ཚེ་སྲོག་གི་གཏིང་རིམ་ནས་མཆེད་པའི་ཆོས་ཀྱི་རོལ་དབྱངས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-11


  སྤྱི་ཟླ་12པའི་ཚེས་10ཉིན། སི་ཁྲོན་ཞིང་ཆེན་ནང་བསྟན་རིག་གནས་ཞིབ་འཇུག་ཚོགས་པའི་གཙོ་སྒྲུབ་མཛད་པའི་ཇོ་ནང་བའི་ཆོས་དབྱངས་ཞེས་པའི་འཁྲབ་སྟོན་བྱེད་སྒོ་ཁྲེན་ཏུའུ་རུ་གཟབ་རྒྱས་ངང་སྤེལ།

  ཐེངས་འདིའི་འཁྲབ་སྟོན་བྱེད་སྒོ་ལ་ཀྲུང་ཧྭ་རིག་གནས་ཡར་སྐུལ་ཚོགས་པའི་དྲུང་ཡིག་ཆེན་མོ་ཀྲང་ཡུས་ཝིན་གྱི་གཙོ་སྐྱོང་གནང་ཞིང་། སི་ཁྲོན་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་རིག་གནས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ། གཙང་པ་དགོན་པའི་སྤྲུལ་སྐུ་འཇམ་དབྱངས་བློ་གྲོས་ཀྱིས་བྱེད་སྒོའི་བརྗོད་དོན་དང་འབྲེལ་བའི་གཏམ་བཤད་གནང་། དེ་མིན་སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ནོར་བུ་རྒྱལ་མཚན་དང་སི་ཁྲོན་ཞིང་ཆེན་རིག་གནས་ཐིན་གྱི་འགན་འཛིན་གཞོན་པ་ཚེ་བྷོ། དེ་མིན་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་སློབ་དང་དགོན་སྡེ་དག་ནས་ཕེབས་པའི་དགེ་བའི་བཤེས་གཉེན། སྤྱི་ཚོགས་ལས་རིགས་ཁག་ནས་ཕེབས་པའི་ལྟད་མོ་བ་ཁྱོན་བསྡོམས་1000ལྷག་འཁྲབ་སྟོན་བྱེད་སྒོར་ཞུགས། 

  དཔལ་ཇོ་ནང་པའི་ཆོས་དབྱངས་ནི་ལོ་རྒྱུས་ཀྱི་དུས་ཡུན་ཆེས་རིང་བའི་ནང་བསྟན་རོལ་དབྱངས་ཤིག་ཡིན་ཞིང་ད་ལྟའི་བར་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འཛམ་ཐང་རྫོང་གཙང་པ་དགོན་པར་ཉམས་པ་མེད་པར་རྒྱུན་འཛིན་བྱས་ཡོད། 2010ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཇོ་ནང་བའི་ཆོས་དབྱངས་དེ་རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་གྲས་སུ་བཞག་པ་དང་། དེ་མཚུངས་སུ་ཇོ་ནང་ལྟ་གྲུབ་དང་འབྲེལ་བའི་ཇོ་ནང་བའི་ཞིབ་འཇུག་གི་མཐོ་རླབས་ཤིག་ངང་གིས་འཕྱུར་པ་རེད། སྔ་རྗེས་སུ་པེ་ཅིན་སློབ་ཆེན་དང་ཀྲུང་དབྱང་གླུ་དབྱངས་སློབ་གླིང་། ཀྲུང་གོ་གླུ་དབྱངས་སློབ་གླིང་། ཀྲུང་གོ་མི་དམངས་སློབ་ཆེན། ཀྲེ་ཅང་སློབ་ཆེན་སོགས་མཐོ་རིམ་སློབ་ཁག་ནས་ཤེར་རྟོགས་རིག་པ་དང་གླུ་དབྱངས། མཛེས་རྩལ། ཆོས་ལུགས། ལོ་རྒྱུས་སོགས་ཟུར་ངོས་མི་འདྲ་བའི་ངོས་ནས་ཞིབ་འཇུག་དང་བགྲོ་གླེང་བྱས་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1