འབའ་གཞས་ཀྱི་བྱུང་འཕེལ་དང་རིགས་དབྱེ།སྒྱུ་རྩལ་བཅས་ལ་རགས་ཙམ་དཔྱད་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22



གཅིགའབའ་གཞས་ཀྱི་ལོ་རྒྱུས།
འབའ་གཞས་ཀྱི་བྱུང་ཚུལ།འབའ་གཞས་ལ་ད་བར་ལོ་ངོ་སྟོང་ཕྲག་གཅིག་ལྷག་ཙམ་གྱི་ལོ་རྒྱུས་ཡོད་ཅིང་།སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་འབའ་ཐང་རྫོང་ནི་འབའ་གཞས་ཀྱི་མྱུ་གུ་ཆེས་ཐོག་མ་འབུས་ས་ཡིན་ཞིང་། ངོ་བོའི་ཐད་ནས་བཤད་ན་ཞིང་ལས་ཀྱི་འཚོ་བ་དང་འབྲལ་ཐབས་མེད་པ་ཞིག་ཡིན། མདོ་དབུས་མཐོ་སྒང་གི་ཤར་ལྷོའི་ཕྱོགས་ཀྱི་འབྲི་ཆུའི་འགྲམ་རྒྱུད་དུ་གནས་ཡོད་པའི་འབའ་ཐང་ལ་གནའ་སྔ་མོའི་དུས་ནས་མིའི་རིགས་ཀྱི་ཤེས་རིག་ཆེས་ཆེར་དར་ཡོད། མདོ་དབུས་མཐོ་སྒང་གི་ཡུལ་གྲུ་གཞན་དང་མི་འདྲ་བ་ནི་འབའ་ཐང་གི་ས་བབ་ཅུང་ཟད་དམའ་ལ་གནམ་གཤིས་དྲོ་བ། ཐོན་ཁུངས་ཕུམ་སུམ་ཚོགས་པ། མཐོ་སྒང་གི་འབྲི་ཆུའི་ལྷོ་རྒྱུད་ཅེས་པའི་སྙན་གྲགས་དེ་ཡོངས་སུ་ཁྱབ་ཡོད་ལ། ལྷག་པར་དུ་གཞས་ནི་འབའ་ཐང་གི་མེས་པོ་རྣམས་ཀྱི་ལས་ཀ་ལས་པ་དང་ས་ཞིང་རྨོ་བའི་བརྒྱུད་རིམ་དེའི་ཁྲོད་དུ་མེད་དུ་མི་རུང་བ་ཞིག་ཏུ་གྱུར་ཡོད། ངག་རྒྱུན་དུ་གནའ་སྔ་མོའི་དུས་ཤིག་ལ་འབའ་ཐང་གི་མི་སྐོར་ཞིག་གིས་ཞིང་ནང་དུ་ལས་ཀ་ལས་སྐབས་ལས་ཡུན་རིང་པ་དང་དཀའ་ཚེགས་ཆེ་བས་མི་རྣམས་ལ་དཀའ་ངལ་མང་པོ་བྱུང་། དེའི་སྐབས་སུ་བུད་མེད་ཅིག་ཉེ་འགྲམ་དུ་སོང་ནས་ངལ་གསོ་ཞོར་ཁོ་མོའི་མཉེན་ལྕག་གི་ལག་ཟུང་དང་། ཕྲ་ལྡེམ་གྱི་སྐེད་པ། རྐང་བ་ཡི་སྟངས་སྟབས་ལ་བརྟེན་ནས་ལུས་ཀྱི་ཉམས་འགྱུར་མངོན་པར་མཚོན་པའི་ཞབས་བྲོ་ལྡིང་། དེས་མི་རྣམས་ཀྱི་ཡིད་སེམས་དབང་མེད་དུ་འཕྲོག་དེ་ནས་གཞན་ཚང་མའང་ཉེ་འགྲམ་དུ་འོང་ནས་བུད་མེད་དེའི་སྟངས་སྟབས་ལ་ལད་ཟློས་བྱས། རིམ་གྱིས་འབའ་གཞས་ཀྱི་རྣམ་པ་ཐོག་མ་བྱུང་བ་ཡིན་ཞེས་བརྗོད། 
