རྒྱལ་ཁབ་ཉི་ཤུའི་ཚོགས་པའི་དབུ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལས་ཀའི་གསོལ་སྟོན་ཐོག ཀྲུང་གོའི་2016ལོའི་མཐོ་རིམ་གྲོས་ཚོགས་གཙོ་སྒྲུབ་ཐད་ཀྱི་གཏམ་བཤད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-19


རྒྱལ་ཁབ་ཉི་ཤུའི་ཚོགས་པའི་དབུ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལས་ཀའི་གསོལ་སྟོན་ཐོག

ཀྲུང་གོའི་2016ལོའི་མཐོ་རིམ་གྲོས་ཚོགས་གཙོ་སྒྲུབ་ཐད་ཀྱི་གཏམ་བཤད། 

(2015ལོའི་ཟླ་11པའི་ཚེས་16ཉིན། ཨན་ཐ་རི་ཡ།)

            ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཞི་ཅིན་ཕིང་གིས། 

            ལས་གྲོགས་རྣམ་པ། 

            ཐོག་མར་ངས་སྲིད་འཛིན་ཨེར་ཏུའོ་ཨན་ལ་རྟེན་འབྲེལ་ཞུ། ཐེངས་འདིའི་ཨན་ཐ་རི་ཡའི་མཐོ་རིམ་གྲོས་ཚོགས་ལེགས་འགྲུབ་བྱུང་སྟེ། ཕྱི་ཕྱོགས་སུ་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འཛམ་གླིང་དཔལ་འབྱོར་ལ་སྒུལ་ཤུགས་བསྐྲུན་པ་དང་། རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་ཀྱི་དགེ་མཚན་ལྡན་པའི་འཕྲིན་རྟགས་བཏོན་ཡོད། 

            ཀྲུང་གོས་སང་ལོའི་ཟླ་9པའི་ཚེས་4ཉིན་ནས་ཚེས་5ཉིན་གྱི་བར་ཀྲའེ་ཅང་ཞིང་ཆེན་ཧང་ཀྲུའུ་གྲོང་ཁྱེར་ནས་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་དབུ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཐེངས་བཅུ་གཅིག་པ་འཚོག་རྒྱུ་ཡིན། གོ་སྐབས་དེ་དང་བསྟུན་ནས། ངས་རྒྱལ་ཁབ་སོ་སོ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་ཀྲུང་གོར་རྒྱབ་སྐྱོར་མཛད་པར་བཀའ་དྲིན་ཞུ་བ་ཡིན། དེ་ཡང་ལས་གྲོགས་རྣམ་པ་སྐབས་དེའི་ཧང་ཀྲུའུ་མཐོ་རིམ་གྲོས་ཚོགས་སུ་ཕེབས་པར་རེ་སྒུག་བྱེད་བཞིན་ཡོད། 

            ཀྲུང་གོར་གནའ་དཔེ་ཞིག་ཡོད་དེ། གནམ་ལ་ལྷ་ཡི་ཞིང་ཁམས། ས་ལ་སུའུ་ཧང་ཡུལ་གྲུ་ཞེས་ཏེ་ཧང་ཀྲུའུ་དང་སུའུ་ཀྲུའུ་ཡི་ཡུལ་ལྗོངས་ལྟ་ན་སྡུག་པས་མི་ཡུལ་གྱི་དག་ཞིང་ཞེས་བརྗོད་སྲོལ་ཡོད། ཧང་ཀྲུའུ་ནི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་མིང་ཅན་ཡིན་ཞིང་གསར་གཏོད་གསོན་ཤུགས་འཕེལ་བའི་གྲོང་ཁྱེར་ཡིན་པས་2016ལོའི་མཐོ་རིམ་གྲོས་ཚོགས་སུ་རྣམ་པ་ཚོར་ལོ་རྒྱུས་དང་དངོས་ཡོད་གཅིག་འདུས་ཀྱི་ཐུན་མིན་ཁྱད་ཆོས་ཤིག་མངོན་ངེས།

