གཙོ་ངོས།>> དམངས་སྲོལ།>>དམངས་རྩོམ།

མི་གསལ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།བདེ་ཆེན་བོད་ཡིག་ཚགས་པར། སྤེལ་དུས། ༢༠༡༥ལོའི་ཟླ་བ་༡༡ཚེས་༡༧ཉིན།

༄༅།། བྱིས་པའི་གབ་ཚིག

  ཉིན་འགའི་སྔོན་དུ་སློབ་གྲོགས་ཤིག་གིས་ང་ལ་གབ་ཚིག་གི་སྐོར་ནས་རང་གི་ཉམས་མྱོང་ཞིག་བཤད་པའི་རེ་བ་ཞུས་པ་དང་། སྤྱིར་ན་ཆུང་དུས་ནས་གབ་ཚིག་རེ་འགར་སྦྱངས་ན་ཡང་། མི་ལོ་དུ་མ་འགོར་བའི་ད་ལྟ་སེམས་ནང་ནས་ཕྱིར་དྲན་བྱེད་ཐུབ་པ་ཞིག་དྲན་རྒྱུ་མི་འདུག    

  དེས་ན་གྲོགས་པོའི་ངོ་ཚིག་ཟློག་མི་ནུས་པས་ངས་ཀྱང་ཚིག་མཛོད་དང་འབྲེལ་ཡོད་དཔྱད་གཞིའི་ཡིག་ཆར་བལྟས་ནས། རང་གི་ཤེས་པ་དང་མྱོང་ཚོར་རྣམས་ཁོ་ལ་བཤད་པ་ཡིན། གབ་ཚིག་ཟེར་ན་གབ་ནི་གསང་བའི་དོན་དང་། ཚིག་ནི་རྒྱུན་དུ་བཤད་པ་དེར་གོ ང་ཚོའི་ཁ་སྐད་ནང་དུ་འདི་ལ་ཁེད་ཅེས་ཀྱང་ཟེར་བཞིན་ཡོད་ལ། གཉིས་ཀ་དོན་གཅིག་མིང་གི་རྣམ་གྲངས་རེད།  

སློབ་ཆུང་གི་དཔེ་དེབ་ལ་བལྟ་དུས་གབ་ཚིག་ཅིག་མཐོང་བ་ནི་འདི་ལྟ་སྟེ། ཕྱི་མཁར་མོ་ཡག་གི་མཁར་ནང་ན།། ནང་མཚོ་མོ་ཡག་གི་མཚོ་ནང་ན། །ཤིང་གུར་ཀུམ་རྒྱལ་བོའི་རྩེ་མོ་ན། །  རྗེ་བླ་མ་ན་བཟའ་སེར་བོ་ཅན། །  ཞེས་པ་སྟེ་ཆུང་དུས་ནས་འཚོ་བའི་ཁྲོད་མཐོང་ཐུབ་པའི་མཆོད་མེ་ལ་གབ་ཚིག་གི་ཁྱད་ཆོས་འདི་ལྟར་བྲིས་ཡོད།   ཕྱི་དང་ནང་། རྩེ་མོ། ཁ་མདོག་དང་དབྱིབས་བཅས་ཀྱི་སྟེང་ནས་གབ་བྱའི་ནང་དོན་ཞིབ་འབྲི་བྱས་ཡོད་པས།  ནང་དོན་སྟབས་བདེ་ཞིང་གོ་སླ་བའི་ཁྱད་ཆོས་ཀྱིས་བྱིས་པའི་ཡིད་སེམས་དང་སྤྲོ་སྣང་འགུགས་ཐུབ་པ་མ་ཟད།  གབ་ཚིག་འདི་ལ་བརྟེན་ནས་ངས་ཀྱང་གབ་ཚིག་གི་སྐོར་ལ་ལྷག་ཏུ་རང་གི་བསམ་ཚུལ་རེ་འགའ་བརྗོད་ན་འདོད་བྱུང་། 

