གཙོ་ངོས།>> རྩོམ་རིག>>བསྒྱུར་རྩོམ།

ཁྲུ་ཞིང་ཏུང་གིས་བརྩམས། སྒྱུར་པ་པོ། དུང་སྐྱོང་། རྩོམ་སྒྲིག་པ།སྒྲོལ་མ་ཚེ་བརྟན།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༦ཚེས་༡༩ཉིན།

ཤེས་རིག་ནི་གང་ལས་བྱུང་བ་ཡིན།

 

   ང་ཚོས་ཧ་ཅང་ཐག་གཅོད་དཀའ་བ་དང་། ཤིན་ཏུ་རྙོག་འཛིང་ལྡན་པའི་གདམ་གསེས་མང་བོ་ཞིག་ལ་གདོང་གཏད་དེ། གཡས་གཡོན་གང་དུའང་སེམས་ཁྲལ་ལྕི་མོས་ངལ་བ་བསླངས། མི་ལ་ལས་བཤད་རྒྱུར། མི་ཚེ་ལ་འཆར་གཞི་བཟོ་དགོས་ཟེར། ཡང་མི་ལ་ལས་བཤད་རྒྱུར། ཁེ་ལས་ལ་འཐབ་འཛིང་དགོས་ཟེར། འོན་ཀྱང་། འཆར་གཞི་བཟོས་བ་མངོན་འགྱུར་ཐུབ་མིན་དང་། འཐབ་འཛིང་ལ་རྒྱལ་ཁ་ཐོབ་མིན་ནི་ནམ་ཡང་གདེང་ཚད་མི་འདུག དོན་དངོས་ཐོག་ང་ཚོས་རྒྱུན་དུ་འདོར་མི་རུང་བ་ཞིག་ལས་སླ་མོས་འདོར་བར་བྱེད་ལ། མུར་སྤེལ་མི་འོས་བ་ཞིག་ཨུ་ཚུགས་ཀྱིས་སྤེལ་བར་བྱེད། དེའི་རྐྱེན་གྱིས། ང་ཚོས་བདར་ཤ་བྱེད་འདོད་པ་ལ་ནམ་དུ་ཡང་མི་བཟང་བོ་ཞིག་བྱེད་པ་དང་ཁེ་ལས་བཟང་བོ་ཞིག་བསྒྲུབ་པར་བདར་ཤ་དང་གདམ་གསེས་བྱ་དགོས་ཀྱི་རེད། དེས་ན་ཆེས་ཡང་དག་པའི་བདར་ཤ་ནི་ཤེས་རིག་ཡིན།
   ནུབ་ཕྱོགས་སུ་བཤད་ཚུལ་འདི་འདྲ་ཞིག་ཡོད་དེ། མི་དར་མ་ཞིག་གིས་ཤེས་ཡོན་པ་ཞིག་ལ་ཤེས་ཡོན་གྱི་མན་ངག་ཁྲིད་དུ་བཅུག་པར། མི་དར་མ་དེའི་འདྲི་རྒྱུར་ཤེས་ཡོན་ནི་གང་ལས་བྱུང་བ་ཡིན། ཤེས་ཡོན་པས་དེ་ནི་ཡང་དག་པའི་བདར་ཤ་ལས་བྱུང་བ་ཡིན།ཞེས་ལན་བཏབ། ཡང་མི་དར་མ་དེསཡང་དག་པའི་བདར་ཤ་ནི་གང་ལས་བྱུང་བ་ཡིན།ཞེས་དྲིས་པར། ཉམས་མྱོངས་ལས་བྱུང་།ཞེས་བཤད། ཉམས་མྱོངས་ནི་གང་ལས་བྱུང་བ་ཡིན། ཞེས་པར། ནོར་འཆུགས་ཀྱི་བདར་ཤ་ལས་བྱུང་བ་ཡིན།ཅེས་ལན་བཏབ། རེད་དེ། ང་ཚོས་ནོར་འཆུགས་ཀྱི་བདར་ཤ་ལས་རང་ཉིད་དང་ཡང་ན་མི་གཞན་པའི་ཡང་དག་གི་བསླབ་བྱ་བཏུ་དགོས་ཏེ། ཐེངས་གང་མང་གི་བདར་ཤའི་ཁྲོད་དུ་མནོ་བསམ་གང་ལེགས་བྱེད་དགོས། ཅིའི་ཕྱིར་སྐབས་འགར་བདར་ཤ་བྱས་བ་འགྲིག་པ་དང་སྐབས་འགར་ནོར་འཆུགས་འབྱུང་བ་ལས་ཆོས་ཉིད་དང་གནས་ལུགས་ཟབ་མོ་རྟོགས་པར་བྱ་དགོས།
   དུས་རབས་སྔོན་མའི་ལོ་རབས་སུམ་ཅུ་བར། ཀྲུའུ་ཅང་ཧེའེ་ཉིན་དུ་ཚེ་དཀྱིལ་ཙམ་ནས་ཁྱོ་ག་འདས་བའི་ཡུགས་མོ་ཅིག་ཡོད་པར། ཁྱོ་ག་འདས་ཤུལ་དུ་འཚོ་བྱེད་རུང་བའི་ཁྱིམ་ནོར་ཅི་ཡང་མེད་ཁར། བུ་བུ་མོ་བཅུ་གཉིས་ཡོད་པས་ཁོ་མོ་རང་ཉིད་ཀྱིས་ཁྱིམ་འདི་མི་སྐྱོང་ཐབས་མེད་དུ་གྱུར། སྐབས་དེར་ས་དེ་ཀར་ཚྭ་ཡི་རིན་གོང་ཤིན་ཏུ་བྲིན་ཆེ་བས། ཁོ་མོས་ཐབས་ཟད་ཀྱིས་ཡབ་མེས་ཀྱི་གཞིས་ཀ་བཙོང་ནས་གྲུ་གཟིངས་གཉིས་ཉོས་ཏེ་ཚོང་འགྲུལ་གྱི་ལས་ལ་གཞོལ། དུས་ཡུན་ཅུང་རིང་བོར་ལས་གཉེར་བྱས་རྗེས། གྲུ་གཟིངས་གཉིས་ཀ་གཏའ་མར་བཞག་ནས་དངུལ་ཁང་དུ་དངུལ་འགའ་བསྐྱིས་ཤིང་། དེའི་ཁར་རང་གི་གསོག་དངུལ་བསྣན་ནས་ཡང་གྲུ་གཟིངས་གསར་བ་ཉོས། ས་དེ་ཀའི་ཚོང་བ་རྣམས་ཀྱིས་སྒོར་མོ་ཡོད་དུས་ལས་གནས་ཉོ་བ་དང་། ཆུང་མ་གཉིས་རེ་ལེན་པ། དུད་ནག་འཐེན་པ་སོགས་མི་དགེ་བའི་བྱ་སྤྱོད་མང་པོ་བསྒྲུབ་བཞིན་ཡོད་མོད། ཁོ་མོས་ས་དང་ལས་གནས་མི་ཉོ་བར་དངུལ་ཚང་མ་བྱིས་པ་ཚོའི་སློབ་གསོའི་ཐད་ལ་བཀོལ་བའི་འཚོ་བའི་ཁ་ཕྱོགས་ཞིག་གཏན་ལ་ཕབ། སྐབས་དེར་སློབ་ཆུང་མཐར་ཕྱིན་པའི་མི་ཡང་མང་པོ་མེད་ལ། ལྷག་པར་སྐྱེས་མ་ཚོ་སློབ་གྲྭར་འགྲོ་བའི་སྐལ་བ་ནི་དེ་ལས་ཀྱང་ཤིན་ཏུ་དཀོན། ཡིན་ན་ཡང་། མོས