  འབའ་གཞས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་དུ། 
གདོད་མའི་མཆོད་སྦྱིན་གླུ་གར་གྱི་གྲུབ་ཆ་གཙོ་བོ་བླངས་ཡོད། གདོད་མའི་དུས་སུ་ཐོན་སྐྱེད་ནུས་ཤུགས་ཧ་ཅང་ཞན་ཞིང་། རང་བྱུང་ཁམས་ཀྱི་སད་སེར་དང་ཁ་ཆར་བུ་ཡུག་ལ་སོགས་པའི་རང་བྱུང་གནོད་སྐྱོན་མང་པོ་རབ་དང་རིམ་པར་བྱུང་བའི་གོ་རིམ་ཁྲོད་ལྷ་འདྲེ་ལ་དད་མོས་བྱེད་པ་དང་། མེས་པོ་ལ་དད་གུས་བྱེད་པ། གདོད་མའི་མཚོན་ཆས་ལ་དད་གུས་བྱེད་པའི་སྲོལ་དང་ཆོ་ག་འདྲ་མིན་སྣ་ཚོགས་གཅིག་རྗེས་གཉིས་མཐུད་དུ་བྱུང་། མི་རྣམས་ཀྱིས་རྒྱུན་པར་གླུ་ལེན་པ་དང་བྲོ་སོགས་འཆམ་ནས་མེས་པོར་མཆོད་སྦྱིན་བྱེད་པ་ཡིན། མི་རྣམས་ཀྱིས་ཐུན་མོང་གིས་མཆོད་སྦྱིན་བྱེད་པའི་སྐབས་སུ་རྒན་པོ་རྣམས་ཀྱིས་གྲལ་མགོར་ཁྲིད་ནས་གྲལ་གཉིས་བསྒྲིགས་ཏེ། ཕོ་མོ་ཀུན་གྱིས་ལག་རྡང་སྦྲེལ་ནས་སྐེད་པ་སྒུར་ཞིང་གླུ་ལེན་གར་སྟབས་སོགས་ལ་རོལ་བ་ཡིན། འབའ་གཞས་ནི་འདས་མཆོད་ཀྱི་རྨང་གཞིའི་སྟེང་འགྱུར་ལྡོག་བྱུང་བ་དང་། ཐོག་མའི་གྲལ་གཉིས་དེ་སྒོར་སྒོར་དུ་སྒྱུར་བ་དང་ཐོག་མའི་སྐེད་པ་སྒུར་བའི་ཞབས་བྲོ་དེ་རྐང་ལག་གི་སྟངས་སྟབས་སུ་སྒྱུར་ཏེ་རིམ་གྱིས་སྒོར་གཞས་(སྒོར་བྲོ་)དེ་དར་བ་རེད། འབའ་གཞས་དར་ནས་ལོ་རྒྱུས་ཀྱི་དུས་ཡུན་ཧ་ཅང་རིང་བོ་བརྒྱུད་དེ། མིང་རྒྱལ་རབས་དང་ཆིང་རྒྱལ་རབས་ཀྱི་སྐབས་སུ་འབའ་གཞས་འདི་ཉིད་ལ་དར་རྒྱས་ཆེན་པོ་བྱུང་། ལྷག་པར་དུ་ཁང་ཞི་རྒྱལ་པོའི་དུས་སུ། ཡུན་ནན་དང་བོད་ལྗོངས། ཧྲན་ཤི་ལ་སོགས་པའི་ཞིང་ཆེན་གྱི་མི་རིགས་སོ་སོའི་ཚོང་བ་རྣམས་འབའ་ཐང་དུ་ཡོང་ནས་ཚོང་ལས་སྤེལ་ཏེ་འབའ་ཐང་ས་ཆའི་ས་གནས་དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་བྱས་པ་མ་ཟད། ཇ་རྟའི་གནའ་ལམ་གྱི་ལམ་བུ་གསར་དུ་བཏོད་དེ་ཚོང་ལས་དཔལ་འབྱོར་གྱི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན་པ་དང་མཉམ་དུ་འབའ་གཞས་ཀྱི་འཕེལ་རྒྱས་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་ཤིང་། དེ་ལྟར་ཟེར་དོན་ནི་ལོ་རྒྱུས་འཕེལ་རིམ་དང་མཉམ་དུ་འབའ་གཞས་ཀྱིས་སྔར་ཡོད་སྒྱུ་རྩལ་གྱི་རྣམ་པའི་སྟེང་དུ་མི་རིགས་གཞན་པ་དང་ས་གནས་གཞན་པའི་ཞབས་བྲོ་སྒྱུ་རྩལ་གྱི་དགེ་མཚན་གང་མང་ཚུར་ལེན་བྱས་ཤིང་། དེའི་རྨང་གཞིའི་སྟེང་ནས་གྲུབ་པའི་འབའ་གཞས་ཀྱི་སྟངས་སྟབས་ནི་རྣམ་པ་ཇེ་མང་དང་། བཟོ་ལྟ་ཇེ་ཡག་ཏུ་སོང་བས་བོད་ཀྱི་དམངས་ཁྲོད་གླུ་གར་མཚར་སྡུག་ལྡན་པའི་རྣམ་པ་ཞིག་ཏུ་གྱུར། 
2འབའ་གཞས་ཀྱི་འཕེལ་ཚུལ། འབའ་གཞས་ཆེས་ཐོག་མར་དར་དུས་རམ་དཀྲོལ་རོལ་ཆ་མེད། སྤྱི་ལོ1906ལོར་ཀྲོ་འུར་ཧྥིན(赵尔丰)གྱིས་འབའ་ཐང་གི་ས་སྤྱོད་ལམ་ལུགས་དེ་བསྒྱུར་ནས་གཞུང་དཔོན་གཏོང་བའི་རྗེས་སུ་འབའ་ཐང་ལ་འགྲོ་འོང་བྱེད་པའི་ཚོང་བ་སྔར་ལས་མང་བ་དང་རིག་གནས་བརྗེ་རེས་བྱས་པའི་རྣམ་པ་སྔར་ལས་ཐེངས་མང་བའི་རྐྱེན་གྱིས། འབའ་གཞས་ཀྱི་ཐོག་མའི་གླུ་གར་གྱི་རྨང་གཞིའི་སྟེང་ཕྱི་ནས་ཡོང་བའི་གླུ་གར་གྱི་ལེགས་ཆ་མང་པོ་བསྡུ་ལེན་བྱས་ཏེ། རམ་དཀྲོལ་རོལ་ཆ་ཚོད་ལྟར་བཀོལ་བའི་འགོ་ཚུགས། སྐབས་དེ་ནས་བཟུང་། འབའ་གཞས་ལ་དམིགས་བསལ་གྱི་སྒེག་ཉམས་བྱུང་བ་མ་ཟད། ཁམས་འབའ་ཐང་གཙོ་བྱས་ཕྱག་ཕྲེང་དང་སྡེ་རོང་། ཡུན་ནན་གྱི་བདེ་ཆེན། བོད་ལྗོངས་ཆབ་མདོ་ཁུལ་གྱི་སྨར་ཁམས་རྫོང་སོགས་བོད་ཁུལ་གྱི་ཡུལ་གྲུ་མང་ཆེ་བར་དར་ཁྱབ་བྱུང་བ་ཡིན། གཞན་ཡང་འཇང་ས་དམ་རྒྱལ་པོ་ཞེས་པ་དེ་ནི་ཡུན་ནན་ཞིང་ཆེན་གྱི་བྱང་རྒྱུད་ཀྱི་བདེ་ཆེན་རྫོང་དང་བོད་ལྗོངས་ཆབ་མདོའི་སྨར་ཁམས་རྫོང་གཉིས་འདྲེས་པའི་མཚམས་སུ་གནས་པའི་ཚྭ་ཁ་ཞེས་པའི་ས་འདིའི་རྒྱལ་པོ་བྱས་མྱོང་ཞེས་བཤད་སྲོལ་ཡོད་ལ། ངག་རྒྱུན་དུ་འཇང་ས་དམ་རྒྱལ་པོ་འབའ་ཐང་དུ་ཡོང་ནས་ཞིང་ལས་བཟོ་བཅོས་བྱས་པ་དང་། དེའི་སྐབས་སུ་རོལ་ཆ་པི་ཝང་དེ་འཇང་ཡུལ་ནས་འབའ་ལ་ཁྱེར་ཡོང་བ་དང་། འབའ་གཞས་ནི་རོལ་དབྱངས་དེ་ལ་བརྟེན་ནས་ད་ལྟའི་རྣམ་པ་འདིར་དར་བར་བཤད། འབའ་གཞས་རྟོག་ཞིབ་དང་ཞིབ་འཇུག་ནི་ཉེ་རབས་ནས་འགོ་ཚུགས་པ་ཡིན། དེ་ལས་མིང་གྲགས་ཆེ་བའི་ཏེ་ཨེ་ནན་ཞེས་པའི་ཆེད་མཁས་མི་སྣ་འབའ་ཐང་དུ་ཡོང་ནས་ཐོག་མར་དེར་སློབ་སྦྱོང་དང་རྟོག་ཞིབ་བྱས། སྤྱི་ལོ་1945ལོའི་གོ་གུང་ཏང་གཉིས་ཀྱི་ཁྲུང་ཆིན་གྲོས་མོལ་གྱི་འཐུས་མིའི་ཚོགས་པས་འཛུགས་གཉེར་བྱས་པའི་དགོང་ཚོགས་སྟེང་སྐད་གྲགས་ཆེ་བའི་གར་འཁྲབ་མཁན་ཏེ་ཨེ་ནན་གྱི་འཁྲབ་ཚན་དང་པོའི་ནང་དུ་འབའ་གཞས་འཁྲབ་པ་རེད། སྤྱི་ལོ1954ལོར་ཀྲུང་གོའི་འཐུས་མི་ཚོགས་པའི་གཞས་སུ་གདམས་ནས་ཧྭ་ཧྲ་ནས་ཚོགས་པའི་འཛམ་གླིང་གཞོན་ནུ་མཉམ་སྤྲོའི་ཚོགས་འདུ་ལ་འཁྲབ་སྟོན་མཛད་ནས་གཟིགས་མོ་བས་བསྟོད་བསྔགས་ཀྱི་མེ་ཏོག་འཐོར། སྤྱི་ལོ1964ལོར་འབའ་བའི་ལས་ཞོར་བུ་ཚ་བུ་མོ་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལས་ཞོར་སྒྱུ་རྩལ་གྱི་ལྟ་སྦྱོང་སྐོང་འཁྲབ་ལ་ཞུགས་ཏེ་ཀྲུང་དབྱང་འགོ་ཁྲིད་རྣམ་པས་གཟེངས་བསྟོད་གནང་མྱོང་བ་རེད། 
   འབའ་གཞས་ཀྱི་དབྱངས་རྟ་དེ་བརྙན་འཕྲིན་འཁྲབ་ཚན《གེ་སར་རྒྱལ་པོ》དང་། དངོས་བྲིས་གློག་བརྙན《ཐང་བོད་གནའ་ལམ》སོགས་ཀྱི་བར་གསབ་གླུ་དབྱངས་བྱས་ཡོད་པ་དང་། དེར་མ་ཟད་ད་ལྟའི་སི་ཁྲོན་དང་བོད་ལྗོངས། མཚོ་སྔོན་བཅས་ཀྱི་བརྙན་འཕྲིན་ཁང་དང་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་བོད་ཁུལ་གྱི་རྣམ་པ་མཚོན་པའི་བརྙན་འཕྲིན་ལེ་ཚན་གྱི་གླུ་དབྱངས་ཀྱང་བྱས་ཡོད་དོ། ། 
