སེམས་ལ་ཤར་བ་ལྟར་ཉམས་དབྱངས་བླངས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22



   ཉིན་གཅིག་རང་གི་སེམས་ལ་ཤར་བ་ལྟར་ཉམས་དབྱངས་འདི་བླངས་སོ། །བྲག་རི་ཡི་ཁང་བཟང༌། །ལྗོན་ཤིང་གི་བསིལ་གྲིབ། །སྔོ་ལྗང་རྩྭའི་སྐྱིལ་ཆུང༌། །རས་དཀར་གྱི་གུར་སོགས། །གང་དགའ་རུ་སྡོད་པའི། །རྣལ་འབྱོར་པ་གུ་ཡངས། །བློ་བདེ་ངས་སྐྱིད་པའི། །རྒྱང་གླུ་ཞིག་ལེན་ནོ། །རང་ཉིད་ལ་བཀའ་དྲིན། །སངས་རྒྱས་ལས་ལྷག་པའི། ། མཚན་ལྡན་གྱི་བླ་མ། །དམ་པ་ལ་བརྟེན་ནས། །འཁོར་འདས་ཀྱི་ཆོས་རྣམས། །སྣང་སྟོང་ནི་ཟུང་འཇུག ། གང་སྣང་ཀུན་སེམས་ཀྱི། །ཆོ་འཕྲུལ་དུ་གོ་སོང༌། །འཁོར་འདས་ཀྱི་རྩ་བ། །རང་སེམས་ཀྱི་གནས་ལུགས། །དངོས་བཟུང་མེད་སྟོང་གསལ། །འཛིན་མེད་དུ་རྟོགས་སོང༌། །དབེན་གནས་སུ་བསྡད་དེ། །གནས་ལུགས་ཀྱི་ངང་ལ། །རས་བལ་བཞིན་ཤེས་པ། །གློད་ནས་རང་བཞག་པས། །མ་རིག་པའི་མུན་པ། །རང་དྭངས་ལ་སོང་ནས། ། ཆོས་དབྱིངས་ཀྱི་ནམ་མཁའ། །ཡངས་པ་དེ་ལངས་བྱུང༌། ། གནས་ལུགས་དེ་ཡིན་མིན། །ཐེ་ཚོམ་གྱིས་དོགས་པ། །རྒྱལ་བ་རྣམས་བྱོན་ཀྱང༌། །འདྲི་རྒྱུ་ཞིག་མི་སྣང༌། །རྩ་གསུམ་ལྷའི་ཞིང་ཁམས། །མཁའ་སྤྱོད་དངོས་ཙཱ་རི། །ཉམས་རྟོགས་ཀུན་གཅིག་ཆར། ། འཁྲུངས་གནས་ན་བཞུགས་པའི། ། མིང་དོན་གཉིས་མཐུན་པའི། ། ཕྱག་ཆེན་གྱི་རྣལ་འབྱོར། །གནས་ལུགས་ཀྱི་རང་ཞལ། །མཇལ་བ་ཡི་ཚོགས་རྣམས། །ནམ་མཁའ་བཞིན་སང་ངེ༌། །ཉི་མ་བཞིན་ས་ལེ། །མེ་ལོང་བཞིན་ཝལ་ལེ། །མིག་འབྲས་བཞིན་ཧྲིག་གེ །ཆོས་ཀྱི་སྐུའི་ཁྱད་ཆོས། །བཞི་ལྡན་འདི་སྐྱོངས་དང༌། །ཆོས་དབྱིངས་ཀྱི་ཞིང་ལ། །དུས་མཉམ་དུ་ཆས་འགྲོ །
དབུ་མ་བ་ལུང་རིགས། །ཀུན་མཁྱེན་གྱི་དགེ་བཤེས། །ཆོས་གྲྭ་རུ་བགྲོ་གླེང༌། །བཏང་བ་དེ་སྙན་བཞིན། །ཕྱག་རྫོགས་པ་གཅིག་ཤེས། །ཀུན་གྲོལ་གྱི་རྣལ་འབྱོར། །དབེན་པ་རུ་ཉམས་མགུར། ། བླངས་པ་ཡང་སྙན་ཡོང༌། །ཞེས་བླངས་པས་དེར་བཞུགས་པའི་རྟོགས་ལྡན་འཕྲུལ་ཞིག་རྣམས་ཐུགས་དགྱེས་པར་གྱུར་ཏོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1