༄༅།། རྒྱུ་ཚད་ནད་ཀྱི་ཟས་སྐོམ་སྤང་བླང་གི་སྐོར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-14


  རྒྱུ་ཚད་ཀྱི་ནད་ཅེས་པ་ནི་ལོང་དང་རྒྱུ་མའི་གནས་ཁག་ཅིག་གམ་ངོས་ཡོངས་སུ་གཉན་ཚད་རྒྱས་ཏེ་ཐུར་དུ་འཁྲུ་བའམ་བཤང་བ་སྐམ་པའི་ནད་རྟགས་འབྱུང་བ་ཞིག་ལ་ཟེར།
འཁྲུ་བའི་ནད་ཀྱི་ཟས་སྤྱོད་སྤང་བླང་།
1.ཕྱེ་ཐུག་དང་ཙོང་། ཚྭ་གསུམ་ཆུ་སྐོལ་ནང་སྡོར་ཅི་ཡང་མིད་པར་བསྐོལ་བ་སྔ་ཉིན་དགོང་གསུམ་དུ་ཉིན་གཉིས་ནས་གསུམ་ཙམ་ལ་བསྟེན་ན་འཁྲུ་བ་མྱུར་དུ་ཆོད་ཐུབ། ཡང་ན་ནད་པའི་དགའ་ཕྱོགས་དང་བསྟུན་ནས་སྲན་ཐུག་ཀྱང་ཟ་བ་དམངས་ཁྲོད་དུ་སྤྱོད་པ་མཐོང་།
2.སྤང་བྱ་ནི་སྒོག་པ་དང་ཤ་མར། འོ་མ། དེ་མིན་ཞོར་ཟས་སྣ་ཚོགས་སྤང་དགོས། ཁྱད་པར་དུ་རྗེན་ཟས་སྤང་དགོས། 
བཤང་བ་སྐམ་པའི་ནད་ཀྱི་ཟས་སྤྱོད་སྤང་བླང་།
  ཟས་རིགས་སྣ་ཚོགས་ལ་ཚོད་འཛིན་མེད་པར་ཁྱད་པར་དུ་སིལ་ཏོག་དང་སྔོ་ཚལ་གྱི་རིགས་མང་དུ་བསྟེན་ན་ཕན་པར་མ་ཟད། ཇ་ཁུར་ལྕུམ་རྩ་དུག་འདོན་བྱས་པ་གདུས་ཏེ་ཉིན་གྱི་སྐོམ་ཆུ་བྱས་ན་བཟང་། ཕག་ཤ་མང་དུ་བསྟེན་ཆོག དྲོད་བཅུད་ཆེ་བའི་ལུག་ཤ་དང་སྐམས་ཤ འོ་མ་སོགས་ཉུང་ངུར་བསྟེན་དགོས། འདིར་ངེས་པར་སྤང་དགོས་པའི་ཟས་སྐོམ་མེད།
རྒྱུ་རྒན་ནད་ཀྱི་ཟས་སྐོམ་སྤང་བླང་གི་སྐོར།
  རྒྱུ་རྒན་གྱི་ནད་ཅེས་པ་ནི་ནད་པར་རྒྱུ་རྐྱེན་གང་རུང་ལ་གཞིགས་ནས་ཁོག་པ་ཟླ་གཉིས་ཡན་དང་ལོ་གཅིགཡང་ན་ལོ་གཉིས་ཡན་ལ་འཁྲུ་བར་ཟེར། རྒན་ཅེས་པ་ནི་ལོ་ཟླ་ཡུན་རིང་ལོན་པ་ཡིན་པས་དུས་ཡུན་ལ་བརྟེན་ནས་ནད་མིང་དུ་བཏགས་པ་ཞིག་ཡིན། ཐོག་མར་བཤལ་བའི་རྒྱུ་བཙལ་དགོས་ཏེ་དང་པོ་ཟས་སྐོམ་ཅི་ཟས་མྱག་བཞུ་དྭངས་སྙིགས་ལེགས་པར་མ་ཕྱེས་པར་མ་ཞུ་བའི་སྒོ་ནས་དུས་ཡུན་རིང་པོར་འཁྲུ་བ་དང་། གཉིས་པ་མཁྲིས་ཚད་ཀྱི་སྒོ་ནས་ཡུན་རིང་འཁྲུ་བ། གསུམ་པ་རྒྱུ་མ་རང་གི་གནས་ཀྱི་དྲོད་ཤོར་ཏེ་ཤ་ལུ་སོགས་སྐྱེས་པར་རྐྱེན་བྱས་ནས་ཁོག་པ་ཡུན་རིང་དུ་འཁྲུ་བ་ཡོད།
