༄༅།། གཅིན་མངར་གྱི་ན་ཚ་ཡོད་ན་ཚལ་རིགས་འདི་གཉིས་བསྟེན་ན་ལེགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-17


  དེང་སང་བོད་པའི་ནང་དུ་གཅིན་པ་མངར་འགྱུར་རམ་གཅིན་སྙི་ཞེས་པའི་ན་ཚ་འདི་ཡོད་མཁན་ཧ་ཅང་མང་པོ་ཞིག་འདུག    རྒྱུ་མཚན་ནི་མི་མང་པོ་ཞིག་གི་འཚོ་བའི་ཆ་རྐྱེན་ཅུང་ཇེ་ལེགས་སུ་སོང་བར་བརྟེན་སྔོན་ཆད་ལྟ་བུར་ལུས་ཤུགས་ངལ་རྩོལ་བྱེད་མི་དགོས་པའི་འཚོ་བ་ཞིག་རོལ་ཐུབ་པ་དང་། ཡང་ཟས་རིགས་མངར་མོའི་རིགས་མང་པོ་ཞིག་ངམ་ངམ་ཤུགས་ཀྱིས་ཟོས་དང་བཟའ་བཞིན་པ་སོགས་ཀྱི་དབང་གིས་ཡིན། དེར་བརྟེན་བོད་མི་མང་པོ་ཞིག་གིས་ལོ་རེ་བཞིན་རང་ལུས་ཀྱི་ཁྲག་ལ་བརྟག་དཔྱད་བྱས་རྗེས་སྨན་པས་གཅིན་པ་མངར་འགྱུར་གྱི་ན་ཚ་འདུག་ཅེས་བརྗོད་ཡོད་པ་དང་།  དེ་མ་ཐག་ལ་ལ་ཞིག་དངངས་སྐྲག་ལངས་ཡོང་གིན་ཡོད། དེ་ནི་འཆི་བར་འཇིགས་པ་ཙམ་མ་ཡིན་པར་སྨན་མང་པོ་ཞིག་ཉིན་རེ་བཞིན་ཟོས་ན་དེའི་དངུལ་གྱི་འགྲོ་སོང་ཡང་ཚད་མཐོན་པོ་ཆགས་འགྲོ་བ་དེ་ཡང་སེམས་འཚབ་བྱེད་པའི་གཞི་རྩ་གཅིག་རེད།

  རྒྱ་རིགས་ཀྱི་འཚོ་བའི་ཁྲོད་དུ་གནའ་སྔ་མོ་ནས་ཟ་མ་འདི་དང་དེ་ཟོས་ན་གཟུགས་པོའི་འཕྲོད་བརྟེན་དེ་དང་གན་ལ་ཕན་ཞེས་མི་མང་ཤོས་ཀྱིས་བརྗོད་སྲོལ་དང་ཉོ་སྲོལ་ཡོད་འདུག་ཅིང་། ཟ་མ་དེ་དང་དེའི་ཕན་ནུས་ཀྱི་དབང་གིས་ལུས་ཀྱི་ན་ཚ་མང་པོ་ཞིག་སྔོན་འགོག་བྱེད་པར་ཕན་ནུས་ཀྱང་ཧ་ཅང་ཆེན་པོ་ཞིག་ཐོན་བཞིན་ཡོད་པ་ནི་མིག་མཐོང་ལག་ཟིན་གྱི་གནས་ཚུལ་ཞིག་རེད།  ཐ་ན་རྒྱ་རིགས་ཀྱི་འཚོ་བའི་ཁྲོད་དུ་ཆུ་ཁོལ་འཐུང་བའི་ལུགས་སྲོལ་བཟང་པོ་ཞིག་ཡོད་པ་འདི་ཁོ་ནས་ཀྱང་ལུས་པོའི་འཕྲོད་བསྟེན་ལ་ཕན་ཐོགས་ཧ་ཅང་ངེས་ཅན་ཞིག་འབྱུང་གི་ཡོད་པ་རེད།