       དུས་སྐབས་སྔ་མའི་ཕྱོགས་སོ་སོའི་བར་གྱི་འབྲེལ་བའི་ཁྲོད་ནས་ཀྲུང་ཕྱོགས་ཀྱིས་ཕྱོགས་སོ་སོས་སང་ལོའི་མཐོ་རིམ་གྲོས་ཚོགས་ལ་བཅོལ་བའི་རེ་བ་དེ་གསལ་པོར་ཤེས་ཐུབ། མིག་སྔར་གྱི་གནས་ཚུལ་དང་ཕྱོགས་སོ་སོའི་རེ་བར་དམིགས་ནས། ཀྲུང་ཕྱོགས་ཀྱིས་2016ལོའི་མཐོ་རིམ་གྲོས་ཚོགས་ཀྱི་བརྗོད་དོན་གཙོ་བོ་དེ་གསར་གཏོད་དང་། གསོན་ཤུགས།  མཉམ་འགུལ། བཟོད་སྒོམ་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྱོང་བྱ་རྒྱུ་དེ་ཡིན། ང་ཚོའི་རེ་བ་ལྟར་ན་འགགས་གནད་ཀྱི་མངའ་ཁོངས་4ནས་སང་ལོའི་མཐོ་རིམ་གྲོས་ཚོགས་ལ་གྲ་སྒྲིག་ལས་ཀར་སྐུལ་འདེད་བྱ་རྒྱུ་ཡིན། གཅིག་ནས་འཕར་སྣོན་གྱི་ཐབས་ལམ་གསར་གཏོད་དེ་གཙོ་བོ་བཅོས་བསྒྱུར་གསར་གཏོད་ལ་སྐུལ་འདེད་དང་གོ་སྐབས་གསར་པ་གསར་གཏོད་དམ་འཛིན་བྱས་ཏེ་འཛམ་གླིང་དཔལ་འབྱོར་འཕར་ཚད་ཀྱི་ནུས་ཤུགས་མཐོ་རུ་གཏང་རྒྱུ། གཉིས་ནས་གོ་ལ་ཡོངས་ཀྱི་དཔལ་འབྱོར་དངུལ་རྩ་སྐྱོང་བར་འཐུས་ཚང་བཏང་ནས་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་སྨྲ་བརྗོད་དབང་ཆ་ཇེ་དྲག་ཏུ་གཏང་བར་བརྒྱུད་འཛམ་གླིང་དཔལ་འབྱོར་གྱི་ཉེན་འགོག་ནུས་པ་མཐོར་འདེགས་གཏང་དགོས། གསུམ་ནས་རྒྱལ་སྤྱིའི་ཉོ་ཚོང་དང་མ་དངུལ་གཏོང་འཇོག་ལ་སྐུལ་འདེད་བྱེད་དེ་དེས་འཕར་ཚད་ལ་ཐེབས་པའི་སྐུལ་འདེད་ནུས་པ་འདོན་ཐུབ་པ་བྱ་ནས་སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྱོང་བྱ་དགོས། བཞི་ནས་བཟོད་སྒོམ་དང་མཉམ་འགུལ་ཅན་གྱི་འཕེལ་རྒྱས་ལ་སྐུལ་སྤེལ་བྱས་ནས་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་དོན་གོ་རིམ་དོན་འཁྱོལ་གང་ཐུབ་བྱེད་པར་བརྒྱུད་དབུལ་ཕོངས་སེལ་ཏེ་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུ་དེའོ།    

      ང་ཚོས་གོང་གི་བརྗོད་གཞི་དང་བྱ་གནད་བཏོན་པ་དེར་གཙོ་བོ་ཕྱོགས་གསུམ་གྱི་ཐད་ནས་བསམ་བློ་བཏང་ཡོད། 