གཉིས་པ། འབའ་གཞསཀྱི་རིགས་དབྱེ། 
འབའ་གཞས་ནི་བོད་ཀྱི་ཟློས་གར་ནང་གི་ཡན་ལག་ཅིག་ཡིན། དར་ཁྱབ་ཆེ་བའི་གཞས་ཚིག་ཁོ་ན་ཁྲི་ལྷག་ཡོད། གཞས་ཚིག་དེ་དག་ཚིག་སྦྱོར་གསལ་ཞིང་དྭངས་པ་མ་ཟད། བོད་རིགས་སང་རྒྱ་རིགས། འཇང་རིགས་སྤུན་ཟླ་ཕན་ཚུན་འབྲེལ་བ་མཚོན་པའི་གཞས་ཚིག་ཀྱང་སྟོང་ཕྲག་དུ་མ་ཟིན་ཡོད། དེ་དག་གི་ལུས་རྒྱན་འོས་ཤིང་འཚམ་ལ་ཚིག་སྦྱོར་གྱི་འགྲོས་གོ་བདེ་ཞིང་བློ་ངོར་འཇགས་སླ་བ་བཅས་ཡིན་ལ་མང་ཆེ་བ་ཚེག་བར་དྲུག་མའི་རྐང་བཞི་ཅན་ཡིན། 
འབའ་གཞས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་སྟེ། 
ཁམས་བོད་མི་དམངས་ཀྱི་ཐོན་སྐྱེད་འཚོ་བ་དང་རིག་གནས་དཔལ་འབྱོར། ལོ་རྒྱུས་དང་ཡུལ་སྲོལ་གོམས་གཤིས། རང་བྱུང་ཁོར་ཡུག་དང་མི་རིགས་ཀྱི་འབྲེལ་བ་སོགས་མཚོན་པ་མ་ཟད། མཛེས་སྡུག་ཕ་ཡུལ་གྱི་འབྱོར་ཕྱུག་དང་བདེ་སྐྱིད་ཀྱི་འཚོ་བར་བསྔགས་བརྗོད་བྱས་པ་དག་དག་ཡིན། དེའི་མུར་གངས་རི་དང་རྩྭ་ཐང་དང་ཞིང་ཁའི་མཛེས་ལྗོངས། ས་བཅོས་རང་བྱོན་གྱི་རི་ཀླུང་དང་རྒྱལ་ཁབ་སོགས་ལ་དགའ་ཞེན་དང་བསྟོད་པ། ཕོ་མོའི་ཕན་ཚུན་དྲི་མེད་རྣམ་དག་གི་དགའ་སེམས་མཛའ་བཤེས་བཅས་གླུ་གཞས་ཀྱི་དབྱངས་རྟ་ལ་དྲངས་ཡོད། ། 
བསྟོད་གཞས། བསྟོད་གཞས་ཞེས་པ་ནི་གཙོ་བོ་རང་གི་ཕ་ཡུལ་གྱི་ཡུལ་ལྗོངས་དང་ཐོན་ཁུངས། བླ་མ་དང་དྲིན་ཆེན་ཕ་མ། ངལ་རྩོལ་མི་དམངས་ཀྱི་བློ་མཛངས་ཤིང་ཐབས་ལ་མཁས་པ། ཞུམ་མེད་ཀྱི་སྙིང་སྟོབས་བཅས་ལ་བསྟོད་བསྔགས་བྱེད་པ་ཞིག་ཡིན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1