༄༅།། ཁ་བཏགས་དཀར་པོ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-10



ཚོགས་གཉིས་ས་བོན་སྤང་རྟོགས་སྙིང་པོ་རུ། །

ཡོངས་སྨིན་ལྷར་བཅས་ཡིད་ཀྱི་ལྡུམ་རའི་དཀྱིལ། །

ཐེག་གསུམ་ཆོས་ཀྱི་སྣང་བས་ཁྱབ་མཛད་པའི། །

རྣམ་འདྲེན་ཐུབ་དབང་སྨྲ་བ་ཀུན་གྱི་ཏོག །


ཐུབ་བསྟན་རིན་ཆེན་དུམ་བུ་བཅུ་གཉིས་བདག །

དགེ་ལེགས་ཐུགས་བསྐྱེད་རྟ་བདུན་ཤིང་རྟ་ལས། །

གངས་ལྗོངས་མཁའ་དབྱིངས་མཛེས་པར་དྲངས་པ་ཡིས། །

ཆོས་རྒྱལ་ལོ་པཎ་བདེ་ཆེན་འཁོར་ལོའི་དཔྱིད། །


ཀུན་རྨོངས་དྲེག་པ་འཐུག་པའི་བློ་ཡི་ངོས། །

ཡང་དག་གཏན་ཚིགས་འཕྲུལ་གྱིས་ཡོངས་བཀྲུ་བའི། །

ལྔ་ཟུང་རིག་གནས་ཡིད་བཞིན་དབང་གི་རྒྱལ། །

གདོང་དམར་དར་དང་རྒུད་པའི་བླ་སྲོག་དངོས། །


རིས་བྲལ་བརྩེ་ཆེན་ཡེ་ཤེས་མེ་དཔུང་གིས། །

དྲི་མེད་ལྷག་བསམ་བཞུས་པའི་ཞུན་ཐིགས་ཀྱིས། །

ལུས་ཅན་བློ་གྲོས་ཆུ་གཏེར་འཕེལ་མཛད་པའི། །

བཤེས་གཉེན་མཆོག་རྣམས་བླང་དོར་མིག་ཏུ་ཆེ། །


བྱམས་བརྩེའི་ཆུ་འཛིན་འདབ་མ་དཀར་པོ་ཅན། །

དུས་སུ་བསྐྱོམས་པས་རྣམ་ཤེས་གཉོམ་པོའི་སྲོག །

བདེ་འཇམ་མངལ་དུ་རུམ་པའི་དབུགས་འབྱིན་མ། །

སྙིང་ག་ཆོས་ཀྱི་འཁོར་ལོའི་དྲོད་དུ་མཛེས། །


དཀའ་སྡུག་ལོ་ཟླའི་གཡུལ་ས་སྒོར་མོ་ནས། །

འཇིགས་མེད་ཚེ་སྦྱིན་མི་ཚེའི་ལམ་ཕྲན་དུ། །

ཡ་རབས་ལུགས་ཀྱིས་ཁྲིད་པའི་ས་མཁན་ཕ། །

ལུས་ཀྱི་ཟུངས་ཁྲག་རྒྱུ་བའི་རྟེན་ལ་བརྟེན། །


སྒྱུ་མའི་གྲོང་དང་འཚོ་བའི་རུམ་ཁ་ནས། །

སེམས་ཀྱི་མོས་པ་སོ་སོར་གྱེས་ཚུལ་གྱིས། །

བསྟོད་དང་བསྔགས་པའི་འབབ་སྟེགས་སོ་སོ་མོད། །

ང་ཡི་སྙན་ངག་ཁ་བཏགས་འདི་ཚོར་དབང་། །


སྒྲོ་བཏགས་མཚལ་གྱིས་རི་མོ་མ་བྲིས་ཤིང་། །

སྐུར་འདེབས་མཚོན་གྱིས་ཁ་ཚར་མ་དྲས་པའི། །

ཡིད་ཀྱི་ཁ་བཏགས་སྣེ་འཛར་དཀར་པོ་ཅན། །

 རྩོམ་རིག་ལང་ཚོ་འབར་བའི་གླིང་གར་བསྐྱོད། ། 

                                                                            2015ལོའི་《ཁ་བཏགས་དཀར་པོ།》དེབ་3པ་ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1