་བྱིས་པ་བཅུ་གཉིས་བོ་རེ་རེ་བཞིན་བསྐྱངས་ཏེ་སློབ་ཆེན་མཐར་ཕྱིན་ཏུ་བཅུག་པ་མ་ཟད། ཕྱི་རྒྱལ་ལ་སློབ་གཉེར་དུ་ཕྱིན་པའང་རེ་གཉིས་ཡོད། བཅིངས་འགྲོལ་ཉེ་བའི་སྐབས་སུ། མོས་རིམ་བཞིན་གྲུ་གཟིངས་གསེར་དུ་བརྗེས། ས་ཆ་བགོ་བའི་དུས་སུ། ཁང་མིག་གཅིག་དང་ས་མུའུ་གཅིག་ཀྱང་མེད་པས་ཞིང་བ་དབུལ་བོའི་གྲས་ཡིན། ཁྱིམ་གཞི་ཆེན་པོ་འདི་མིི་རབས་ནས་མི་རབས་སུ་མི་ལ་ན་ཚ་དང་ཕྱུག་ལ་གོད་ཁ་མེད་པར། ཁྱིམ་གཞི་བདེ་ཞིང་བྱ་བཞག་འཕེལ་ཏེ་གནས། གཏམ་རྒྱུད་འདི་ཀློག་པའི་སྐབས་སུ། ང་ཁྱིམ་བདག་བུད་མེད་འདིའི་མིག་རྒྱང་རིང་བོར་ཧ་ཅང་ཡ་མཚན་སྐྱེ། ཁོ་མོ་མི་གཞན་དང་མི་འདྲ་བར་རང་ཉིད་ཀྱི་ཡང་དག་པའི་བདར་ཤ་ལས་བདེ་ལེགས་ངང་དཀའ་སྡུག་གི་མི་ཚེ་འཕུལ་ཐབས་བྱས་བ་ནི་བདེན་པ་དོན་གྱི་ཤེས་རིག་ཆེན་པོ་ཞིག་རེད།
    མི་སུ་དང་གང་ཡིན་ཡང་བརྒྱ་ཆའི་བརྒྱ་ཡི་ཡང་དག་པའི་བདར་ཤ་བྱེད་པ་ནི་ཤིན་ཏུ་དཀའ་བོ་གདའ། དེ་བས། ཡོངས་སུ་ཡང་དག་ཡིན་པའི་མི་སྒེར་ནི་ཡོད་མི་སྲིད་མོད། འོན་ཀྱང་ཡོངས་སུ་ཡང་དག་པའི་ཚོགས་པ་ནི་ཡོད་ཆོག་ཆོག་ཡིན་ལ། ཁྱེད་ཀྱིས་ནུབ་ཕྱོགས་འཕགས་ཡུལ་དུ་ཆོས་ལེན་པར་འགྲོ་བའི་ཚོགས་པ་དེར་གཟིགས་དང་། བླ་མ་ཐང་ཟིན་གྱིས་དད་པ་ལ་བརྟེན་ནས་བདར་ཤ་བྱེད་པ་དང་། སྤྲེའུ་རྒན་སུང་གིས་ནུས་པར་བརྟེན་ནས་བདར་ཤ་བྱེད་པ། ཕག་མགོ་ཅན་གྱིས་གོ་སྐབས་དང་བསྟུན་ནས་བདར་ཤ་བྱེད། བཙུན་པ་ཧྲ་ནི་གང་འདོད་ལྟར་ཡིན་ལ། སྤྱིིར་བཏང་བདར་ཤ་མི་བྱེད་པ་རེད། ཁོ་ཚོ་མི་རེ་རེར་ཡང་དག་པའི་བདར་ཤ་ཡོད་ལ་ནོར་འཆུགས་ཀྱི་བདར་ཤ་ཡང་ཡོད་སྲིད་མོད། འོན་ཀྱང་ཁོ་ཚོས་སྤྱིའི་ཆ་ནས་ཁ་ཕྱོགས་ཙམ་བཟུང་ཏེ། འོས་འགན་བསྒྲུབས་པ་དང་། རིན་ཐང་མངོན་འགྱུར་བྱས་བ་རེད།