  ངའི་ངོ་ཤེས་པའི་རྒྱ་མོ་ལོ་དྲུག་ཅུར་ཉེ་བ་ཞིག་ཡོད་པ་དེས་ནམ་རྒྱུན་ཟ་མ་གང་ཞིག་བཟའ་ཡང་འཕྲོད་བསྟེན་ལ་དེ་ཕན་འདི་ཕན་མ་གཏོགས་གང་བྱུང་གི་ཟ་མ་གཏན་ནས་མི་བཟའ་བའི་གོམས་གཤིས་ཆགས་ཡོད་པ་རེད།  ཕར་བལྟས་ཚོད་ཀྱིས་མོ་རང་ལོ་བཞི་བཅུར་སོན་ཙམ་གྱི་ཕྱི་ཚུལ་ལྡན་པ་མ་ཟད། དེ་བཞིན་ཕྱག་འཚལ་སྐོར་གསོག་སོགས་ཆོས་ལྡན་གྱི་བྱ་བ་གང་ལ་ཡང་དར་མ་སྤྱི་དང་མཚུངས་པར་འཇུག་ཐུབ་པ་ཞིག་ཡིན།  ཉེ་ཆར་ང་ཚོ་འདི་གར་དགེ་རྒན་ཞིག་ཕེབས་པའི་སྐབས་སུ་མཉམ་འཛོམས་བྱུང་སྟེ་འཕྲོད་བསྟེན་སྐོར་བརྗོད་རེས་བྱེད་སྐབས་མོ་རང་ལ་གཅིན་པ་མངར་འགྱུར་གྱི་ན་ཚ་རིམ་པ་གཉིས་པ་དེ་ཡོད་ཀྱང་སྔོ་ཚོད་གཉིས་ཞོགས་པ་རྟག་པར་བཟའ་བཞིན་ཡོད་པས། ལོ་བཞིའི་རིང་སྨན་རིལ་གཅིག་ཀྱང་བཟའ་མི་དགོས་པར་འདུག་ཅེས་བརྗོད་བྱུང་བས། རང་རིགས་གཅིན་མངར་ན་ཚ་དེ་ཡོད་མཁན་ཚོར་ཕན་དུ་རེ་ནས། སྔོ་ཚལ་དེ་གཉིས་གང་ཡིན་ཡང་ཇི་ལྟར་བསྟེན་དགོས་ལུགས་ཐད་དྲི་བ་དྲིས་པར་ལན་འདི་ལྟར་བཏབ་པ་གཤམ་དུ་བཀོད་ཡོད་པས་མཁོ་གལ་ཆེ་བའི་གྲོགས་པོ་རྣམས་ཀྱིས་ཡིད་འཇགས་འཚལ།

  སྔོ་ཚལ་དང་པོ། མཛུབ་ཚལ།  དབྱིན་སྐད་དུ་Okara,秋葵ཡང་ན་Ladyfingerཟེར་བ་དེ་རྐང་གསུམ་ཡུ་རྐང་བཅད་རྗེས་ཆུ་དྲོད་འཇམ་ཕོར་བ་ཕྱེད་ཙམ་ཞིག་དང་མཉམ་དུ་ཞིབ་མོར་བཏགས་ཏེ་ཞོགས་པར་ལྟོ་སྟོང་ལ་འཐུང་དགོས། ཞིབ་བཏགས་བྱེད་སྤྱད་མེད་ན་དེ་རིང་དགོང་མོར་ཆུ་ཁོལ་ནང་སྦངས་རྗེས་སང་ཞོགས་ལྟོ་སྟོང་ལ་ཆུ་ཁོལ་དང་འཐུང་ན་ཡང་འགྲིག་པ་རེད།

  སྔོ་ཚལ་གཉིས་པ། ཀ་པེད་ཏིག་མོ།Bitter melon, 苦瓜 ཞེས་པ་འདིའི་ཕྱེད་ཀ་གཏུབས་པ་དང་ཡང་སྐྱར་དེ་གྲི་གཞོག་སྲབ་བུར་གཏུབས་རྗེས་ཆུ་ཚ་བོའི་ནང་སྐར་ཆ་སུམ་ཅུ་ཙམ་ལ་སྦངས་རྗེས་ཞོགས་ཇ་དང་མཉམ་དུ་བཟའ་དགོས།

  གྲོགས་པོ་གཅིན་མངར་གྱི་སྙུང་གཞི་ཡོད་མཁན་ཚོས་གོང་གསལ་ཚལ་རིགས་འདི་གཉིས་བསྟེན་ན་ལེགས་པ་ཐུགས་འཇག་ཞུ་བ་དང་ཆབས་ཅིག    གྲོགས་པོ་རང་ཉིད་ལ་ན་ཚ་འདི་མེད་ན་ཡང་སྐད་འཕྲིན་སོགས་སུ་བརྒྱུད་བསྐུར་གནང་ན་རང་རིགས་ན་ཚ་འདི་ཡོད་མཁན་གང་ན་སུ་བཞུགས་ཚང་མར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པས།  སྤྱོད་འཇུག་ལས། སེམས་ཅན་རྣམས་ཀྱི་ཀླད་ནད་ཙམ།།  བསལ་ལོ་སྙམ་དུ་བསམས་ན་ཡང་།།   ཕན་འདོགས་བསམ་པ་དང་ལྡན་ཏེ།།བསོད་ནམས་དཔག་མེད་ལྡན་འགྱུར་ན།། སེམས་ཅན་རེ་རེའི་མི་བདེ་བ།།  དཔག་ཏུ་མེད་པ་བསལ་འདོད་ཅིང་།།   རེ་རེའང་ཡོན་ཏན་དཔག་མེད་དུ།  །བསྒྲུབ་པར་འདོད་པ་སྨོས་ཅི་དགོས།། ཞེས་གསུངས་པ་བཞིན། ལུས་ཅན་ཀུན་གྱི་ལུས་ཀྱི་ན་ཚ་དང་སེམས་ཀྱི་སྡུག་བསྔལ་སེལ་ཐབས་ཅི་རིགས་ལ་བརྩོན་འོས་པ་དང་།   འཚེ་མེད་ཞི་བདེ་ནི་མ་གཞི་ནས་མིའི་རིགས་ཀྱི་རེ་སྙེགས་བྱེད་པའི་བརྗོད་བྱ་གཙོ་བོ་ཞིག་ཡིན་ནོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1