ནང་མའི་ངོ་སྤྲོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22



དང་པོ།གདོད་མའི་གླུ།
འགྲོ་བ་མིའི་རིགས་ཀྱིས་རང་གི་འཚོ་གནས་ཀྱི་ཆེད་དུ་རང་བྱུང་ཁམས་ལ་འཐད་རྩོད་གང་མང་བྱས་མཐར་སྤྱི་ཚོགས་ཀྱི་རྣམ་པ་ཞིག་རིམ་བཞིན་ཆགས་པ་དང་།ཁོ་ཚོའི་དགོས་མཁོའི་དབང་གིས་རང་བྱུང་ཁམས་ཀྱི་སྒྲ་སྣ་ཚོགས་ལ་ལད་ཟློས་བྱས་ནས་ངག་ལས་སྐད་ཆ་སྣ་ཚོགས་བྱུང་བ་ཡིན།ཡིན་ཡང་ཁོ་ཚོའི་སྐད་ཆ་དེ་ནི་ཕུན་སུམ་ཚོགས་པ་ཞིག་ནི་གཏན་ནས་མིན།སྤྱི་ཚོགས་ཀྱི་རྣམ་པ་འགྱུར་བ་དང་བསྟུན་ནས་མི་རྣམས་ཀྱིས་རང་རང་གི་སེམས་ཁམས་ཀྱི་འགྱུར་བ་དང་བསྟུན་ནས་དགའ་གླུ་དང་སྡུག་གླུ་སོགས་ལེན་ཤེས་པར་གྱུར།གང་ལྟར་བོད་རང་ལའང་གདོད་མའི་སྐབས་ཀྱི་ངག་ཐོག་གི་རྩོམ་རིག་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད།བོད་ཀྱི་རྩོམ་རིག་ལོ་རྒྱུས་དང་བྱུང་འཕེལ་ཞེས་པའི་ནང་དུ་གདོད་མའི་སྤྱི་ཚོགས་སུ་བྱུང་བའི་ལྷ་སྒྲུང་གི་རྣམ་པ་ལྡན་པའི་ངག་རྩོམ་སྲིད་པ་ཆགས་གླུ་དང་སྲིད་པའི་བ་ཆུང་བཤའ་གླུ།ཨ་མཚར་མཚར་དགུ་སོགས་ནི་གདོད་མའི་མི་རྣམས་ཀྱིས་ཐོན་སྐྱེད་ངལ་རྩོལ་བྱེད་པའི་གོ་རིམ་ཁྲོད་དང་།རང་བྱུང་ཁམས་ལ་འཐད་རྩོད་བྱེད་པའི་གོ་རིམ་ཁྲོད་དུ་ཐུན་མོང་གི་བློ་གྲོས་རྩལ་ལས་ཐོན་ཞིང་ཐུན་མོང་གིས་བསྐྲུན་པའི་ངག་ཐོག་གི་སྙན་ངག་ཀྱང་རེད།ཞེས་བརྗོད་ཡོད་པས་ངག་ཐོག་གི་གསར་རྩོམ་དག་ལ་གཞིགས་ན་གདོད་མའི་མིས་རང་བྱུང་ཁམས་ཆེན་པོའི་སྣང་ཚུལ་ལ་འགྲེལ་བཤད་བྱས་པ་དེ་འདྲའི་ཡང་དག་པ་ཞིག་མིན་པ་དང་།བསམ་བློའི་འདུ་ཤེས་ཀྱང་དམའ་རིམ་ཞིག་ཏུ་སླེབས་མེད་མོད།ཁོ་ཚོའི་རྟོག་ཞིབ་བྱས་པའི་ཁོར་ཡུག་ནི་ཧ་ཅང་རྒྱ་ཆེ་བ་ཞིག་སྟེ།རང་བྱུང་ཁམས་ཀྱི་དམའ་བ་ས་གཞི་དང་མཐོ་བ་ནམ་མཁའ་བར་གྱི་སྐྱེ་དངོས་སྣ་ཚོགས་ལ་རྒྱུས་ལོན་བྱས་པ་དང་།དེ་དག་གི་གསང་བ་སྣ་ཚོགས་ཀྱང་བརྟོལ་ཡོད་པས་རྩེད་མཚར་གྱི་འདུ་ཤེས་དེ་ཤིན་ཏུ་མངོན་འདུག
