གཙོ་ངོས།>> དམངས་སྲོལ།>>དུས་ཆེན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༡༡ཚེས་༡༢ཉིན།

༄༅།། དུག་འཇོམས་དུས་ཆེན།

མཁའ་རུ་འཕྱུར་བའི་བསང་དུད།

  མཛོད་དགེ་རྫོང་ཆོས་རྗེ་ཡུལ་ཚོའི་ལུང་བ་སྡེ་བར་མཚོན་ན། ལུགས་རྙིང་གི་ཟླ་ལྔ་བའི་ཚེས་ལྔ་ཉིན་ནི་ཐུན་མོང་མ་ཡིན་པའི་དུས་ཆེན་ཞིག་སྟེ། དུག་འཇོམས་དུས་ཆེན་གྱི་ཉིན་མོ་ཡིན། ལོ་རེ་བཞིན་ཉིན་མོ་དེར། སྐྱེས་ཕོ་མོ་རྒན་གཞོན་མེད་པར་ལུས་ལ་རྒྱན་གོས་སྣ་ཚོགས་སྤྲས་ཤིང་དགའ་བའི་འཛུམ་རྒྱ་གྲོལ་ནས། ཆེས་གདོད་མ་དང་ཆེས་གཟབ་རྒྱས་ཆེ་བའི་སྒོས་སྲོལ་རྒྱུན་དུས་ཆེན་འདི་རོལ་བཞིན་འདུག

  ཆོས་རྗེ་ཡུལ་ཚོ་ནི་མཛོད་དགེ་རྫོང་གི་ཤར་ཕྱོགས་སུ་གནས་ཤིང་། ཤར་གཟི་རྩ་སྡེ་དགུ་དང་བྱང་ཀན་སུའུ་ཐེ་བོ་ལ་ཁྱིམ་མཚེས་བྱས་ཤིང་། ས་སྐྱ་བའི་དགོན་སྡེ་ཆེན་མོ་ཡི་ཡ་གྱལ་ཆོས་རྗེ་དགོན་པ་དང་ལོ་རྒྱུས་ཡུན་རིང་ལྡན་པའི་སྒུར་སྤྱང་བོན་དགོན་ཆགས་ཡོད་པར་མ་ཟད། དམར་དམག་རྒྱང་སྐྱོད་ཀྱང་བརྒྱུད་མྱོང་བའི་ས་ཆ་ཞིག་ཡིན་པས། ལོ་རྒྱུས་རིག་གནས་དང་དམར་དམག་རྒྱང་སྐྱོད་རིག་གནས་སོགས་ཀྱིས་ཕྱུག་པའི་ཡུལ་ཁམས་ཤིག་ཀྱང་ཡིན། མཛོད་དགེ་རྫོང་མཁར་དང་བར་ཐག་སྤྱི་ལེ52ཡོད་པའི་ཆོས་རྗེ་ལུང་བ་སྡེ་བ་ནི། གནའ་བོའི་དར་གོས་ལམ་བར་གྱི་བོད་སྡེ་རྐྱང་བ་ཡིན་ལ། ད་བར། སྡེ་བ་དེར་ཁྱིམ་ཚང24དང་མི120ལྷག་གིས་འཚོ་བ་རོལ་བཞིན་འདུག