  ཆུང་བྱིས་པའི་དུས་སུ། སྡེ་བའི་རྒན་རྒོན་དང་ན་མཉམ་གྲོགས་པོ་དག་གི་ངག་ལས་རྒྱུན་པར་གབ་ཚིག་མང་བོ་གོ་ཐུབ་ཅིང་། གབ་ཚིག་གི་ནང་དོན་སུས་ཁེད་མིན་ལ་བལྟས་ནས་བློ་རིག་མྱུར་མིན་ལ་བལྟ་བ་ཡིན།   གབ་ཚིག་འདི་ནམ་ཞིག་དར་བའི་དུས་ནི་ང་ལྟ་བུའི་བློ་དམན་ཞིག་གིས་དཔྱོད་དཀའ་ཡང་། གབ་ཚིག་ཀྱང་ང་ཚོའི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་སྙོད་མེད་རེད། དེར་མ་ཟད་ང་ཚོའི་འཚོ་བའི་ཁྲོད་གཏིང་ཟབ་ཏུ་དར་ཁྱབ་བྱུང་ཡོད་པས་མི་རབས་ནས་མི་རབས་བརྒྱུད་དེ་ང་ཚོའི་བར་དུ་སླེབས་པ་རེད། དེས་ན་ང་ཚོ་དེང་གི་གཞོན་ནུ་རྣམས་ཀྱིས་ཀྱང་རང་གི་རིག་གནས་ཀྱི་གྲུབ་ཆ་རེ་རེར་སློབ་སྦྱོང་དང་རྒྱུན་འཛིན་བྱེད་པའི་དགོས་པ་ལྷག་པར་ཆེ་བར་འདོད། 

  གབ་ཚིག་ལ་ཁྱད་ཆོས་མང་པོ་ཡོད་དེ། གབ་ཚིག་མང་ཤོས་ཀྱི་ནང་དོན་ལ་རོལ་རྩེད་དང་། ངོ་མཚར་བ། རྩེད་མོའི་རྣམ་པ་ལྡན་ཞིང་། ཡང་རེ་འགར་བཤད་མི་བདེ་བའི་སྐབས་སུ་གབ་ཚིག་ལ་བཅངས་ནས་ནང་དོན་ལྐོག་གྱུར་ཅན་དུ་གཏོང་བ་སོགས་ཀྱང་ཡོད་པས་གཟབ་ནན་གྱི་རང་བཞིན་ཞིག་ཀྱང་ལྡན་ཡོད། གབ་ཚིག་ལ་བྱང་ན།  དྲན་འཛིན་ཇེ་གསལ་དང་བློ་རིག་ཇེ་མྱུར་དུ་གཏོང་ཐུབ་པ་མ་ཟད། ཀློག་ལ་བྱང་ན་ཁ་བདེ་ལྕེ་བདེ་ཅན་དུ་གཏོང་བར་ཡང་ཕན་པ་ངེས་ཅན་ཡོད་པར་འདོད། དེར་མ་ཟད། ཚིག་གི་སྦྱོར་སྟངས་འདི་གོ་སླ་ཞིང་སྟབས་བདེ་ལ།  འཚོ་བ་དངོས་དང་མཐུན་པ་མ་ཟད།  རྩོམ་ལུས་ཀྱི་ཆ་ནས། ཚིགས་བཅད་དང་ཚིག་ལྷུག་གང་རུང་མཐོང་རྒྱུ་ཡོད།      

  མི་བརྒྱ་ལ་སྐེ་རགས་གཅིག འདི་ནི་བརྗེད་དཀའ་བའི་ཆུང་དུས་ཀྱི་ཁེད་ཅིག་ཡིན།  འདིས་གབ་བྱ་ཕྱགས་མ་མཚོན་ཡོད་ཅིང་།  ཕྱགས་མའི་ཁྱད་ཆོས་དང་གྲངས་ཀ་སྟབས་བདེའི་ངང་ཞིབ་འབྲི་བྱས་ཡོད་པས་བསམ་གཞིགས་རེ་ཙམ་བཏང་ན་དངོས་པོ་ཅི་ཞིག་མཚོན་བཞིན་པ་ཤེས་ཐུབ།  དེང་སང་འཚོ་བའི་ཁྲོད་ནས་ཁེད་ཀྱི་སྐོར་གོ་ཐོས་བྱུང་བ་ཉུང་ལ། འདི་ལས་ཕལ་ཆེར་ཁེད་ཀྱི་ཕྱོགས་ལ་དོ་སྣང་དང་སློབ་སྦྱོང་བྱས་པ་ཉུང་བ་ཡང་མཚོན་མི་ཐུབ་པ་མིན་པས། འདིའི་ཕྱོགས་ལ་ཡང་བློ་གསལ་གཞོན་ནུ་རྣམས་ཀྱིས་འབད་པའི་ཡུལ་ཡིན་ནོ། །  


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1