ཟས་མ་ཞུ་བར་རྒྱུ་རྒན་ནད་དུ་གྱུར་བ།
  ནངས་ཇར་ཤ་ཁུ་དང་བཙོང་ཉུང་ཙམ་གདུས་ཏེ་དེར་རྩམ་པ་བཏབ་སྟེ་གདུས་པ་བསྟེན། ཉིན་གུང་སྣུམ་ནག་ཏུ་སྔོ་ཚོད་གང་རུང་བརྔོས་པ་བསྟེན། དགོང་མོར་ལུག་ཤ་དང་སྐམས་ཤ་གང་རུང་ཞིབ་པར་གཙབས་ཏེ་ཀྲོ་མ་ཀྲུ་དང་སྔོ་ཚོད་གང་རུང་། ཙོང་བཅས་དང་ཕྱེ་ཐུག་ཆུ་སྐོལ་ནང་བཏབ་པ་ཕན་ལ་སྐོམ་དུ་ཕྱུར་ཁུ་ལེགས།
  སྤང་བྱ་ནི་འཁྱགས་ཟས་གང་རུང་དང་ཕག་ཤ འབྲི་འོ། སུར་པན། བཅུད་ཧ་ཅང་ཆེ་བའི་ཟས་བཅས་སྤང་དགོས།
མཁྲིས་ཚད་ཀྱིས་བཤལ་བ།
  ནངས་ཇར་མར་ཕྱུར་རྩམ་པ་བརྫིས་ཏེ་བསྟེན་ན་ཕནཔ་དང་འདིར་བསྟེན་པའི་མར་ནི་གསར་པ་དང་མར་དཀར་ཡིན་དགོས། ཉིན་གུང་སྣུམ་ནག་ཉུང་ངུར་སྔོ་ཚོད་སྣ་ཚོགས་བརྔོས་ཏེ་བསྟེན། དགོང་མོར་ལུག་ཤ་སོགས་སྡོར་ཉུང་ངུའི་ནང་སྔོ་ཚོད་དང་ཕྱེ་ཐུག་བཏབ་སྟེ་བསྟེན་ཕན། 
  སྤང་བྱ་ནི་ཤ་བཙོས་པ་ཉུང་དུ་བསྟེན་དགོས་པ་དང་བྱ་སྒོང་སྤང་རྒྱུ།མདོར་ན་སྣུམ་ཉུང་དུ་བསྟེན།
རྒྱུ་མའི་དྲོད་ཤོར་ཏེ་ཤ་ལུ་སོགས་སྐྱེས་པར་རྐྱེན་བྱས་ནས་བཤལ་བ།
  ནངས་ཇར་དཀར་ཚོད་(ཡུང་མ།ཤ་ཙོང་གསུམ་དཀར་ཡོལ་ནང་ཤོངས་ཚོད་ཅིག་ཆུ་དང་མཉམ་དུ་ཁོན་དུ་རླངས་བཙོས་བྱས་པ།)བསྟེན་ན་བཟང་། ཉིན་གུང་སྣུམ་ནག་ནང་ཚོད་མ་གང་རུང་བརྔོས་པ་བསྟེན་ཆོག
  དགོང་མོར་ཤ་ཁུར་དྲོད་ཆེ་བའི་ནང་སྔོ་ཚོད་དང་ཕྱེ་ཐུག་བཏབ་སྟེ་འཐུང་ན་བཟང་། སྐོམ་དུ་ཆུ་སྐོལ་ཚ་མོ་མང་དུ་བཏུང་དགོས། མདོར་ན་མེ་དྲོད་གསོ་དགོས་པ་དང་དྲོད་འགུག་བྱ་དགོས། ནད་འདིར་འཁྱགས་ཟས་གང་རུང་དང་བཅུད་མེད་ཟས་སྤང་དགོས།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1