རྐྱང་བསྒྲུབས། །
དོན་ལྡན་ལས་ཤིག་མི་འཇོན་མི་ཚེ་འདིར། །
མགོ་བོ་དགྱེ་ནས་ཨ་མེ་རི་ཁར་བལྟས། །
རྣ་བ་གླག་ནས་ཧིན་དྷི་ཕྱོགས་སུ་ཉན། །
ཉན་ཉན་བལྟས་བལྟས་གཉིས་ཀྱི་ཕ་མཐའ་ནས། །
མགོན་དང་སྐྱབས་ཤིག་མི་འདུག་ཅི་ཞིག་རེད། །
སྒོ་ཁྱི་གླིང་བཞི་བརྒལ་ནས་རྒྱང་ལ་ཆས། །
རྒོད་པོས་མཁའ་ལམ་བསྙེགས་ནས་དགུང་ལ་འཕུར། །
ཅི་བྱེད་འདི་བྱེད་མེད་པའི་བུ་ངན་ང་། །
ཕ་ས་གྲུ་བཞི་པང་ནས་ཁེར་མ་ལྷག །
ཕ་ཁྱིམ་སྦྲ་ནག་དོར་བའི་མཚེར་ཤུལ་ན། །
སྟོང་ཕག་རྒྱུ་ཡིས་གྲུབ་པའི་ཁང་བ་བསྐྲུན། །
རྩྭ་ཐང་ལྗང་མདོག་ཡལ་བའི་པང་གཞུང་ནས། །
ཤེས་མེད་འབྲོག་པ་རྒན་པོར་འཛུམ་ཞིག་ཤོར། །
རི་ལུང་གཏེར་གྱིས་བལྟམས་པའི་ཕ་ས་ན། །
ཆུ་གློག་ལམ་གྱི་མཐུན་རྐྱེན་མ་ཚད་པས། །
ཆ་འཕྲིན་དུས་རབས་གསར་བའི་ལག་རྩལ་དག། །
གང་ལ་གང་མཁོ་དེ་ལ་དེ་ལྟར་སྩོལ། །
དགེ་བཤེས་འཕགས་པའི་ཡུལ་ན་ཞབས་ཀྱིས་བཅགས། །
སྤྲུལ་སྐུ་གདུལ་བྱའི་དོན་དུ་རྒྱ་ནག་ཕེབས། །
གྲྭ་པ་འདུ་ཁྲིམས་མེད་པར་གྲོང་དུ་བྱོན། །
དགོན་སྡེ་རྙིང་བ་ཆ་མེད་མི་ཡིས་བཟུང་། །
འབྱོར་ལྡན་སྐུ་ལོས་གཟིམས་ཁང་བཞེངས་པ་ལས། །
ཉམ་ཐག་ཕ་ཡུལ་སློབ་གསོ་སུ་ཡིས་མཐོང། །
རང་རིགས་དར་རྒུད་ལས་ལ་འདིང་ཕོག་མཁན། །
ས་ཆེན་འདི་ན་ཁ་རེ་ཁེར་རེ་ཙམ། །
གྲོང་ཁྱེར་ཕ་མས་བུ་ཕྲུག་གཉོར་བ་དེ། །
ཟ་འཐུང་ལུགས་དང་སྐད་རིགས་གཞན་ལ་བསྒྱུར། །
ཁ་ནས་མི་རིགས་སྐད་ཡིག་མཁོ་ཚུལ་གླེང་། །
སྐད་ཆ་འདི་དག་སྐྱག་རྫུན་ངོ་མ་རེད། །
བླ་རུང་ཞིང་ནས་བོད་སྐད་བཤད་པ་དང། །
རྔ་བའི་ཁྱུང་མཆུའི་ཨ་མའི་མ་ལོ་ཚང་། །
སྐུ་ཞབས་སྨན་བླས་བུ་མོ་གཉོར་ལུགས་སོགས། །
ཁ་བ་ཅན་གྱིས་མིག་དཔེ་བལྟ་ས་རེད། །
དར་མདོ་ལྟག་སྒོ་གསུམ་གྱི་བར་ཁྱམས་ནས། །
གནའ་དགོན་ལྷ་མོ་རྩེ་ཡི་འདབས་རོལ་དུ། །
བུ་ཆུང་ཁེར་རྐྱང་ཞིག་གི་སེམས་གཏམ་འདི། །
འཚོ་བའི་གྲུ་ག་ཞིག་གི་ཟིན་ཐོ་ཡིན། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1