  ཉིན་དེའི་ཞོགས་པར། སྦྲང་ཆར་ཟམ་ཟིམ་རྒྱུན་མི་ཆད་པར་འབབ་ཅིང་། སྤྲིན་པ་ལང་ལོང་གིས་གནས་རི་འབྲུག་ཆེན་བྲག་དཀར་ཡོངས་སུ་བསྐོར་འདུག སྡེ་བ་ཆུང་ཡང་འུར་འུར་ཟིང་ཟིང་གིས་ཁེངས་འདུག་སྟེ། བུད་མེད་རྣམས་ཀྱིས་བྱིས་པ་དག་འཁྲིད་ནས་བཅའ་ལག་རེ་རེ་བཞིན་བསྡུ་གསོག་བྱེད་པར་བྲེལ་ཞིང་། སྐྱེས་པ་དག་གིས་བསང་མཆོད་ལ་མཁོ་བའི་མཆོད་རྫས་དག་གྲ་སྒྲིག་བྱེད་བཞིན་འདུག གདན་དྲངས་པའི་མཁན་པོ་དང་དགེ་བསྙེན། སྡེ་བའི་རྒན་རབས་པ་ཁ་ཤས་བཅས་ཀྱིས་མཉམ་དུ་ཆོས་ཀྱི་ཆོ་ག་དག་གསུང་བའི་ཆོས་སྒྲ་དང་རྔ་རྡུང་རུབ་དཀྲོལ། དུང་འབུད་པ་བཅས་ཀྱི་སྒྲ་དབྱངས་གནས་རི་འབྲུག་ཆེན་བྲག་དཀར་གྱི་ཕྱོགས་བཞི་མཚམས་བརྒྱད་དུ་བྲག་ཅར་འཁོར། 

 

      མཁའ་དབྱིངས་ན་སྐྱོམ་པའི་རླུང་རྟ།

  སྔ་དྲོའི་དུས་ཚོད10ཐོག སྐྱེས་པ་དག་གིས་ཤུག་སྡོང་གི་ཡལ་འདབ་དང་འབྲུ་རིགས། གོས་སྣ། དར་ཁ་བཅས་ཆོས་ཀྱི་ཆོ་གའི་རིམ་པ་བཞིན་རེ་རེ་བཞིན་བསང་མེར་བསྲེགས། སྐད་ཅིག་ཙམ་དུ། མཁའ་དབྱིངས་སུ་བསང་དུད་ལྷོག་ལྷོག་ཏུ་མཆེད་དེ། སྔོ་བསངས་ནམ་མཁའ་ཡང་སྒྲིབ་པར་བྱེད། རྔམ་བརྗིད་ཆེ་བའི་དུང་སྒྲ་ཞིག་བུད་པ་དང་སྦྲགས། སྡེ་བ་ཡོངས་ཀྱི་སྐྱེས་པ་དག་གིས་མགྲིན་གཅིག་ཏུ་ལྷ་རྒྱལ་ལོ། ལྷ་རྒྱལ་ལོ་ཞེས་ཀི་འབོད་བྱས་རྗེས། རང་རང་སོ་སོས་ཁ་བཤད་བྱེད་ཞོར་རླུང་རྟ་མཁའ་དབྱིངས་སུ་མཆོད་བྱུང་། རླུང་རྟ་དག་ཁ་བའི་འདབ་མ་རེ་རེ་བཞིན་བསང་དུད་དང་མཉམ་དུ་བར་སྣང་དུ་ལྷབ་ལྷུབ་བསྐྱོད་ཅིང་། ཁ་བ་ལྟར་ས་རུ་བབས་ནས་དཀར་ལམ་ལམ་བྱེད། 

  བསང་མཆོད་སྐབས་སུ། འདི་ལྟར་བསང་ཤིང་སྣོན་པ་དང་མཆོད་རྫས་འབུལ་བ། ཁ་བཤད་བཅས་ཀྱི་ཆོ་ག་ཐེངས་བཅུ་གསུམ་ཡོད། བོད་རིག་གནས་སུ13ནི་བཀྲ་ཤིས་པའི་མཚོན་རྟགས་ཤིག་ཡིན། ང་ནི་ཆུང་དུས་ནས་ཕ་དང་མེས་པོ་ལ་འགྲོགས་ནས་དུག་འཇོམས་དུས་ཆེན་ལ་ཞུགས་པ་ཡིན་ལ། ལོ་རེ་བཞིན་དུས་ཆེན་སྐབས་སུ་ཡུལ་ལྷ་གཞི་བདག་ལ་བསང་ཕུད་ནས་ཕྱུགས་ལ་གོད་ཁ་མེད་པ། ཞིང་ལ་ཐོག་སེར་མེད་པ། མི་ལ་ན་ཚ་མེད་པ། ཡུལ་ལ་བདེ་སྐྱིད་ལྡན་པར་ཁ་འབོད་བྱེད་པ་རེད་ཅེས་ལོ་ན51ལོན་པའི་སྡེ་མི་རྒན་པ་གུང་ཁྲན་གྱིས་བཤད།