གཉིས་པ།གདོད་མའི་གླུའི་འབྱུང་ཁུངས་བཤད་པ།
གདོད་མའི་གླུ་ཚིག་དེ་དག་ཡིག་ཐོག་ཏུ་འགོད་པའི་སྐལ་བ་མ་བྱུང་ཡང་ངག་ཐོག་རྩོམ་རིག་ལས་ཡིག་ཐོག་རྩོམ་རིག་ཏུ་འཕེལ་འགྱུར་བྱེད་རྐྱེན་གྱི་སྐེ་རྐང་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་རེད།ང་ཚོས་ངག་ཐོག་གི་གླུ་ཚིག་སྲིད་པ་ཆགས་གླུ་དང་སྲིད་པའི་བ་ཆུང་བཤའ་གླུ་གཉིས་ལས་ཀྱང་ང་ཚོ་ལ་ཤེས་རྟོགས་ཟབ་མོ་ཞིག་སྟེར་ཐུབ་སྟེ།སྲིད་པ་ཆགས་དུས་ཀྱི་རྣམ་པ་དེ་ཡང་གླུ་རུ་ལེན་པ་དང་།གདོད་མའི་བ་ཆུང་བཤའ་བའི་སྐབས་སུ་ཡང་གླུ་ལེན་པ་རེད།དེ་བས་སྐུ་ཞབས་ལུའུ་ཞུན་གྱིས་མི་རྣམས་ཀྱིས་ཤིང་སྔོང་ཁུར་སྐབས་ངག་ནས་ཧང་ཡོ།ཧང་ཡོ།ཞེས་པའི་སྒྲ་འབྱིན་པ་དེའང་གདོད་མའི་སྙན་ངག་གི་རྣམ་པའི་གྲས་སུ་བཞེད་པ་ཡིན་ན་བོད་ཀྱི་སྲིད་པ་ཆགས་གླུ་སོགས་ནི་སྙན་ངག་གམ་གདོད་མའི་གླུ་ཞིག་ཏུ་ཅི་ལ་མི་རྩིས།རྒྱུ་མཚན་ནི་དེ་དག་ཚིག་སྦྱོར་གསལ་ཞིང་ཁ་མཚར་དང་རྩེད་མཚར་གྱི་ཉམས་དེ་འབུར་ཐོན་ཡིན་པ་མ་ཟད།ཚིག་གི་རྐང་བ་སྡེབ་སྟངས་ཀྱི་སྙན་ཆ་ཞིག་ཀྱང་ལྷུན་གྱིས་གྲུབ་ཡོད་པས་སྙན་ངག་གི་གྲས་སུ་བཞག་ཆོག་ཆོག་ཡིན།དེ་ལས་གདོད་མའི་སྐབས་སུ་གླུ་དང་སྙན་ངག་གཉིས་ཁ་ཁ་མ་ཡིན་པར་གཅིག་པ་ཡིན་པ་དེ་ང་ཚོས་གསལ་བོར་ཤེས་ཐུབ།གཞན་ཡང་སྙན་ངག་གི་འབྱུང་ཁུངས་དེ་ནི་གླུ་དང་གླུ་ཐོག་མ་བྱུང་བ་ངེས་དགོས།  དབྱིན་ཇིའི་སྙན་ངག་ཞིབ་འཇུག་ཆའོ་ཀྲི་ཐང་མུའུ་སུན་གྱིས་ཀྱང་གདོད་མའི་དུས་སྐབས་སུ་ཐོན་སྐྱེད་ངལ་རྩོལ་ཁྲོད་སྐད་ཆ་བྱུང་ཞིང་།སྐད་ཆའང་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་སྤྱིར་བཏང་གི་སྐད་ཆ་དང་གླུ་གཉིས་སུ་གྱེས་གསུངས་པས་སྙན་ངག་གི་འབྱུང་ཁུངས་དེ་ཡང་གླུ་རུ་བཞེད་པ་རེད།ད་དུང་ཡང་འཇུ་སྐལ་བཟང་གིས་སྙན་ངག་ནི་དང་པོ་དམངས་གླུ་ནས་བྱུང་ཡང་ཕྱིས་སུ་མཁས་པ་དག་ལ་དབང་བ་ཡིན་ནོ་ཞེས་པ་ལས་ཀྱང་སྙན་ངག་གི་ཐོག་མའི་འབྱུང་ཁུངས་དེ་ནི་གླུ་ཡིན་པ་གསལ་བོར་བསྟན་ཡོད།དེ་བས་ང་ཚོའི་ད་ལྟའི་སྙན་ངག་ཕུན་སུམ་ཚོགས་ཤིང་ཚིག་རྒྱན་ལེགས་པོ་དེ་རྣམས་ནི་གློ་བུར་དུ་བྱུང་བ་ཞིག་མ་ཡིན་པར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་དུ་གླུ་དེ་རྨང་གཞི་བྱས་ནས་བསག་བཅད་བརྡར་གསུམ་ལ་བརྟེན་ནས་འཐུས་ཇེ་ཚང་དང་རྒྱ་ཇེ་ཆེ།གཏིང་ཇེ་ཟབ་ཏུ་གྱུར་ནས་ད་གཟོད་སྙན་ངག་གི་ཆུ་ཚད་མཐོན་པོར་ཞིག་ཏུ་སླེབས་པ་རེད།དེ་བས་ང་ཚོའི་གདོད་མའི་སྐབས་སུ་མིའི་གོ་བརྡ་སྤྲོད་བྱེད་ཀྱི་སྐད་ཆ་མ་བྱུང་བའི་སྔོན་དེར་ཁོ་ཚོས་རང་བྱུང་ཁམས་ཀྱི་བྱ་བྱེའུ་འབའ་འབུའི་སྐད་དང་ཆུ་སྒྲ་དང་རླུང་སྒྲ།འབྲུག་སྒྲ་སོགས་ཀྱི་སྒྲ་སྣ་ཚོགས་ལ་ལད་མོ་བྱས་ནས་ངག་ལས་ཙ་ཙིར་ཅ་ཅོའི་སྒྲ་སྣ་ཚོགས་བྱུང་བ་དེ་ནི་སྐད་ཆའི་ཐོག་མའི་རྣམ་པ་ཞིག་ཏུ་བརྗོད་ཆོག་ཆོག་ཡིན་ལ།ངག་གྱེར་བ་དང་སྒྲ་སྒྲོག་པ་སོགས་ནི་གླུའི་སྒྱུ་རྩལ་གྱི་རྣམ་པ་དེར་རྨང་གཞི་སྐྲུན་པའི་ལག་ཆ་ཞིག་ཏུའང་རྩིས་ཆོག་པ་རེད་སྙམ།གདོད་མའི་སྙན་ངག་གི་ཐོག་མ་གླུ་ཡིན་པ་དེ་ནི་ཀུན་གྱིས་ཁམས་མི་ལེན་རང་ལེན་ཞིག་ཏུ་གྱུར་ཡོད་པ་རེད།
གསུམ་པ།གདོད་མའི་གླུའི་སྒྱུ་རྩལ་གྱི་ཁྱད་ཆོས།བོད་ཀྱི་རྩོམ་རིག་ལོ་རྒྱུས་དང་ཁྱད་ཆོས་ཞེས་པའི་ནང་དུ་སྲིད་པ་ཆགས་གླུ་དང་སྲིད་པའི་བ་ཆུང་བཤའ་གླུ་གཉིས་ནི་གདོད་མའི་སྤྱི་ཚོགས་ཀྱི་དཔེ་མཚོན་རང་བཞིན་ལྡན་པའི་རྩོམ་རིག་ཅིག་ཡིན་པ་དང་།བརྗོད་བྱའི་མ་ལག་ཚང་ཞིང་སྒྱུ་རྩལ་གྱི་ཁྱད་ཆོས་འབུར་དུ་ཐོན་པའི་གདོད་མའི་སྙན་ངག་ཀྱང་ཡིན་པ་རེད་ཞེས་བརྗོད་ཡོད་པས་དེ་དག་ནི་སྙན་ངག་གི་ཐོག་མ་བགྲང་ཡོད་ལ།སྙན་ངག་གི་ཐོག་མའི་རྣམ་པ་དེ་ཡང་གླུ་ལྟར་བརྩམས་པ་ཞིག་ཡིན་པ་ཤེས་