སེམས་ཀྱི་དག་འབུད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-19



བྱ་རྒོད་ཀྱི་གཤོག་པ་བརྐྱངས་འདྲའི་རྫ་འདབས་དེ་ནས།
སྤྲིན་དཀར་གྱི་དར་ཐག་བསྣོལ་འདྲའི་ལམ་མདོ་དེ་ནས།
བདག་གིས་བུ་མོ་ཞིག
གནས་ལ་འགྲོ་དུས་ཀྱི་སྨྲེ་སྐྱོ་ཡོད་ཚད་སྙན་ངག་གིས་བྲིས་ལ།
བདག་གིས་ཇག་པ་ཞིག
གངས་ཐང་དུ་འཁྱམས་པའི་ལྟོག་སྐོམ་མཐའ་དག་རོལ་དབྱངས་སུ་བསྟིམས།

གཙང་བོ་དལ་གྱིས་བཞུར་བའི་རླབས་ངོས་སུ།
བདག་གི་ཕྱི་ནང་གསང་གསུམ་གྱི་སྐད་ཆའི་རོ་བཅུད་ལ་ཆུ་ཟེགས་བབ་ཅིང་།
རེ་བཞག་དང་སྨོན་འདུན་གྱིས་སྦར་བའི་མེ་འོད་ཀྱི་གཏིང་རིམ་ནས།
བདག་གིས་ཀྱང་རླུང་གིས་ཤག་སྒྲ་དང་ཆར་བའི་ང་རོ་ལ་རྣ་བ་གཏད།

ནམ་རྒྱུན་བདག་གིས།  སྨག་ནག་པའི་མཚན་ལྗོངས་རེ་རེ། 
འདས་པོ་ཞིག་གི་འཆི་ཁའི་ཁ་ཆེམས་ལྟར་བཀླགས་འོང་དུས།
སྲོག་རླུང་ལ་ཉི་འོད་འཚེར་བའི་བཀྲག་མདངས་དེ་ཚོར་མ་ཐུབ་ལ།
ཐ་ན།  མི་ཡུལ་གྱི་མཛེས་སྡུག་མཐའ་དག
རང་ཉིད་དང་ཁ་གྱེས་ཟིན་པའི་སྣང་བ་ཞིག་འགོག་མེད་དུ་སྐྱེ་ཡོང་།

ཕོ་བྲང་གི་རྩིག་རྨང་འགུལ་བའི་ནམ་ཟླ་བདག་ལ་མི་འདྲི་རོགས།
མཚོ་ངོགས་སུ་མེ་རླབས་འཕྱུར་བའི་བྱུང་རིམ་དེ་བདག་ལ་མི་འདྲི་རོགས།
དོན་ངོ་མར་བདག་གིས།
སྐྲ་རྐང་ཉག་མ་རེ་དུར་འཇུག་བརྒྱུས་པའི་གོ་རིམ་འདི་ཡང་། 
ནམ་རྒྱུན་བཞུར་བའི་གྲིབ་གཟུགས་དེའི་འགུལ་སྟངས་དང་ཁྱོན་ནས་མི་མཐུན།   


རྩོམ་ཡིག་སྔོན་མ།
ལྷ་ས། ལྷ་ས། ལྷ་ས།
རྩོམ་ཡིག་རྗེས་མ།
སེམས་ཁོང་གི་ལེགས་སྐྱེས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1