  གུང་ཁྲན་གྱིས་བཤད་པ་ལྟར་ན། སྲོལ་རྒྱུན་གྱི་དུག་འཇོམས་དུས་ཆེན་ལ་ཉིན་གསུམ་དགོས་ཏེ། སྔ་མའི་ཉིན་གཉིས་ལ། སྡེ་བའི་ནང་གི་རླུང་རྟ་ཡར་འགྲོའི་དོན་དང་ལྡན་པའི་རུས་མིང་ཅན་དང་གཟུགས་གཞི་བདེ་ཞིང་སྟོབས་ཆེ་བའི་གསར་བུ་དག་གནས་རི་འབྲུག་ཆེན་བྲག་དཀར་གྱི་ཕྱོགས་བཞིར་སྨན་རྩྭ་འཐུ་རུ་མངགས་སྲིད་ལ། ཆོས་ཀྱི་ཆོ་ག་ལྟར་ན། གནས་རི་ཡི་ཡང་རྩེའི་ཟིལ་བ་དེ། ཉི་འོད་འོག་མ་ཞི་གོང་སྨན་རྩྭ་འཐུ་ཚར་དགོས། དེ་ནས་གཙང་མར་འཁྲུ་བ། སྨན་རྩྭ་གཏུབ་ཅིང་གཅོད་པ། ཆོས་གཞུང་དུ་བཀོད་པའི་བོད་སྨན་སྡེབ་ལུགས་ལྟར་བསྡེབས་ཤིང་གདུས་ཏེ་ཕྱི་ཉིན་ལ་གྲ་སྒྲིག་གྱ་ནོམ་པ་བྱེད་པ་རེད།

 

སྨན་ཆུས་ཁྲུས་བྱེད་བཞིན་པ།

  ཕྱི་དྲོའི་དུས་ཚོད་གཉིས་དང་ཕྱེད་ལ། གྲ་སྒྲིག་བྱས་པའི་སྨན་ཆུ་ལྷོག་ལྷོག་ཏུ་གདུས་ཤིང་རླངས་པ་ལང་ལོང་དུ་འཕྱུར་ཙ་ན། སྡེ་བ་ཡོངས་ཀྱི་ཕོ་མོ་རྒན་གཞོན་ཚང་མ་དལ་བུ་དལ་བུར་ཆོས་གསུང་སའི་གུར་མདུན་དུ་ལྷན་དུ་ཙོག་ཅིང་མགོ་བསྒུར། ཐོག་མར་སྲེག་ཅིང་ཚ་བའི་རྡོ་ནག་གི་སྟེང་ལ་སྨན་ཆུ་བླུག་སྟེ་དེར་འདུས་ཀྱི་སྡེ་མི་རེ་རེར་ཁ་རླངས་ཕོག་ཏུ་བཅུག་སྟེ། ལུས་ཀྱི་མི་གཙང་བ་དང་སྡིག་སྒྲིབ། ནད་ཡམས་དག་སེལ་བ་རེད། དེ་ནས་སྲེག་ཅིང་ཚ་བའི་རྡོ་དཀར་གྱི་སྟེང་ལ་སྨན་ཆུ་བླུག་སྟེ་དེར་འདུས་ཀྱི་སྡེ་མི་རེ་རེར་ཁ་རླངས་ཕོག་ཏུ་བཅུག་སྟེ། གཙང་ཞིང་དག་པའི་ལུས་པོ་དེ་བས་གཙང་ཞིང་། ལྷག་བསམ་དེ་བས་དཀར་བ་ཞིག་ཏུ་བསྒྱུར་བ་རེད། དེ་ནས་སྐྱེས་ཕོ་མོ་རྒན་གཞོན་མེད་པར་སྡེ་མི་རྣམས་ཀྱིས་སྟོད་གོས་ཕུད་ཅིང་། རྒྱབ་རྗེན་པར་བསྟན་ནས་མགོ་བསྒུར་བ། སྐབས་དེར། མཁན་པོས་ཆོས་གསུང་ཞོར་དུ་ཤུག་པའི་ལོ་འདབ་ཕྱག་ལ་བསྣམས་ནས་སྨན་ཆུ་ཐིགས་པ་རེ་རེ་བཞིན་དེར་འདུས་ཀྱི་སྡེ་མི་རེ་རེའི་རྒྱབ་ལ་མཆོད་དེ། གདོན་གེགས་དང་སྡིག་སྒྲིབ། ནད་ཡམས་སོགས་ཡོངས་སུ་བསལ་ནས་ཚེ་རིང་བདེ་སྐྱིད་ལྡན་པར་བྱེད་པ་རེད། མཐར་རྟ་སྨྱོན་གཟུགས་ལ་གདོན་གེགས་སོགས་གནོད་རིགས་ཐམས་ཅད་ཁལ་དུ་བཀལ་ནས་རྒྱང་དུ་བསྐྲད། དེ་ལྟར་ལོ་གཅིག་གི་གེགས་དང་བར་ཆད་ཞི་ཞིང་། བྱ་བ་ལམ་འགྲོ། བདེ་སྐྱིད་ཕུན་སུམ་ཚོགས་པ་ཞིག་ཡོང་རྒྱུ་རེད། 