ཐུབ།དེ་ཡང་སྲིད་པ་ཆགས་གླུ་ནི་འདི་ལྟར།དང་མ་སྲིད་པ་ཆགས་དུས་གི།གནམ་ས་གཉིས་ཀ་འདྲེས་བསྡད་ཡོད།གནམ་ས་ཕྱེས་ནོ་སུ་ཡིན་ཤོད།དང་མ་སྲིད་པ་ཆགས་དུས་གི།ཉིན་སྲིབ་གཉིས་ཀ་འདྲེས་བསྡད་ཡོད།ཉིན་སྲིབ་ཕྱེས་ནོ་སུ་ཡིན་ཤོད།ཅེས་པའི་ལན་དུ། དང་མ་སྲིད་པ་ཆགས་དུས་གི། གནམ་ས་གཉིས་ཀ་འདྲེས་བསྡད་ཡོད། གནས་ས་ཕྱེས་ནོ་ཁྱུང་ཆེན་རེད། ། དང་མ་སྲིད་པ་ཆགས་དུས་གི། ཉིན་སྲིབ་གཉིས་ཀ་འདྲེས་བསྡད་ཡོད། ། ཉིན་སྲིབ་ཕྱེ་ནོ་ཉི་མ་རེད། ། ཞེས་པའི་གླུ་ཚིག་འདི་ནི་ཤག་ལན་རེས་ཀྱི་ཚུལ་དུ་བཞད་གད་དང་རྩེད་མཚར་གྱི་མཛེས་སྡུག་གི་ཉམས་ཡོངས་སུ་ཚང་བས་ཀློག་འདོད་ཀྱི་སྤྲོ་བ་ངང་ངམ་ཤུགས་ཀྱིས་སྦྱིན་ནུས་བ་མ་ཟད། ད་དུང་ཚིག་གི་སྡེབ་སྦྱོར་དང་ཚིག་ཉམས་བཏོད་ཚུལ་ཀྱང་ཀློག་ཚེ་ཤིན་ཏུ་ཁ་ལ་བདེ་ཞིང་སྣ་བར་སྙན་པ་དང་། ཡིད་དུ་འོང་བ་ཞིག་ཀྱང་ཡིན་པ་རེད། འདིའི་ནང་དུ་ཁྱུང་ཆེན་དང་ཉི་མ་གཉིས་ནི་གནམ་ས་ཕྱེས་མཁན་དང་ཉིན་སྲིབ་ཕྱེས་མཁན་ཡིན་པར་བརྟག་ན་ཁོ་ཚོས་བྱ་ལས་ཁྱུང་ཆེན་དང་ཉི་ཟླ་སྐར་གསུམ་ལས་ཉི་མ་བཀུར་བཞིན་ཡོད་པ་དང་དད་མོས་བྱེད་བཞིན་ཡོད་པ་ཡང་གསལ་བོར་ཤེས་ཐུབ། རང་བྱུང་ཁམས་ཀྱིས་སྐྱེས་དངོས་སྣ་ཚོགས་ཀྱི་ནུས་བ་ལ་བརྟེན་ནས་ཁོ་ཚོར་འཆར་སྣང་སྣ་ཚོགས་སྐྱེས་སུ་བཅུག་པ་དང་། རང་བྱུང་ཁམས་ལ་རྟོག་ཞིབ་བྱ་སྟངས་དེ་ནི་ཡང་དག་པ་ཞིག་མིན་ཡང་རང་བྱུང་ཁམས་ཀྱི་སྣང་ཚུལ་སྣ་ཚོགས་ལ་བརྟག་ཅིང་དཔྱད་པ་གཏོང་ཕོད་པའི་སྙིང་སྟོབས་དང་རང་ཉིད་འཚོ་སྡོད་བྱ་སའི་ཁོར་ཡུག་ལ་བསམ་བློ་གང་མང་བཏང་ཡོད་པས་ཤིན་ཏུ་ནས་དཔེ་ལེགས་ཅན་གྱི་གདོད་མའི་མི་ཞིག་ཡིན་པ་གསལ་ཐག་ཆོད་ངེས་ཡིན། དེ་དག་ནི་ད་ལྟའི་སྤྱི་ཚོགས་དང་རྩོམ་རིག་འཕེལ་རྒྱས་ཀྱི་ས་བོན་དང་རྨང་གཞི་ཞིག་ཏུ་རྩིས་ན་ཅི་ལ་མི་ཆོག་སྙམ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1