རྒྱལ་མོ་རོང་རྒྱུད་ཀྱི་མདའ་གྲིའི་གར་འཆམ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


   རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་དུ་བོད་རིགས་ཚོས་དགའ་པོ་བྱེད་པའི་མདའ་གྲིའི་གར་འཆམ་ཞིག་འཁྲབ་སྲོལ་འདུག མདའ་གྲིའི་གར་འཆམ་དེ་ཅི་འདྲ་བྱས་ནས་དར་བའི་སྐོར་ལ་བཤད་སྲོལ་གཉིས་ཡོད་པ་ལས་གཅིག་ནི་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་བཅུ་གསུམ་ཉིན་དེ་ཨ་མྱེ་སྒོ་གདོང་གིས་བདུད་ངན་དམ་ལ་བཏགས་པར་དྲན་གསོ་ཞུ་བའི་ཉིན་མོ་ཡིན་པས་རྒྱལ་མོ་རོང་གི་བོད་རིགས་ཚོས་ལོ་ལྟར་ཉིན་དེ་ལ་ལོ་གསར་གཏོང་བར་མ་ཟད་མདའ་དང་གྲི་རྩལ་སྟོན་པའི་གར་འཆམ་འཁྲབ་སྟེ་རྟེན་འབྲེལ་ཞུ་བཞིན་ཡོད་པ་དང་། བཤད་སྲོལ་གཞན་ཞིག་ནི་རྒྱལ་རོང་གི་གནས་རི་གྲགས་ཅན་དམུ་རྡོ་རི་བོ་ཞེས་པ་དེ་གནས་སྔ་མོའི་དམག་དཔོན་དམུ་ཞེས་པའི་སྤྲུལ་པ་ཞིག་ཡིན་ཞིང་། ཁོང་གིས་དམག་དཔུང་ཁྲིད་ནས་པར་པུ་ཚོ་པའི་བཙན་འཛུལ་ཕྱིར་ལྡོག་པས་དེར་རྟེན་འབྲེལ་ཞུ་ཆེད་ཡུལ་མི་ཚོས་མདའ་གྲིའི་གར་འཆམ་འཁྲབ་པ་རེད་ཅེས་ཤོད་ཀྱི་འདུག བཤད་སྲོལ་དེ་གཉིས་ལས་ང་ཚོས་མདའ་གྲིའི་གར་འཆམ་སྔ་མོ་ནས་དར་བ་ཞིག་ཡིན་པ་ཤེས་ཐུབ། 
     སྔོན་ཆད་རྒྱལ་རོང་རྒྱུད་ཀྱི་བོད་པ་ཚོས་རྒྱལ་རོང་གི་ལོ་གསར༼ཟླ་བ་བཅུ་གཉིས་པའི་ཚེས་བཅུ་གཉིས་ནས་བཅོ་ལྔའི་བར༽གཏོང་གི་ཡོད་པས་ལོ་ལྟར་ལོ་གསར་གྱི་སྐབས་སུ་ཚོ་པའི་འགོ་དཔོན་ཚོས་མི་ཧྲག་ཁག་ཅིག་བདམས་ཏེ་དགོན་པའམ་དཔོན་ཚང་དུ་མདའ་གྲིའི་གར་འཆམ་འཁྲབ་ཏུ་བཅུག་སྟེ་སྤྲོ་སྐྱིད་གཏོང་གི་ཡོད་པ་དང་། རྗེས་སུ་དཔོན་ཚང་དུ་གཉེན་སྒྲིག་བྱེད་པའམ་སྐྱེས་སྐར་ལ་རྟེན་འབྲེལ་ཞུ་བའི་སྐབས་སུའང་སྤྲོ་བ་འཕེལ་ཆེད་དུ་གར་འཆམ་དེ་འཁྲབ་ཀྱི་ཡོད། གཞན་ཡང་མི་སེར་དཀྱུས་མ་ཚོས་རང་ལོ་ཞེ་བརྒྱད་སོན་དུས་ཞེ་དགུའི་གེགས་ཀྱི་བར་ཆད་སེལ་ཆེད་དུ་གར་འཆམ་དེ་འཁྲབ་ཀྱི་ཡོད། རོང་བྲག་རྫོང་གི་བགྲེས་སོང་ཚོས་གསུངས་པ་ལྟར་ན། བཅིངས་འགྲོལ་མ་གཏོང་གོང་ལ་བཙན་ལྷ་འོད་རིའི་རྒྱུད་དུ་ཇག་པ་ཡོང་བ་དང་དམག་མིས་ཕུ་དཀྲུག་མདའ་དཀྲུག་བྱེད་དུས་ཚོ་པའི་འགོ་དཔོན་གྱིས་གྲོང་སྡེ་ཁག་གི་སྟག་ཤར་ཚོ་རྩ་འཛུགས་བྱས་ཏེ་གར་འཆམ་དེ་འཁྲབ་ཏུ་བཅུག་ནས་མི་སེམས་བདེ་འགོད་དང་མི་ངན་འཐར་སྐྲོད་གཏོང་གི་ཡོད་པ་རེད། དེ་དག་ཐོག་ནས་གར་འཆམ་དེས་ཁ་ཞེ་དབང་ཐང་དང་བསོད་ནམས་ཆེན་པོ། ཡུལ་ལུང་བདེ་འཁོད་སོགས་མཚོན་པ་གསལ་པོར་མཐོང་ཐུབ།  གར་འཆམ་དེ་འཁྲབ་སྐབས་སྤྱིར་གྲོང་ཚོ་སོ་སོ་ནས་གདམ་གསེས་ནན་པོ་བྱས་པའི་ལོ་ན་བཅུ་དྲུག་ནས་ཉེར་ལྔ་བར་གྱི་ཕོ་རྒོད་བཅུ་གསུམ་གྱིས་འཁྲབ་ཀྱི་ཡོད་པ་དང་། དེ་མིན་རྔ་རྡུང་མཁན་གཅིག་དང་དུང་ཆེན་གཏོང་མཁན་གཉིས་ཀྱང་ཡོད་པ་རེད། གར་འཆམ་འཁྲབ་མཁན་ཚོས་ལུས་ལ་ཁྲབ་རྨོག་གོན། རྒྱལ་ལ་ཕུབ་ཁུར། ལག་གཡས་པར་རལ་གྲི་ཐོགས། གཡོན་མར་གཞུ་འཁྱེར། སྐེད་པར་དཔའ་དམ་བཏགས་ཏེ་གནའ་རབས་ཀྱི་དམག་མིའི་ཆ་ལུགས་ཆ་ཚང་སྤྲས་ཡོད་ཅིང་། གར་སྣེ་ཁྲིད་མཁན་གྱིས་གར་འཆམ་གྱི་བཤད་པ་བཏང་མ་ཐག་གར་པ་ཚོས་རྔ་དང་དུང་ཆེན་གྱི་སྒྲ་དབྱངས་དང་བསྟུན་པ་དང་། གར་སྣེ་ཁྲིད་མཁན་གྱི་རྗེས་སུ་འབྲངས་ཏེ་གཞུ་འགེངས་པ་དང་རལ་གྲི་འཕྱར་བ་སོགས་གར་སྟབས་སྣ་ཚོགས་སྟོན་བཞིན་དུ་ཕྱི་སྐོར་བརྒྱབ་སྟེ་འཆམ་རྒྱག་པ་དང་སྐེད་གཟེར་བྱེད་པ་སོགས་གར་སྣེ་ཁ་རེ་འཁྲབ་རྗེས་གར་དཔོན་གྱིས་རྟ་དབྱངས་ལེན་བཞིན་རྒྱལ་མོ་རོང་རྒྱུད་ཀྱི་གྱོན་གོས་དང་རྒྱན་ཆ་ངོ་སྤྲོད་བྱེད་ཀྱི་ཡོད། 