  དུག་འཇོམས་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སྐབས་སུ། སློབ་དཔོན་པད་མ་འབྱུང་གནས་ཀྱིས་མི་རྣམས་ཀྱི་དད་མོས་དང་བོད་ལུགས་ཀྱི་སྨན་རྩྭ་སྡེབ་ལུགས་གཉིས་ཟུང་དུ་སྦྲེལ་ནས། ལྷ་རྨ་བྱའི་ང་རོ་གདན་དྲངས་ཏེ་ནད་དུག་འཇོམས་པར་བྱེད་པའི་དུག་འཇོམས་ཆོ་ག་འདི་སྤེལ་བ་ཡིན། བོད་མི་རྣམས་ཀྱི་དད་མོས་དང་བོད་སྨན་གྱི་སྨན་རྩྭའི་ཁྱད་ནུས་ལ་བརྟེན་ནས་མི་ཡི་ལུས་སེམས་བདེ་ཐང་ལ་ཕན་རྒྱ་ཆེན་པོ་ཐོགས་ཡོད་ལ། ལུས་ཁམས་བདེ་ཐང་སྲུང་བའི་ཐབས་མཆོག་ཅིག་ཀྱང་ཡིན། དུག་འཇོམས་དུས་ཆེན་ཉིན་དེར། གནས་རི་འབྲུག་ཆེན་བྲག་དཀར་གྱི་འདབས་སུ་ཐོན་ནས། བྱིན་གྱིས་བརླབས་ཤིང་གཙང་འཁྲུ་འཐོབ་ན། སྔོན་ཆད་ཀྱི་སྡིག་སྒྲིབ་ཐམས་ཅད་དག་པར་འགྱུར་ཅིང་། ལུས་ངག་ཡིད་གསུམ་གྱི་མི་གཙང་བ་ཐམས་ཅད་ཀྱང་གཙང་མར་འགྱུར་འགྲོ། སྔོན་ཆད་སྨད་འཚོང་མ་ཞིག་ཡིན་རུང་། ཉིན་དེར་བྱིན་གྱིས་བརླབས་པའི་དུག་འཇོམས་སྨན་ཆུ་ཡིས་གཙང་འཁྲུ་འཐོབ་ན། མི་གཙང་བ་ཐམས་ཅད་དག་པར་གྱུར་ནས་མི་ཡ་རབས་ཤིག་གི་མཚན་སྙན་རྙེད་པར་མ་ཟད། ཀུན་གྱིས་ཀྱང་མི་ཡ་རབས་ཤིག་ཏུ་བཀུར་སྲིད་ཅེས་ཡེ་ཤེས་འཇམ་དབྱངས་ཀྱིས་གསར་འགོད་པར་བཤད་བྱུང་།

