སི་ཁྲོན་བོད་ཁུལ་དུ་རིག་གནས་ཀྱི་མེ་ཏོག་རྣམ་པར་བཞད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-06


       2015ལོར་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་གྲོང་ཁྱེར་དུ་སྤྲོ་སྣང་ལྡན་པའི་ཀྱི་གཟའ་མཇུག་ཞེས་པའི་ཐང་ཆེན་རིག་གནས་བྱེད་སྒོ་ཐེངས་70ལྷག་ལ་སྤེལ་ཞིང་དེའི་ནང་ཞུགས་མཁན་གྱི་མི་གྲངས་ཁྲི་20ལས་བརྒལ། ཉེ་བའི་ལོ་ཤས་རིང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་གིས་སི་ཁྲོན་བོད་རིགས་ས་ཁུལ་དུ་གནད་སྨིན་དབུལ་སྐྱོར་ལག་བསྟར་བྱས་ཏེ་སྤྱི་གཞུང་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། སི་ཁྲོན་བོད་རིགས་ས་ཁུལ་དུ་རིག་གནས་དབུལ་སྐྱོར་ཆེད་སྤྱོད་མ་དངུལ་སྒོར་ཁྲི་6320ལྷག་གཏོང་སྤྲོད་བྱས་པ་དང་། རིག་གནས་དབུལ་སྐྱོར་རྣམ་གྲངས་ཀྱི་གཙོ་གནད་མངོན་གསལ་དོད་པ་དང་གནད་ཁྱོན་ཟུང་དུ་འབྲེལ་བ། གཅིག་གྱུར་འཆར་འགོད་ལ་སྐུལ་འདེད་བཏང་།
       སི་ཁྲོན་བོད་ཁུལ་དུ་ནར་མ་སོན་པའི་མི་ཁྲི་50ལྷག་ཡོད་ལ། ཕྲུ་གུ་ཚོའི་བྱེད་སྒོ་སྤེལ་ཡུལ་མི་འདང་བ་དང་ཞན་ཆ་དེ་ཁ་གསབ་བྱ་ཆེད། ཉེ་བའི་ལོ་ཤས་རིང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་དཔལ་ཡོན་གཞུང་དོན་ཁང་གིས་སློབ་གསོ་པུའུ་དང་ནོར་སྲིད་པུའུ་དང་མཉམ་དུ། ལོ་རེར་བོད་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་ཁག་ལ་རྒྱབ་སྐྱོར་བྱས་ནས་གྲོང་གསེབ་སློབ་གྲྭའི་ལོ་ཆུང་གཞོན་ནུའི་ཕོ་བྲང་སྐོར་ཞིག་གསར་འཛུགས་བྱས་པས། རྒྱ་ཆེའི་བོད་རིགས་ས་ཁུལ་གྱི་ཕྲུ་གུ་ཚོ་སློབ་གྲྭ་གྲོལ་རྗེས་དང་། དུས་ཆེན་དང་གུང་སང་གི་བར་ལ་རང་མོས་དང་གྲོན་དངུལ་མི་ལེན་པར་རང་ཁྱིམ་དང་ཐག་ཉེ་ས་ནས་ཚན་རྩལ་དང་རིག་གནས་སྒྱུ་རྩལ། ལུས་རྩལ། དེ་བཞིན་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བྱེད་སྒོ་སོགས་ལ་ཞུགས་ཆོག བསྡོམས་པའི་གྲོང་གསེབ་ཀྱི་སློབ་གྲྭའི་ལོ་ཆུང་གཞོན་ནུའི་ཕོ་བྲང་གི་ཀྲུང་དབྱང་གི་རྣམ་གྲངས་༡༠༠ལ་རྒྱབ་སྐྱོར་བྱས་ཡོད་ལ། ཀྲུང་དབྱང་གི་ཆེད་སྤྱོད་མ་དངུལ་ཁྱོན་བསྡོམས་སྒོར་ཁྲི་2875བཏང་ཡོད།
       བོད་རིགས་ས་ཁུལ་གྱི་རྣམ་གྲངས་དེ་དག་སློབ་གྲྭས་སློབ་གསེང་གི་དུས་ཚོད་དང་དུས་ཆེན་སྐབས་སུ་མི་རིགས་རིག་གནས་དང་ས་ཁོངས་རིག་གནས་དང་འབྲེལ་བའི་སྤྱི་ཕན་རང་བཞིན་གྱི་བྱེད་སྒོ་སྤེལ།