      གཅིག འཛམ་གླིང་དཔལ་འབྱོར་ཕལ་ཆེར་ཉམས་ཉེན་ལས་གྲོལ་ཡོད། འོན་ཀྱང་སླར་གསོ་བྱེད་ཤུགས་ཤིན་ཏུ་ཞན་ཞིང་འཕར་ཚད་ཀྱི་སྒུལ་ཤུགས་ཀྱང་མི་འདང་། དཔལ་འབྱོར་སྒྲིག་གཞི་གཙོ་བོའི་འགྲོ་ཚུལ་དང་སྲིད་ཇུས་དེ་ལས་འགྱུར་བ་འགྲོ་བཞིན་པས་ང་ཚོས་འཕར་ཚད་ཀྱི་ཁུངས་གསར་པ་འཚོལ་སྙེག་བྱེད་དེ་འཛམ་གླིང་དཔལ་འབྱོར་དར་རྒྱས་ཀྱི་རིམ་པ་གསར་པ་ཞིག་གི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་བྱ་དགོས། 

      གཉིས། ཉེ་བའི་ལོ་ཤས་ཀྱི་རིང་གོ་ལ་ཡོངས་ཀྱི་དཔལ་འབྱོར་སྐྱོང་བའི་བཅོས་བསྒྱུར་གྱི་མྱུར་ཚད་དལ་ཞིང་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་སྒྲིག་ལམ་མགྱོགས་སུ་འཕོ་འགྱུར་བྱུང་བཞིན་ཡོད། ད་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕེལ་རྒྱས་དབུས་ཚོགས་དང་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྐབས་བཅུ་པའི་པུའུ་ཀྲང་ཚོགས་འདུ། གནམ་གཤིས་འགྱུར་ལྡོག་གི་ཕེ་རིས་ཚོགས་ཆེན་བཅས་རྒྱུན་མཐུད་ཀྱིས་སྤེལ་བས་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་དང་ཕྱོགས་མང་ཉོ་ཚོང་སྒྲིག་གཞི། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་པའི་གོ་ལ་ཡོངས་ཀྱི་བྱ་སྤྱོད་ལ་ཇུས་གཞི་གསར་པ་བཀོད་ཡོད། ང་ཚོས་མཐུན་སྦྱོར་གཅིག་མཐུན་གྱི་བྱ་ཐབས་སྤེལ་ཏེ་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཀྱི་འཕེལ་རྒྱས་ཁ་ཕྱོགས་ལ་ལམ་སྟོན་བྱ་དགོས།

      ལས་གྲོགས་རྣམ་པ།  

      རྒྱལ་ཁབ་ཉི་ཤུའི་ཚོགས་པ་ནི་ཁུངས་འདུས་རྒྱལ་ཁབ་སོ་སོའི་ཚོགས་པ་ཡིན། ཧང་ཀྲུའུ་ཡི་མཐོ་རིམ་གྲོས་ཚོགས་ཀྱི་གྲ་སྒྲིག་གོ་རིམ་ཁྲོད་དུ་ཀྲུང་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་སྒོ་འབྱེད་དང་དྭངས་གསལ། བཟོད་སྒོམ་གྱི་སྤྱོད་ཚུལ་རྒྱུན་འཁྱོངས་བྱ་ཏེ་ཁོངས་གཏོགས་རྒྱལ་ཁབ་ཚང་མའི་ལྷན་དུ་ཕན་ཚུན་མཐུད་པ་དང་མཐུན་འགྲིག་ཤུགས་སྣོན་བྱས་ཏེ་རྒྱལ་ཁབ་ཉི་ཤུའི་ཚོགས་པ་དེ་སྲུང་སྐྱོང་ཡག་པོ་དང་འཛུགས་སྐྲུན་ཡག་པོ། འཕེལ་རྒྱས་ཡག་པོ་བྱ་ངེས།།


     སང་ལོའི་ཟླ་9པར་ངས་ཧང་ཀྲུའུ་ཞི་ཧུའུ་མཚོ་ཁ་ནས་རྣམ་པ་ཚོར་ཕེབས་བསུ་ཞུ།

     བཀའ་དྲིན་ཆེ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1