  བཤད་རྒྱུན་ལྟར་ན། དུག་འཇོམས་དུས་ཆེན་ལ་གཏམ་རྒྱུད་འདི་འདྲ་ཞིག་ཡོད་དེ། གནའ་སྔ་མོར། སྡེ་བ་འདི་ལ་ཇག་པ་ཁ་ཤས་ཐོན་རུང་། སྡེ་མི་ཡོངས་ཀྱིས་གནས་རི་འདི་ནས་མཐའ་བསྐོར་ཏེ་བཀག བསམ་ཡུལ་ལས་འདས་པ་ཞིག་ལ། ཇག་པ་ཞིག་ལ་ནད་ཕོག་ནས་ཤི་རྗེས་གནས་རི་འདིར་དུར་སྦས་བྱས་པས། གནས་རིའི་གཞི་བདག་ཁོང་ཁྲོ་ལངས་ཏེ་ལོ་རེ་བཞིན་ཐོག་སེར་ཕབ་ཅིང་ནད་ཡམས་རྒྱ་ཆེར་བསྒོས། ལྷ་བ་ཞིག་གནས་འདི་བརྒྱུད་ནས་འགྲོ་སྐབས། གནས་རིའི་འདབས་ནས་ལོ་རེའི་ཟླ་ལྔ་བའི་ཚེས་ལྔ་ཉིན་དུག་འཇོམས་ཆོ་ག་སྤེལ་ན། ད་གཟོད་གནས་རིའི་མི་གཙང་དྲི་མ་ཐམས་ཅད་དག་ཐུབ་ཅིང་། གོད་ཁ་ཡང་འབྱུང་མི་སྲིད་ཅེས་ལུང་བསྟན། ཕྱི་ལོར། བླ་ཆེན་མཁན་ཆེན་དག་གིས་གནས་རིའི་འདབས་ནས་དུག་འཇོམས་ཆོ་ག་སྤེལ། དུས་དེ་ནས་བཟུང་། ལོ་རེ་བཞིན་ལོ་ལེགས་བྱུང་ཞིང་ནད་ཡམས་ཀྱང་མེད་པར་གྱུར། མི་སེར་རྣམས་ཀྱིས་བྱ་བ་དེར་ཐེ་ཚོམ་ཟོས་ཏེ་ལོ་གཅིག་ལ་མཚམས་བཅད་པས། ལོ་དེར་སེར་བ་བབས་ནས་འབྲུ་རིགས་རྡོག་གཅིག་ཀྱང་བསྡུ་རྒྱུ་མ་བྱུང་བར་མ་ཟད། འགོ་ནད་ཅིག་ཀྱང་ཁྱབ་ནས་མི་འགའ་རེ་ཚེ་ལས་འདས། ཕྱི་ལོར། དུག་འཇོམས་ཆོ་ག་སླར་གསོ་བྱས་ཤིང་། ལོ་རེ་བཞིན་ནང་དོན་ཡང་ཕུན་སུམ་ཇེ་ཚོགས་སུ་བཏང་བས་ཐུན་མིན་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་དུས་ཆེན་ཞིག་ཏུ་གྱུར། ད་ལྟ། དུག་འཇོམས་དུས་ཆེན་ནི། སྡིག་སེལ་དང་ནད་འགོག དུག་འཇོམས་བཅས་ནང་དོན་གཙོ་བོར་བཟུང་བའི་སྲོལ་རྒྱུན་ཆོས་ལུགས་ཀྱི་ཆོ་ག་སྤེལ་བའི་དུས་སྟོན་ཞིག་ཡིན་པར་མ་ཟད། སྐྱེ་ཁམས་སྲུང་སྐྱོང་དང་ལ་གཞས་འགྲན་ལེན། གླུ་ལེན་གར་འཁྲབ། རྟ་རྒྱུག་མདའ་འཕེན་སོགས་ཀྱི་རྩེད་རིགས་ལྡན་པའི་དུས་སྟོན་ཞིག་ཀྱང་ཡིན་ཞེས་ཡེ་ཤེས་འཇམ་དབྱངས་ཀྱིས་བཤད་བྱུང་།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1