ལི་ཁེ་ཆང་གིས་སོག་པོ་རྒྱལ་ཁབ་ཀྱི་སྲིད་འཛིན་ཨི་ལི་པེ་ཀེར་ཏོར་ཅི་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-13


   སྤྱི་ཟླ་11པའི་ཚེས་11ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་འཚམས་འདྲིར་ཕེབས་པའི་སོག་པོ་རྒྱལ་ཁབ་ཀྱི་སྲིད་འཛིན་ཨི་ལི་པེ་ཀེར་ཏོར་ཅི་དང་མཇལ་འཕྲད་གནང་། 

  ལི་ཁེ་ཆང་གིས་ཀྲུང་གོ་སྲིད་གཞུང་གིས་ཀྲུང་སོག་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཚད་མཐོ་བའི་གདེང་འཇོག་གནང་བཞིན་ཡོད། ཁ་སང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྱེད་དང་མཉམ་དུ་གྲུབ་འབྲས་ཀྱིས་ཕྱུག་པའི་གྲོས་མོལ་མཛད་པ་རེད། ཀྲུང་གོའི་ཕྱོགས་ནས་སོག་པོ་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན། མངའ་ཁོངས་གཅིག་གྱུར་བཅས་ལ་བརྩི་འཇོག་བྱ་བར་མ་ཟད། སོག་པོ་མི་དམངས་ཀྱིས་བདམས་པའི་འཕེལ་རྒྱས་བགྲོད་ལམ་ལའང་བརྩི་འཇོག་བྱ་ངེས། སོག་པོ་དང་མཉམ་དུ་མུ་མཐུད་དུ་མཐོ་རིམ་འབྲེལ་བ་རྒྱུན་འཁྱོངས་དང་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་འབྲེལ་ལ་ཤུགས་སྣོན། རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་ཀྱི་འོས་བསྟུན་སྙོམས་སྒྲིག་རྒྱུན་འཁྱོངས་བྱ་འདོད། སོག་པོ་རྒྱལ་ཁབ་ཀྱིས་སང་ལོ་ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་དབུ་ཁྲིད་ཚོགས་འདུ་སྤེལ་དགོས། ཀྲུང་གོའི་ཕྱོགས་ནས་སོག་པོའི་ཕྱོགས་དང་འོས་བསྟུན་བྱས་ཏེ་ཞི་བདེ་གཏན་འཇགས་སྲ་བརྟན་དང་མཐུན་སྒྲིལ་ཡིད་རྟོན་ལ་ཤུགས་སྣོན། འཕེལ་རྒྱས་གོང་འཕེལ་ཐད་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ལོན་པར་སྐུལ་འདེད་གཏང་འདོད་ཅེས་བསྟན།

  ལི་ཁེ་ཆང་གིས། དེང་སྐབས་རྒྱལ་སྤྱིའི་དངུལ་རྩ་རྒྱུན་མཐུད་ཀྱི་འགྱུར་ལྡོག་འབྱུང་བཞིན་འདུག་པས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་རྣམས་ཀྱིས་མཐུན་སྒྲིལ་དམ་ཟབ་སྒོས་དཔལ་འབྱོར་ཉམས་རྒུད་ཀྱི་གནོན་ཤུགས་ལ་གདོང་གཏོད་དགོས། ཀྲུང་གོའི་ཕྱོགས་ནས་གོམ་གང་མདུན་སྤོས་སྒོས་དཔལ་འབྱོར་གསབ་སྐོང་གི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཤུགས་ཆེན་པོས་ཐོན་སྐྱེད་མཉམ་འབྲེལ་རྒྱ་བསྐྱེད་དང་སོག་པོའི་ཕྱོགས་ཀྱི་ཐོན་ཁོངས་གསར་སྤེལ་ལ་རོགས་འདེགས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་བཟོ་ལས་ཅན་ལ་སྐུལ་འདེད་གཏང་སྟེ་ཀྲུང་སོག་མཉམ་འབྲེལ་གྱི་ཁེ་ཕན་མཉམ་སྤྱོད་དང་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་དེ་དངོས་དོན་གྲུབ་འབྲས་སུ་བསྒྱུར་པ་མངོན་འགྱུར་བྱ་འདོད་ཅེས་བསྟན།

ཨི་ལི་པེ་ཀེར་ཏོར་ཅི་ཡིས་སོག་པོ་དང་ཀྲུང་གོའི་ཕྱོགས་ཡོངས་འཐབ་ཇུས་འབྲེལ་བ་བཙུགས་པའི་ཚུན་ལ། ཕྱོགས་གཉིས་ཀྱིས་དབུ་ཁྲིད་ཀྱི་ཐུན་མོང་ངོས་འཛིན་ལག་བསྟར་བྱས་ཤིང་རྒྱུན་ཆད་མེད་པར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཁྱབ་ཁོངས་སོ་སོའི་དངོས་དོན་འབྲེལ་བ་གཏིང་ཟབ་ཏུ་སྤེལ། སོག་པོའི་ཕྱོགས་ནས་གོམ་གང་མདུན་སྤོས་སྒོས་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་བར་གྱི་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་སོགས་མཉམ་འབྲེལ་སྡེ་ཁག་བརྒྱུད་དེ་ཀྲུང་གོའི་ཕྱོགས་ཀྱི་ནུས་ཤུགས་ཐོན་ཁོངས་དང་ཕྱུགས་ལས་ཐོན་རྫས་སོགས་ཀྱི་བཟོ་ཚོང་རྒྱ་བསྐྱེད། ཆུ་གློག་སོགས་ལས་གཞི་གལ་ཆེན་ལ་སྐུལ་འདེད། དངུལ་རྩའི་དངུལ་འཇོག་གི་མཉམ་འབྲེལ་ལ་ཤུགས་སྣོན། རང་དབང་བཟོ་ཚོང་གྲོས་གཞི་བསྡུར་དཔྱད་ལ་འཚོལ་ཞིབ་བྱས་ཏེ་རྒྱལ་ཁོངས་ལས་བརྒལ་པའི་དཔལ་འབྱོར་ཁུལ་དང་འགྲིམ་འགྲུལ་སྐྱེལ་འདྲེན་འཛུགས་སྐྲུན་བྱ་འདོད་ཅེས་བསྟན།།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1