    རྔ་དང་སྦུག་ཆལ་སོགས་ཀྱི་སྒྲ་དབྱངས་དང་ལྷ་གསོལ་བའི་མགྲིན་དབྱངས་ལ་བསྟུན་ནས་གར་པ་ཚོས་སྐབས་རེ་རྐང་པ་གཡོན་མ་འདེགས་པ་དང་སྐབས་རེ་རྐང་པ་གཡས་པ་འདེགས་ནས་གར་འཆམ་རྒྱག་བཞིན་མདུན་དུ་བསྐྱོད་པ་དང་རྨོག་ཞྭའི་སྟེང་གི་བྱ་སྒྲོ་རྐང་བཅུ་པོ་ཆད་མེད་དུ་གཡུག་གཡུག་བཏང་། མི་བཅུ་གསུམ་ལས་གྲུབ་པའི་གར་འཆམ་གྱི་སྐོར་བ་དེ་མཚམས་རེར་ཆེ་རུ་འགྲོ་བ་དང་མཚམས་རེར་ཆུང་དུ་འགྲོ་བ་དེ་ནི་ཕར་རྒོལ་དང་འགོག་སྲུང་དམག་འཐབ་བྱེད་པ་དང་ཤིན་ཏུ་མཚུངས་པ་དང་། སྐད་གསང་མཐོ་བའི་སྐད་སྒྲ་འབྱིན་པ་དེ་ནི་གཡུལ་ལས་རྣམ་པར་རྒྱལ་བར་རྟེན་འབྲེལ་ཞུ་བ་དང་གཉིས་སུ་མེད། མདའ་གྲིའི་གར་འཆམ་ལ་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པ་ཡོད་དེ། དཔེར་ན། གནའ་བོའི་རྒྱལ་རོང་བ་གཡུལ་འགྱེད་ལ་ཞུགས་ཚུལ་དང་། ཞི་བདེ་མཛའ་མཐུན་དོན་དུ་གཉེར་ཚུལ། གནའ་བོའི་དམག་དཔུང་གིས་དམག་རྩལ་སྦྱོང་ཚུལ་སོགས་ལྟ་བུ་རེད། མདའ་གྲིའི་གར་འཆམ་ལ་མི་སེར་གྱིས་དགའ་པོ་བྱེད་པར་མ་ཟད་དཔོན་པོ་ཚང་གིས་ཀྱང་དགའ་པོ་བྱེད་ཀྱི་ཡོད་དེ། ལོ་རྒྱུས་དེབ་ཐེར་དུ་བཀོད་པ་ལྟར་ན་ཆིང་རྒྱལ་རབས་ཀྱི་གོང་མ་ཆན་ལུང་སྐབས་སུ་ནུབ་འདུལ་དམག་སྤྱི་པཎྡི་ཆེན་པོ་ཨ་རྒོད་ཀྱིས་བཙན་ལྷ་དང་ཆུ་ཆེན་རྒྱུད་ཀྱི་བོད་རིགས་གར་ཕྲུག་ཁག་གཅིག་རྒྱལ་སར་ཁྲིད་ནས་གོང་མར་ཡང་མདའ་གྲིའི་གར་འཆམ་བསྟན་པ་རེད།  གནའ་ཉམས་དོད་ལ་བབ་ཆགས་པའི་མདའ་གྲིའི་གར་འཆམ་དེས་རྒྱལ་རོང་བོད་རིགས་མི་དམངས་རྣམས་ཞི་བདེ་ལ་དགའ་ཞེན་དང་བཙན་འཛུལ་ལ་ངོ་རྒོལ། གཅིག་གྱུར་ལ་སྲུང་སྐྱོབ་བཅས་བྱེད་པའི་འདོད་འདུན་མཚོན་ལ་ས་ཁུལ་དེའི་མི་རིགས་ཀྱི་ཉམས་འགྱུར་དང་གོམས་པའི་གཤིས་ལུགས་ཀྱང་གསལ་པོར་མཚོན་ནོ། ། 
 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1