    ས་གནས་ཁ་ཤས་ཀྱིས་ད་དུང་ཐང་གའི་འབྲི་བཞེངས་དང་གླུ་གར། ཟློས་གར། དམངས་ཁྲོད་སྒྱུ་རྩལ་སོགས་གྲོང་གསེབ་ཀྱི་སློབ་གྲྭའི་གཞོན་ནུའི་ཕོ་བྲང་ནང་དུ་ནང་འདྲེན་བྱས་ཡོད་པས། དེའི་ནང་དོན་ཐད་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་པ་མ་ཟད། ཕུལ་དུ་བྱུང་བའི་མི་རིགས་རིག་གནས་ཀྱི་རྒྱུད་འཛིན་པ་འབོར་ཆེན་ཁག་ཅིག་ཀྱང་གསོ་སྐྱོང་བྱས་ཡོད། བོད་ཁུལ་གྱི་གྲོང་གསེབ་སློབ་གྲྭའི་གཞོན་ནུའི་ཕོ་བྲང་ལ་ན་ཆུང་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་དང་། ཁོ་ཚོ་ཧུར་ཐག་ངང་དགའ་ཕྱོགས་ཚོ་ཆུང་དང་སློབ་མའི་ཚོགས་པའི་ནང་ཞུགས་ཏེ་བྱེད་སྒོའི་ནང་དུ་སྤྲོ་སྣང་དང་ཡིད་ཆེས་རྙེད་པ་རེད།
    ཀྲུང་དབྱང་གི་རྣམ་གྲངས་ཀྱི་དཔེ་སྟོན་དང་སྣེ་ཁྲིད་འོག ས་གནས་ཁག་གིས་ད་དུང་ནོར་སྲིད་ཀྱི་གཏོང་འཇོག་དང་། དཔལ་ཡོན་སྡེ་ཁག་མཉམ་དུ་འཛུགས་སྐྲུན། སྤྱི་ཚོགས་སྟོབས་ཤུགས་ཀྱི་རོགས་འདེགས་སོགས་ཀྱི་རྣམ་པ་བརྒྱུད་ནས། སློབ་གྲྭའི་གཞོན་ནུའི་ཕོ་བྲང་ཁག་ཅིག་འཛུགས་སྐྲུན་བྱས་པ་དང་། ད་ལྟ་གཞི་རྩའི་ཆ་ནས་བོད་ཁུལ་དུ་མི་གྲངས་300ཡན་གྱི་ཡུལ་ཤོག་གྲོང་རྡལ་ལྟེ་བའི་སློབ་གྲྭ་དག་གིས་གྲོང་གསེབ་ཡུལ་ཚོའི་སློབ་གྲྭའི་གཞོན་ནུའི་ཕོ་བྲང་གི་བྱེད་སྒོ་སྤེལ་ཐུབ་པ་མངོན་འགྱུར་བྱུང་ཡོད།
       དྲིལ་བསྒྲགས་རིག་གནས་མ་ལག་གི་གནད་སྨིན་དབུལ་སྐྱོར་རྣམ་གྲངས་ཀྱི་སྐུལ་ཁྲིད་འོག སི་ཁྲོན་གྱི་རིམ་པ་ཁག་གི་སྲིད་གཞུང་གིས་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་ནས། སི་ཁྲོན་བོད་རིགས་ས་ཁུལ་གྱི་སྤྱི་གཞུང་རིག་གནས་ཞབས་ཞུའི་ཆུ་ཚད་མངོན་གསལ་གྱིས་མཐོ་རུ་བཏང་ཡོད།
     མིག་སྔར། དཀར་མཛེས་ཁུལ་དང་རྔ་བ་ཁུལ་དུ་ཁུལ་དང་རྫོང་རིམ་པའི་རིག་གནས་ཁང་33དང་། ཁུལ་དང་རྫོང་རིམ་པའི་དཔེ་མཛོད་ཁང་32། རྫོང་རིམ་པའི་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལས་གཞིའི་ལྟེ་གནས་18། རྒྱལ་ཁབ་ལ་དབང་བའི་དངོས་མང་བཤམས་སྟོན་ཁང་(དྲན་གསོ་ཁང་།)12། ཡུལ་ཤོག་དང་གྲོང་རྡལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚིགས548། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་གྲོང་ཚོ་གསར་པའི་རིག་གནས་བྱེད་སྒོ་ཁང་1413། གྲོང་གསེབ་དང་དགོན་སྡེའི་དཔེ་དེབ་ཁང་2000ལྷག་བཅས་བཙུགས་ཡོད་ལ། གཞི་རྩའི་ཆ་ནས་རྫོང་རེ་ལ་རིག་གནས་ཁང་དང་དཔེ་མཛོད་ཁང་རེ་དང་། ཡུལ་ཤོག་དང་གྲོང་རྡལ་ལ་ས་ཚིགས་ཡོད་པ། ཡུལ་ཚོ་ལ་བྱེད་སྒོ་ཁང་ཡོད་པ། ཡུལ་ཤོག་དང་དགོན་སྡེར་དཔེ་ཁང་ཡོད་པ་མངོན་འགྱུར་བྱུང་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1