པུའུ་ཧྲི་ཡིས་༼གདམ་གསེས་བྱེད་སྐབས༽ཞེས་བའི་དཔེ་ཆ་ཞིག་བྲིས་མྱོངས་བར། ཁོང་གིས་ཁ་ཁོག་མེད་པར་རང་ཉིད་ཙུང་ཐུང་གི་བྱ་བཞག་དང་མི་སྒེར་འཚོ་བའི་ཁྲོད་གལ་ཆེའི་རྩ་དོན་ཆེན་པོ་༡༤ལག་བསྟར་བྱེད་སྐབས་ཀྱི་བསམ་བློའི་བཤུལ་ལམ་ཞིབ་འབྲི་བྱས་ཡོད་ལ། དཔེ་ཆ་དེའི་མཇུག་གི་གཏམ་དུ་ཁོང་གིས་ ངས་ནུས་པ་ཅི་ཡོད་ཀྱིས་ངས་བསྒྲུབས་པའི་ཡང་དག་དང་ཡང་དག་མ་ཡིན་པའི་ཐག་གཅོད་དེ་དག་རྒྱས་འབྲི་བྱས་བ་ཡིན་ལ། ལྡོག་སྟེ་འདང་བརྒྱབ་ན་གལ་ཏེ་ང་ལ་ཡང་བསྐྱར་གོ་སྐབས་ཤིག་ཡོད་ཚེ། ངས་རྗེས་ཕྱོགས་ཅི་ལྟར་ཡང་བསྐྱར་གདམ་གསེས་བྱ་དགོས།ཞེས་འཁོད་འདུག
    མི་བཟང་བོ་བྱེད་པ་དང་ཁེ་ལས་བཟང་བོ་གཉེར་བར་དུས་ནམ་ཡང་ཁ་ཕྱོགས་རང་བཞིན་ལྡན་དགོས་ལ། བདར་ཤ་བཟང་བོ་བྱ་དགོས། ཕྱོགས་གཞན་ཞིག་ནས་བཤད་ན། དེ་ནི་ཆེས་ནུས་པ་གཙོ་བོ་ཡིན། ང་ཚོ་ཚང་མས་དཔའ་ངར་ཞུམ་མེད་ཀྱིས་ཕམ་ཁ་ལ་གདོང་གཏུགས་དང་། ཤེས་ཡོན་ལྡན་པས་ངང་ནས་དཀའ་ཚེགས་ལ་རྒོལ་ལན་སྤྲོད་པ། འོས་འགན་ལེགས་བསྒྲུབ་དང་སེམས་ཞིབ་མོས་གདམ་གསེས་བྱེད་པ། ཉམས་མྱོངས་ཀྱི་འབྲས་བུར་བློ་སྦྱོང་དང་། རང་འགུལ་གྱིས་བྱ་སྤྱོད་ལ་ཚོད་འཛིན། ནན་ཏན་གྱིས་ཤེས་རིག་འཚོལ་བ་བཅས་ལ་སློབ་སྦྱོང་བཟང་བོ་བྱེད་འོས་ཏེ། ཆེས་གནད་འགག་དང་ཆེས་གལ་འགངས་ཆེ་བའི་བྱ་བཞག་ལ་འཕྲད་དུས། ཡང་དག་པའི་བདར་ཤ་དང་གདམ་གསེས་ཀྱིས་ཁྱེད་ལ་རྒྱལ་ཁ་རླབས་པོ་ཆེ་བསྩལ་འོངས་ལ། ནོར་འཆུགས་ཀྱི་བདར་ཤ་དང་གདམ་གསེས་ཀྱིས་ཁྱེད་ལ་ན་ཟུག་ཆེན་པོ་སློངས་ངེས། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1